Tibetan Royal Year of 2151 | Year of the Wood Dragon

བོད་ནང་གི་བཅའ་སྡོད་སློབ་གྲྭ་སྒོ་བརྒྱབ་ནས་བོད་ཕྲུག་རྣམས་སྲུང་སྐྱོབ་དགོས་པའི་འབོད་སྐུལ། 

Tibetan News Headlines

  • India declines China’s request to resume flights after 4 years, says ‘no flights without border peace’
  • Tibetan parliament appoints Passang Tsering as member of the Public Service Commission
  • China named amongst countries with policy or pattern of government-sponsored trafficking
  • Alalamo: Jhola Techung’s ‘Gratitude Song to India’ and Toeshey ‘Dhakpa’

རེས་གཟའ་མིག་དམར། ༢༠༢༤།༠༦།༢༥

  • ས་མཚམས་སུ་ཞི་བདེ་སླར་གསོ་མ་བྱུང་བར་ཕྱོགས་གཉིས་ཀྱི་གནམ་གྲུའི་འགྲུལ་བཞུད་གཙོས་རྒྱུན་ལྡན་གྱི་འབྲེལ་ལམ་བསྐྱར་གསོ་ཐུབ་ཐབས་མེད་པ་གསུངས་འདུག
  • པ་སངས་ཚེ་རིང་ལགས་ལས་བྱེད་འདེམས་ལྷན་གྱི་ཚོགས་མིར་བསྐོ་གཞག
  • རྒྱ་ནག་ནང་དུ་སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པའི་མི་ཚོང་ལས་དོན་བྱུང་བཞིན་པ་མངོན་གསལ་གནང་འདུག
  • ཨ་ལ་ལ་མོའི་ལེ་ཚན། ཇོ་ལགས་བཀྲས་ཆུང་ལགས་ཀྱིས་བླངས་པའི་དྲིན་ཆེན་རྒྱ་གར་དང་། དག་པ་ཤེལ་རི་དཀར་པོ།

ཨིན་ཡུལ་གྱི་ Parliament Square ཞེས་གྲོས་ཚོགས་ཀྱི་ས་ཚིགས་མདུན་ཐང་དུ་བོད་ཀྱི་སྐད་ཡིག་ངོ་སྤྲོད་ཀྱི་ལས་འགུལ་ཞིག་སྤེལ་ཏེ་རྒྱ་གཞུང་གིས་བོད་ནང་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭ་ཁག་སྒོ་བརྒྱབ་ནས་བོད་ཕྲུག་རྣམས་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུས་འདུག

འདི་ལོ་ ༢༠༢༣ ལོའི་ G20 Summit ཞེས་པའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་ཐམ་པའི་ལྷན་ཚོགས་ཐེངས་ ༡༨ རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཟླ་ ༩ ཚེས་ ༩ ནས་ ༡༠ བཅས་ཉིན་གྲངས་གཉིས་རིང་འཚོགས་གཏན་འཁེལ་ཡོད་པ་ལྟར། ཁ་སང་ཨིན་ཡུལ་བོད་རིགས་ཚོགས་པ་དང་ Free Tibet འམ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཟུང་སྦྲེལ་ཐོག་ཁུལ་དེར་རྟེན་གཞི་བྱས་པའི་གྲོས་ཚོགས་མདུན་ཐང་དང་དེ་རྗེས་ཁུལ་དེའི་ནང་གྲགས་ཆེ་བའི་ས་ཚིགས་ Trafalgar Square གཉིས་སུ་བོད་ནང་གི་བཅའ་སྡོད་སློབ་གྲྭ་ཁག་འཕྲལ་མར་སྒོ་རྒྱག་དགོས་པའི་དགོས་འདུན་དང་འབྲེལ་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཅེས་པའི་ལས་འགུལ་ཞིག་གོ་སྒྲིག་གནང་སྟེ། ས་ཚིགས་དེར་ཕར་འགྲོ་ཚུར་འོང་གནང་མཁན་མང་ཚོགས་རྣམས་ལ་ནག་པང་སྟེང་རང་ཉིད་ཀྱི་མཚན་བོད་ཡིག་ཐོག་ཇི་ལྟར་འབྲི་ཚུལ་སློབ་ཁྲིད་གནང་བའི་ཐོག་ནས་བོད་ཀྱི་ཐུན་མིན་སྐད་ཡིག་དང་རིག་གཞུང་བཅས་པ་ངོ་སྤྲོད་གནང་བ་དང་ཆབས་ཅིག ཨིན་ཡུལ་གྱི་སྲིད་བློན་སྐུ་ཞབས་ Rishi Sunak མཆོག་ལ་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཐོག་ངེས་པར་དུ་བོད་ཀྱི་གནད་དོན་གླེང་དགོས་པའི་ཞུ་སྐུལ་གནང་འདུག

