Tibetan Royal Year of 2151 | Year of the Wood Dragon

བོད་དང་ཧོང་ཀོང་གི་གནད་དོན་ལས་དཔེ་བླངས་ནས་རྒྱ་ནག་གིས་ཞི་བའི་གྲོས་མཐུན་ལག་བསྟར་བྱེད་ཀྱི་མ་རེད། 

Tibetan News Headlines

  • Young Minds: Carrying forward Dalai Lama’s legacy

རེས་གཟའ་ཉི་མ། ༢༠༢༤།༠༧།༠༧

  •  
    • ༸གོང་ས་མཆོག་གི་མཛད་རྗེས་རྒྱུན་གནས་ཐད་གཞོན་སྐྱེས་ཚོས་ལས་འགན།

ཕྱི་ལོ་ ༢༠༢༤ ཟླ་ ༡ ནང་ཐེ་ཝན་སྲིད་འཛིན་གྱི་འོས་བསྡུ་ལས་རིམ་གནང་ལ་ཉེ་བ་དང་བསྟུན། ཁུལ་དེའི་མང་གཙོ་ཚོགས་པའི་འོས་མི་སྲིད་འཛིན་གཞོན་པ་ལས་ཐོག་སྐུ་ཞབས་ Lai Ching-te ལགས་ཀྱིས་བོད་དང་ཧོང་ཀོང་གི་གནད་དོན་ལ་གཞིགས་ཏེ་ཐེ་ཝན་ནས་རྒྱ་ནག་དང་ལྷན་དུ་ཞི་བའི་གྲོས་མཐུན་གནང་ཚེ་རྒྱ་ནག་གིས་དེར་ལག་བསྟར་ཚུལ་བཞིན་བྱེད་ཀྱི་མ་རེད་ཅེས་གསུངས་འདུག

ཐེ་ཝན་གཞུང་འཛིན་མང་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མི་ སྲིད་འཛིན་གཞོན་པ་ལས་ཐོག་སྐུ་ཞབས་ Lai Ching-te ལགས་སྲིད་འཛིན་འོས་བསྡུ་ཆེད་སྐོར་སྐྱོད་གནང་བཞིན་ཡོད་པའི་ཁྲོད་འདིར་ཁ་སྔོན་ཕྱི་ཚེས་ ༡༠ ཉིན་ཐེ་ཝན་གྱི་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་ Kaohsiung གྲོང་ཁྱེར་ནང་གཏམ་བཤད་སྤེལ་སྐབས་སྲིད་འཛིན་གྱི་འོས་མི་གཞན་ Terry Gou ནས་རྒྱ་ནག་དང་ལྷན་ཞི་བའི་གྲོས་མཐུན་འཇོག་དགོས་ཞེས་པའི་གནད་དོན་དང་འབྲེལ་ཏེ་སྐུ་ཞབས་ Lai Ching-te ལགས་ཀྱིས་བོད་དང་ཧོང་གི་གནད་དོན་ལ་གཞིགས་ནས་རྒྱ་ནག་དང་མཉམ་དུ་ཞི་བའི་གྲོས་མཐུན་འཇོག་ཞེས་པར་མཐའ་གཅིག་ཏུ་ངོ་ལེན་མེད་ཅེས་གསུངས་པ་མ་ཟད། གལ་ཏེ་རྒྱ་ནག་གི་ཞི་བའི་གྲོས་མཐུན་དེ་ནུས་པ་དང་ལྡན་པ་ཞིག་ཡིན་ན། བོད་ལ་དཀའ་ངལ་དེ་དག་འཕྲད་དགོས་དོན་མེད་ཅེས་གསུངས་འདུག

