ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༥ ཉིན་བོད་ཀྱི་རྒྱལ་ས་ལྷ་ནས་འཛིན་བཟུང་བཙན་འཁྲིད་ཀྱིས་ད་བར་གར་སོང་ཆ་མེད་དུ་སོང་བའི་དགེ་འདུན་པ་དར་རྒྱས་ལགས་དང་འབྲེལ་བའི་གནས་ཚུལ་གསར་དུ་ཐོན་པ་ལྟར་ན། རྒྱ་ནག་གི་ཁྲིམས་ཁང་ནས་ཁོང་གིས་༸གོང་ས་མཆོག་ལ་སྐྱབས་རྟེན་དང་བསྔོ་རྟེན་སོགས་ཕུལ་བ་མ་ཟད། བོད་པའི་དགེ་འདུན་པ་ཁག་གཅིག་བོད་ནས་བྲོས་བྱོལ་སླད་རོགས་བྱས་པའི་ནག་ཉེས་འོག་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད་འདུག

རྩ་བའི་རང་ལོ་ ༦༣ ཡིན་པའི་དར་རྒྱས་ལགས་ནི་བོད་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟ་ཁུལ་ནས་ཡིན་པ་དང་། ཁོང་ནི་སེ་ར་དགོན་གྱི་ཕུལ་བྱུང་དགེ་འདུན་པ་ཞིག་ཡིན་པ་མ་ཟད། འཛིན་བཟུང་བྱེད་པའི་སྐབས་ཁོང་ལྷ་སར་གནས་སྡོད་གནང་གི་ཡོད་འདུག ཁོང་ནི་བོད་ཀྱི་གནས་ཆེན་ཁག་ལ་གནས་སྐོར་དང་། བླ་ཆེན་མང་པོའི་དྲུང་ནས་གསུང་ཆོས་ཞུས་མྱོང་བའི་དགེ་འདུན་པ་ཞིག་ཡིན་ཞིང་། བོད་ཀྱི་རྒྱལ་ས་ལྷ་སར་གཟུངས་བཞུགས་མཁོ་སྒྲུབ་གནང་སའི་ཚོང་ཁང་ཞིག་གི་ཚོང་བདག་ཡིན་པ་རེད། རྒྱ་ནག་གི་ཉེན་རྟོག་པས་ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༥ ཉིན་གྲྭ་དར་རྒྱས་ལགས་དང་ལྷན་དུ་ཕྱག་རོགས་སྤུན་མཆེད་ཚེ་རིང་ལགས་དང་བཙུན་མ་ཆོས་སྐྱིད་ལགས་གཉིས་འཛིན་བཟུང་བྱས་འདུག་པ་དང་། ཟླ་ཤས་བཀག་ཉར་རྗེས་ཕྱག་རོགས་སྤུན་མཆེད་གཉིས་གློད་བཀྲོལ་བཏང་ཡོད་ཀྱང་། གྲྭ་དར་རྒྱས་ལགས་རྒྱུ་མཚན་ཇི་ཡིན་གསལ་ཁ་མེད་པར་མུ་མཐུད་བཙོན་འཇུག་གིས་དུས་དེ་ནས་བཟུང་གཞུང་ཕྱོགས་ནས་ནང་མི་ཉེ་འབྲེལ་རྣམས་ལ་ཁོང་ཅིའི་ཕྱིར་འཛིན་བཟུང་བྱས་མིན་སོགས་ཀྱི་འགྲེལ་བཤད་གང་ཡང་བྱས་མེད་པ་མ་ཟད། ཁོང་དང་ལྷན་དུ་ཐུག་འཕྲད་ཀྱང་བྱས་བཅུག་མེད་པ་རེད།