ལས་འགུལ་ནང་ཁུལ་དེའི་ས་གནས་མང་ཚོགས་ཁག་ཅིག་གིས་མཉམ་ཞུགས་གནང་སྟེ་བོད་དོན་ལ་ཐུགས་སྣང་ཆེན་པོ་གནང་ཡོད་པ་དང་དེ་བཞིན་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ TimLoughton ལགས་དང་ཚོགས་གཞོན་བཅས་རྣམ་གཉིས་མཉམ་ཞུགས་གནང་སྟེ་བོད་མིར་རྒྱབ་སྐྱོར་གྱི་རྣམ་པ་མངོན་གསལ་གནང་འདུག

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚོགས་ཉེ་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་དང་བསྟུན། Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པས་ G20 Protect Tibet’s Children ཞེས་སྟོབས་ཆེན་རྒྱལ་ཁབ་ཁག་ནས་བོད་ནང་གི་བོད་ཕྲུག་སྲུང་སྐྱོབ་སླད་དྲྭ་ཐོག་གི་ལས་འགུལ་ཞིག་དབུ་འཛུགས་གནང་བ་དང་ཁོང་རྣམས་ཀྱིས་ G20 འགོ་ཁྲིད་ཚོར་རྒྱ་གཞུང་གིས་བཅའ་སྡོད་སློབ་གྲྭ་བརྒྱུད་བོད་ཕྲུག་ཚོར་དམིགས་འབེན་གྱིས་བོད་མིའི་ངོ་བོ་རྩ་མེད་བཟོ་བཞིན་པར་བློ་འཚབ་ཀྱི་རྣམ་པ་མངོན་གསལ་གྱིས་སློབ་གྲྭ་དེ་དག་སྒོ་རྒྱག་ཐུབ་པར་ཟུང་སྦྲེལ་གྱི་ལས་འགུལ་སྤེལ་དགོས་པའི་རེ་སྐུལ་གནང་ཡོད།

སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་དབུ་ཁྲིད་ཚོར་དབུལ་རྒྱུའི་དྲྭ་ཐོག་ཞུ་ཡིག་ནང་གསལ་རྒྱ་ནག་གཞུང་གིས་བོད་ནང་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭ་མང་དག་ཅིག་ཆེད་འཛུགས་བརྒྱུད་དེ་དག་ནང་བོད་ཕྲུག་བྱིས་པ་ལོ་ན་ ༤ ནས་ ༡༨ བར་ཁྱོན་ས་ཡ་གཅིག་ལྷག་རང་ཉིད་ཀྱི་ཕ་མ་དང་ཁ་བྲལ་བཏང་སྟེ་བོད་ཀྱི་ཆོས་རིག་དང་སྐད་ཡིག་སོགས་རྒྱ་ནག་ཅན་དུ་བསྒྱུར་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དང་དུས་མཉམ་བོད་ཀྱི་གྲོང་གསེབ་ཁག་གི་བོད་པའི་སློབ་གྲྭ་ཁག་སྒོ་བརྒྱབ་པ་དང་ཡང་ན་གཏོར་བཤིག་བཏང་བར་བློ་འཚབ་ཀྱི་རྣམ་པ་མངོན་གསལ་དང་སྦྲགས་རྒྱ་གཞུང་གིས་བོད་མིའི་སྤྱི་ཚོགས་དང་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་འཆར་གཞི་ཡིན་པར་སྐྱོན་བརྗོད་གནང་འདུག

ལྷག་དོན་ཞུ་ཡིག་དེའི་ནང་རྒྱ་གཞུང་གིས་བཅའ་སྡོད་སློབ་གྲྭ་ལ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་མཐོང་ཐོས་མྱོང་གསུམ་ཡོད་མཁན་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་གཞུང་ནས་བོད་ནང་གི་བོད་ཕྲུག་རྣམས་རང་གི་ཕ་མ་གཙོས་ནང་མི་རྣམས་དང་ཁ་བྲལ་བཏང་བའི་བྱེད་བབ་དེས་བོད་ཕྲུག་རྣམས་བཙན་དབང་གིས་རང་མི་རིགས་ཀྱི་ཐུན་མིན་ཆོས་རིག་དང་སྐད་ཡིག་བཅས་པར་ཆ་རྒྱུས་གང་ཡང་མེད་པ་བཟོ་ཐབས་ཤིག་ཡིན་པར་འགྲེལ་བརྗོད་གནང་བ་ལུང་འདྲེན་དང་ཆབས་ཅིག སྟོབས་ཆེན་རྒྱལ་ཁབ་ཁག་གི་ཚོགས་འདུ་ཐོག་ཚོགས་ཞུགས་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པས་ངེས་པར་དུ་བོད་ནང་གི་བཅའ་སྡོད་སློབ་གྲྭའི་ཉེན་ཚབས་སྐོར་གླེང་སློང་དང་དེ་བཞིན་བོད་ཕྲུག་རྣམས་སྲུང་སྐྱོབ་དགོས་པའི་འབོད་སྐུལ་བསྐྱར་ནན་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།