Tibetan Royal Year of 2151 | Year of the Wood Dragon

བོད་མཐོ་སྒང་གི་ཆུ་ཚད་འཕར་བཞིན་པས་འབྱུང་འགྱུར་ཁོར་ཡུག་གི་གནས་སྟངས་ལ་སྔོན་དཔགས་མི་ཐུབ་པ།

Tibetan News Headlines

  • Tibetans remember victims of China’s torture on UN International Day Against Torture
  • China disregards key human rights recommendations in latest UN review
  • US and India work together to foil China’s plan to handpick the next Dalai Lama
  • Feature : His Holiness the Dalai Lama’s speech during long-life prayer ceremony

རེས་གཟའ་ལྷག་པ། ༢༠༢༤།༠༦།༢༦

  • རྒྱ་གཞུང་ལ་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་ནན་བརྗོད།
  • རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་སྙན་ཐོའི་ནང་བཀོད་པའི་འགྲོ་བ་མིའི་ཐོབ་ཐང་གི་དགོངས་འཆར་གཙོ་གྲས་ཁག་ལ་ངོས་ལེན་བྱས་མེད་པ།
  • མ་འོངས་རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་གར་དང་ཨ་རི་གཉིས་ནས་རྒྱ་ནག་གི་ངན་བྱུས་ལ་གདོང་ལེན་ཐད་མཉམ་ལས་བྱ་དགོས་པ་གསུངས་འདུག
  • བཀའ་སློབ་ལས་རིམ། ༸གོང་ས་མཆོག་གི་ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་བརྟན་བཞུགས་སྐབས་སྩལ་བའི་བཀའ་སློབ།

ཁ་སང་སྤྱི་ཚེས་ ༢༧ ཉིན་ཚན་རིག་ཞིབ་འཇུག་པ་ཁག་གཅིག་གིས་ཟུང་སྦྲེལ་ཐོག་ཉམས་ཞིབ་ཀྱིས་དཔྱད་གཏམ་ཞིག་སྤེལ་བའི་ནང་། གོ་ལའི་གནམ་གཤིས་འགྱུར་ལྡོག་རྐྱེན་པས་བོད་མཐོ་སྒང་གི་མཚོ་ཆེན་ཁག་གི་ཆུ་ཚད་རིམ་པས་འཕར་བཞིན་པས་འབྱུང་འགྱུར་བོད་ཀྱི་ཁོར་ཡུག་གནས་སྟངས་སྔོན་དཔགས་ཐུབ་ཀྱི་མེད་སྟབས། བོད་མཐོ་སྒང་གི་ཁོར་ཡུག་དང་མང་ཚོགས་ཐོག་ཤུགས་རྐྱེན་ཇི་འདྲ་ཐེབས་མིན་ཐད་ད་ལྟ་ནས་ཛ་དྲག་གི་འཆར་གཞི་དང་དམིགས་བསལ་གྱི་སྲིད་བྱུས་ཞིག་དགོས་ངེས་སུ་འགྱུར་ཡོད་པའི་འགྲེལ་བརྗོད་གནང་འདུག

Tibet Rising Water Crisis

དེ་ཡང་ཉེ་བའི་ཞིབ་འཇུག་སྙན་ཐོ་ཁག་གཅིག་གི་ནང་བོད་གཙོས་པའི་འཛམ་གླིང་ཁྱོན་ཡོངས་ཀྱི་མཚོ་ཆེན་བརྒྱ་ཆ་ ༥༠ ལྷག་ཙམ་རིམ་པས་སྐམ་བཞིན་པ་འགྲེལ་བརྗོད་གནང་ཡོད་པ་དེ་ལྟར་ཡང་། ཁ་སང་སྤྱི་ཚེས་ ༢༧ ཉིན་ Nature Geoscience ཞེས་པའི་དུས་དེབ་ཀྱིས་འདོན་སྤེལ་བྱས་པའི་ཞིབ་འཇུག་གི་རྩོམ་བྲིས་ནང་གནམ་གཤིས་འགྱུར་ལྡོག་རྐྱེན་པས་བོད་དུ་ཆར་ཆུའི་འབབ་ཚད་དང་འཁྱག་རོམ་བཞུར་ཚད་ཤུགས་ཆེ་རུ་འགྲོ་བཞིན་པའི་ཁྲོད། སྐམ་སས་སྐོར་བའི་མཚོ་ཆེན་ཁག་རྒྱ་ཆེ་རུ་འགྲོ་བཞིན་པ་དང་། ཆུ་ཚད་མི་ཊར་ ༡༠ ཙམ་གྱི་འཕར་བཞིན་པའི་གནས་སྟངས་ཆགས་ཡོད་སྐོར་གསལ་འདོན་དང་འབྲེལ། དེས་ཡུལ་མི་གནས་སྡོད་བྱེད་སའི་ས་གཞི་བོར་སྟོར་དང་། ཞིང་སར་གནོད་སྐྱོན། འཚོ་གནས་ལ་དོ་ཕོག རྨང་གཞིའི་འཛུགས་སྐྲུན་གཏོར་བཤིག་སོགས་ཁོར་ཡུག་དང་དཔལ་འབྱོར་སྣོད་བཅུད་ཡོངས་ཀྱི་ཐད་ཤུགས་རྐྱེན་ངན་པ་འབྱུང་ངེས་ཡིན་པའི་འགྲེལ་བརྗོད་བྱས་འདུག