ཁ་སང་བོད་གནས་ལྷ་ཞིབ་ཁང་གིས་དེ་གའི་དྲྭ་གནས་ཐོག་གསར་དུ་གནས་ཚུལ་སྤེལ་བར་གཞིགས་ན། དགེ་འདུན་པ་དར་རྒྱས་ལགས་སུ་༸གོང་ས་མཆོག་ལ་བསྔོ་རྟེན་དང་སྐྱབས་རྟེན་ཕུལ་བ་དང་། ཁོང་གིས་བོད་ཀྱི་དགེ་འདུན་པ་ཁ་ཤས་ཤིག་བོད་ནས་ཕྱིར་ཐོན་པར་རོགས་རམ་བྱས་ཡོད་པའི་ཉེས་འཛུགས་འོག་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཆད་བཏང་ཡོད་པ་དང་། བྱ་སྤྱོད་འདི་དག་ནི་རྒྱ་ནག་རང་ཉིད་ཀྱི་ཁྲིམས་ལུགས་དང་འགལ་བཞིན་ཡོད་སྐོར་བརྗོད་འདུག དེའང་རྒྱ་ནག་གི་ཉེས་དོན་གཏུགས་བཤེར་གྱི་ཁྲིམས་ལུགས་ཀྱི་དོན་ཚན་ ༧༡ པའི་ནང་དུ། མི་སུ་ཞིག་འཛིན་བཟུང་བྱེད་སྐབས་སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་བཀའ་རྒྱ་ཞིག་སྟོན་དགོས་ཞེས་དང་། སྤྱི་བདེ་ལས་ཁུངས་ཀྱིས་མི་ཞིག་འཛིན་བཟུང་བྱས་རྗེས་ཆུ་ཚོད་ ༢༤ ནང་ཚུན་དུ་དོ་དག་གི་ནང་མི་དང་ཡང་ན་ཡོང་ཁུངས་སོགས་ལ་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་དང་བཀག་ཉར་བྱེད་སའི་ས་གནས་བརྡ་ཁྱབ་བྱེད་དགོས་ཞེས་གསལ་ཡོད་པ་གསལ་སྟོན་གནང་འདུག
བོད་གནས་ལྟ་ཞིབ་ཁང་གིས་ད་དུང་གྲྭ་དར་རྒྱས་ལགས་ལྟ་བུ་མཚོན་ན་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་གིས་ལོ་ལྔ་སོང་བའི་རྗེས་མ་གཏོགས་ཁོང་དང་འབྲེལ་བའི་གནས་ཚུལ་ད་བར་ཤེས་རྟོགས་མེད་པ་གྱུར་ཡོད་པ་དང་། ཁོང་གི་གནད་དོན་དེ་ནི་བོད་མི་སྒེར་གཅིག་གི་གནད་དོན་མིན་པར། ཁྲིམས་ཀྱི་བརྒྱུད་རིམ་དང་དྲང་བདེན་མེད་པར་གསང་བའི་སྒོ་ནས་འཛིན་བཟུང་དང་། བཀག་ཉར། ཁྲིམས་ཐག་གཅོད་པའི་བོད་མི་རྒྱ་ཆེ་བའི་དོན་དངོས་ཀྱི་གནད་དོན་མཚོན་གྱི་ཡོད་སྐོར་གསུངས་འདུག
དེ་འབྲེལ་ཚོགས་པ་དེའི་ངོས་ནས་རྒྱ་ནག་གཞུང་གིས་དེ་སྔ་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༥ པའི་ནང་དཀར་མཛེས་རྫོང་འབྲུང་རྔ་གྲོང་གི་དཀར་མཛེས་དགོན་པའི་དགེ་རྒན་དཔལ་ལྡན་ཡེ་ཤེས་ལགས་སུ་རྒྱུ་མཚན་གང་ཡང་མ་བཤད་པར་མི་ལོ་དྲུག་གི་ཁྲིམས་ཐག་བཅད་ཡོད་པ་གསལ་སྟོན་གནང་ཐོག ཁོང་གི་ནང་མི་ཚོས་ཕྱི་ལོ་ ༢༠༢༦ ཟླ་ ༡ ནང་མ་གཏོགས་ཁོང་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་དེ་ལྷ་སའི་ཆུ་ཤུར་ (Qushui) བཙོན་ཁང་དུ་བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་མེད་པ་མ་ཟད། དེ་ནི་རྒྱ་ནག་གི་དབང་འཛིན་པ་ཚོས་ནང་མི་རྣམས་ལ་འཛིན་བཟུང་དང་བཙོན་འཇུག་སྐབས་ཀྱི་འགྲོ་གྲོན་སྤྲོད་དགོས་པའི་བརྡ་ལན་སྤྲོད་སྐབས་མ་གཏོགས་ཁོ་པར་བཙོན་འཇུག་བྱས་ཡོད་པ་ཤེས་རྟོགས་བྱུང་མེད་པ་དང་། ཁོང་འཛིན་བཟུང་བྱས་པའི་རྒྱུ་མཚན་དེ་ཡང་ཁོང་གིས་དབྱར་ཁ་དང་དགུན་ཁའི་གུང་གསེང་སྐབས་བོད་ཕྲུག་ཚོར་བོད་ཡིག་སློབ་ཁྲིད་བྱེད་པ་དང་འབྲེལ་བ་ཡོད་སྲིད་པ་རེད་ཅེས་གསུངས་འདུག

མ་ཟད། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཟེར་བའི་ཆུ་དམར་ལེབ་རྫོང་ནས་ཡིན་པའི་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་བློ་བཟང་ལུང་རིགས་ལགས་ནི་ཕྱི་ལོ་ ༢༠༢༤ ལོར་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་པ་དང་། ཁོང་བཙོན་འཇུག་བྱས་པ་དེ་ནི་སྔ་ལོ་ཁོ་ནར་ཤེས་རྟོགས་བྱུང་བ་དང་། ཁོང་བཙོན་ཁང་གང་དུ་ཡོད་མེད་དང་། གཟུགས་གཞིའི་གནས་སྟངས་ཇི་འདྲ་ཡོད་པ་སོགས་གང་ཡང་ཤེས་རྟོགས་མེད་པར་གར་སོང་ཆ་མེད་དུ་གྱུར་ཅིང་། བློ་བཟང་ལུང་རིགས་ལགས་བཀག་ཉར་བྱས་པ་དེ་ཁོང་གིས་རྒྱ་གར་ནས་ཕྱིར་ལོག་གིས་དེ་གར་སློབ་གཉེར་གནང་མཁན་གྱི་དགེ་བཤེས་ཞིག་ལ་རོགས་རམ་གནང་བའི་ཉེས་འཛུགས་དང་འབྲེལ་བ་ཡོད་སྲིད་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་འཁོད་འདུག གཞན་ཡང་། ཕྱི་ལོ་ ༢༠༢༥ ལོའི་ཕྱི་ཟླ་ ༡༢ ཚེས་ ༤ ཉིན་སྨིན་ཐང་དགོན་འོད་གསལ་ཐེག་མཆོག་གླིང་གི་དགོན་བདག་རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་གཙོ་མཆོག་སྤྲུལ་རྡོ་རྗེ་བརྟན་རྒྱ་ནག་གཞུང་གིས་བཙན་གྱིས་འཛིན་བཟུང་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་ཡོད་པ་མ་ཟད། ཁོང་འཛིན་བཟུང་བྱས་པའི་རྐྱེན་གྱིས་སློབ་གྲྭ་དེའི་སློབ་ཁྲིད་དང་ལས་དོན་རྣམས་མུ་མཐུད་གཉེར་མ་ཐུབ་པར་ལུས་ཡོད་པ་གསལ་སྟོན་གནང་འདུག