རྩ་བའི་ཕྱི་ལོ་ ༡༩༥༡ ལོའི་ཟླ་ ༥ ཚེས་ ༢༣ ཉིན་རྒྱ་གཞུང་གི་བཙན་གནོན་འོག་བོད་མི་ཚོས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་མིང་རྟགས་བཀོད་དགོས་བྱུང་ཡོད་པ་དང་། དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་འགྲོ་སྟངས་ཐོག་ནས་ཁྲིམས་འགལ་གྱི་བྱེད་སྟངས་ཤིག་ཆགས་ཡོད་པ་དང་། མཐར་རྒྱ་ནག་གཞུང་གིས་རང་ཉིད་ཀྱི་གྲོས་མཐུན་ཁག་ལ་བརྩི་མེད་ཐོག་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་ལ་དྲག་པོས་བཙན་འཛུལ་བྱས་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༡༩༩༧ ཟླ་ ༧ ཚེས་ ༡ ཉིན་དབྱིན་གཞུང་ནས་ཧོང་ཀོང་འདི་ཉིད་ལོ་བརྒྱ་འཁོར་རྗེས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྒྲོམ་གཞི་འོག་མི་ལོ་ ༥༠ རིང་རང་དབང་ཅན་གྱི་ཁྲིམས་ཀྱི་དབང་བསྒྱུར་ལྡན་པར་གནས་དགོས་པའི་ཆ་རྐྱེན་ཐོག་ནས་རྒྱ་གཞུང་ལ་རྩིས་སྤྲོད་བྱས་ཡོད་པ་དེ་ལྟར་ཡང་། ཉེ་སྔོན་ཕྱི་ལོ་ ༢༠༢༠ ལོར་ཁུལ་དེར་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་གྱིས་མང་གཙོ་དོན་གཉེར་ཅན་རྣམས་ལ་དམ་བསྒྲགས་ཤུགས་ཆེར་བྱས་དང་བྱེད་བཞིན་ཡོད་པར་འཛམ་གླིང་མང་གཙོ་རྒྱལ་ཁབ་མང་པོས་སྐྱོན་བརྗོད་ནན་པོ་གནང་ཡོད་པ་རེད།

སྐབས་དེར་སྐུ་ཞབས་ Lai Ching-te ལགས་ཀྱིས་མང་གཙོའི་གལ་གནད་ཐོག་བཀའ་མོལ་གནང་བའི་ཁྲོད། ཁོང་གིས་མི་སྡེ་ཁག་ཅིག་གིས་མང་གཙོ་ཟེར་བ་དེ་བསམ་བློའི་འཛིན་སྟངས་ཤིག་ཡིན་པ་ལས་མི་མང་ལ་དགོས་མཁོའི་རིགས་སྦྱིན་ཐུབ་ཀྱི་མ་རེད་ཅེས་བཤད་ཀྱི་ཡོད་པ་དེ་ལྟར་ནའང་། མང་གཙོ་མེད་ན་ཐེ་ཝན་ནང་ད་ལྟ་ང་ཚོས་སྤྱོད་བཞིན་ཡོད་པའི་རང་དབང་དེ་མེད་པ་རེད་ཅེས་ནན་བརྗོད་གནང་སྟེ། མི་མང་གི་ངོས་ནས་ཁུལ་དེར་མང་གཙོའི་ལམ་ལུགས་མུ་མཐུད་གནས་དགོས་མིན་ལ་བསམ་བློ་གཏོང་དགོས་པའི་འབོད་སྐུལ་དང་སྦྲགས། ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༣ ཉིན་གྱི་སྲིད་འཛིན་འོས་བསྡུ་དེ་ཆབ་སྲིད་ཀྱི་ཐོག་ནས་སྐྱོག་མཚམས་གལ་ཆེན་ཞིག་ཆགས་ཀྱི་ཡོད་ཅེས་གསུངས་འདུག

གཞི་རྩའི་ཕྱི་ལོ་ ༢༠༢༤ ལོའི་ཐེ་ཝན་སྲིད་འཛིན་གྱི་འོས་མི་བཞི་ཡོད་པ་དང་། དེ་དག་ནི་ཐེ་ཝན་མང་གཙོ་ཚོགས་པའི་སྲིད་འཛིན་གཞོན་པ་ལས་ཐོག་སྐུ་ཞབས་ Lai Ching-te ལགས་དང་། གོ་མིན་ཏང་ཆབ་སྲིད་ཚོགས་པའི་འོས་མི་ Hou Yu-ih ལགས། དེ་བཞིན་ཐེ་ཝན་མི་མང་ཆབ་སྲིད་ཚོགས་པའི་འོས་མི་ Ko Wen-je ལགས། གོ་མིན་ཏང་ཆབ་སྲིད་ཚོགས་པ་ནས་ཡིན་པ་རང་དབང་ཐོག་སྲིད་འཛིན་གྱི་འོས་མིར་བཞེངས་མཁན་ Terry Gou ལགས་བཅས་ཆགས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།