གཞན་ཡང་ཧོར་གཙང་ཀིརྟིའི་དགོན་གྱི་ཁྲི་ཚབ་དང་དཔེ་ཁྲིད་དགེ་རྒན་དགེ་བཤེས་ལྷ་རམས་པ་དཀོན་མཆོག་ཆོས་གྲགས་ལགས་ཕྱི་ལོ་ ༢༠༢༤ ཟླ་ ༡༢ ནང་བསང་ཆུ་རྫོང་ཉེན་རྟོག་པས་མཚན་འགེབས་ཀྱིས་བཙན་ཁྲིད་བྱས་ཤིང་། ད་ལྟ་ཁོང་གང་དུ་བཀག་ཉར་བྱས་ཡོད་མེད་ཀྱི་གནས་སྟངས་སོགས་ཅི་ཡང་ཤེས་རྟོགས་མེད་པར་གར་སོང་ཆ་མེད་དུ་གྱུར་ཡོད་པ་མངོན་གསལ་དང་འབྲེལ། དགེ་བཤེས་དཀོན་མཆོག་ལགས་ནི་ཀིརྟི་དགོན་པའི་ནང་བསྟན་སློབ་གསོ་སྤྱི་ཁྱབ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཚོགས་མི་ཞིག་ཡིན་པ་དང་། ཨུ་ཡོན་ལྷན་ཁང་དེས་སྤྱིར་བཏང་ཀིརྟི་དགོན་པའི་ཡན་ལག་བཞིའི་ཤེས་ཡོན་སློབ་གསོའི་ལས་རིམ་དང་ལམ་ལུགས་ཁག་གོ་སྒྲིག་བྱེད་ཀྱི་ཡོད་ཀྱང་། ༢༠༢༥ ལོའི་ཟླ་ ༧ པའི་ནང་། རྒྱ་ནག་གཞུང་གིས་ཨུ་ཡོན་ལྷན་ཁང་དེ་རྒྱ་གར་དུ་བཞུགས་པའི་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་སྒོ་བརྒྱབ་བཅུག་པ་དང་། བདུན་ཕྲག་སྔོན་མའི་ནང་རྒྱ་ནག་གི་ཉེན་རྟོག་པས་བོད་རིགས་གྲྭ་པ་གཞོན་སྐྱེས་ཤིག་ལ་མནར་གཅོད་ཚད་མེད་བཏང་བའི་རྐྱེན་གྱིས་བཙོན་ཁང་དུ་གྲོངས་ཡོད་པ་དང་། ཁོང་གི་ཕུང་པོ་དགོན་པར་རྩིས་སྤྲོད་མ་བྱས་གོང་། གྲྭ་པ་གཞན་ཚོར་ཁོང་གྲོངས་བའི་སྐོར་གྱི་གནས་ཚུལ་ཕྱིར་བསྒྲགས་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་ཡང་གསལ་སྟོན་གནང་འདུག
བོད་གནས་ལྟ་ཞིབ་ཁང་གིས་ཐེངས་འདིའི་སྙན་ཐོ་བརྒྱུད་རྒྱ་ནག་གིས་ད་བར་བོད་ནང་ཕྱོགས་ཡོངས་ནས་བོད་རྒྱ་ནག་ཅན་དུ་བསྒྱུར་བའི་ལས་འགུལ་ཆེ་ཤོས་དེ་སྤེལ་བཞིན་ཡོད་པ་དང་། འདི་ནི་བོད་ཀྱི་ཆབ་སྲིད་སྟངས་འཛིན་ཁོ་ན་ཙམ་མ་ཡིན་པར། སྲིད་འཛིན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་སྲིད་ཇུས་འོག་བོད་རྒྱ་ནག་ཅན་དུ་སྒྱུར་བ་དང་རྒྱ་ཡིག་གཙོ་བོར་སྦྱོང་སའི་གཞུང་གཉེར་གཏན་འཇགས་སློབ་གྲྭ་བརྒྱུད། བོད་ཀྱི་རིག་གནས་དང་ཆོས་ལུགས་ཀྱི་ངོ་བོའི་རྨང་གཞིར་བརྒྱུད་རིམ་ལྡན་པའི་སྒོ་ནས་དམིགས་འབེན་འཛིན་བཞིན་ཡོད་པ་དང་། སྙན་ཐོ་འདིའི་ནང་བཀོད་པའི་འཛིན་བཟུང་དང་གར་སོང་ཆ་མེད་ཀྱི་གནས་ཚུལ་དག་གིས། བོད་ཀྱི་དགོན་སྡེ་ཁག་དང་༸གོང་ས་མཆོག་དབར་གྱི་འབྲེལ་ལམ་གཅོད་ཐབས་དང་། མ་འོངས་པའི་༸སྐུའི་ཡང་སྲིད་རྩད་གཅོད་ཀྱི་བརྒྱུད་རིམ་ལ་སྟངས་འཛིན་བྱེད་པའི་རྒྱ་ནག་གི་བྱུས་ངན་དེ་མཚོན་གྱི་ཡོད་པ་གསལ་སྟོན་གནང་འདུག