Tibet Rising Water Crisis
Dr. Iestyn Woolway

དབྱིན་ཡུལ་དུ་རྟེན་གཞི་ Bangor གཙུག་ལག་སློབ་ཁང་གི་ཉམས་ཞིབ་པ་ Dr. Iestyn Woolway དང་། དེ་བཞིན་རྒྱ་ནག་དང་། ཨ་རི། ཕརན་སི། Saudi Arabia བཅས་སུ་གནས་བཞུགས་ཉམས་ཞིབ་ལས་རོགས་ཁག་གཅིག་གིས་ཟུང་འབྲེལ་ཐོག་ཞིབ་འཇུག་གནང་བའི་དཔྱད་གཏམ་དེའི་ནང་། དུས་རབས་ཉེར་གཅིག་པ་དེ་ཉིད་རྫོགས་མཚམས་སུ་བོད་མཐོ་སྒང་གི་སྐམ་སས་སྐོར་བའི་མཚོ་ཆེན་ཁག་གི་ཆུ་ཚད་གང་མྱུར་འཕར་ངེས་ཡིན་པ་མ་ཟད། མཚོ་ཆེན་ཁག་དེ་དག་གི་ནང་ཁེངས་པའི་ཆུའི་བོངས་ཚད་སྤྱི་ལོ་ ༢༡༠༠ བར་དུ་ལྡབ་བཞི་ཙམ་གྱི་འཕར་རྒྱུ་ཡིན་པ་དང་། དེའི་འབྱུང་འབྲས་སུ་མང་ཚོགས་ཀྱི་ས་གཞི་དང་། འཚོ་གནས། ཞིང་ས། འགྲོ་ལམ། དཔལ་འབྱོར་གྱི་གནས་སྟངས་སོགས་གང་ཅིའི་ཐད་དོ་ཕོག་ཆེན་པོ་འབྱུང་ངེས་ཡིན་པ་གསུངས་འདུག

ལྷག་པར་ཉམས་ཞིབ་པ་ Woolway ལགས་ཀྱིས་སྤྱིར་དེང་སྐབས་གནམ་གཤིས་འགྱུར་ལྡོག་རྐྱེན་པས་བོད་མཐོ་སྒང་དེ་ཉིད་ཀྱི་ས་གཞི་ལྗང་རུ་འགྲོ་བཞིན་པ་མ་ཟད་ཆུ་རྒྱུན་འབེལ་པོ་ཡིན་པའི་རྒྱུ་མཚན་གྱིས་མང་ཚོགས་ཀྱི་འཚོ་གནས་ལས་སླ་རུ་འགྲོ་བཞིན་པ་དེ་ལྟར་ཡང་།  མཚོ་ཁག་གི་ཆུ་ཚད་འཕར་བཞིན་པའི་གནད་དོན་དེས་མང་ཚོགས་དང་ཁོར་ཡུག་ལ་ཤུགས་རྐྱེན་གང་ཉུང་འཕྲད་རྒྱུའི་སླད་ད་ལྟ་ནས་འཆར་གཞི་ལྡན་པའི་སྲིད་བྱུས་དགོས་ངེས་ཡིན་པའི་འགྲེལ་བརྗོད་གནང་འདུག      

Tibet Rising Water Crisis

དཔྱད་གཏམ་ནང་ད་དུང་བོད་མཐོ་སྒང་གི་མཚོ་ཆེན་ཁག་གི་ཆུ་ཚད་འཕར་བའི་རྐྱེན་གྱིས་ས་གནས་ཀྱི་ས་གཞི་བོར་སྟོར་དང་། དེའི་བརྒྱུད་མཚོ་ཁག་ཕན་ཚུན་འདྲེས་ཏེ་རྒྱུག་ཆུ་ཁག་གི་ཁ་ཕྱོགས་འགྱུར་གྱི་ཡོད་པའི་ཁྲོད་བོད་ཀྱི་ཡུལ་ལྗོངས་སྤྱི་ཡོངས་ཀྱི་གནས་བབས་ལ་དོ་ཕོག་འགྲོ་ངེས་ཡིན་པ་དང་། དེ་ལས་ Green House Gas Emission ཞེས་དུག་རླངས་འཕེལ་བའི་ཉེན་ཁ་སོགས་ལས་གནམ་གཤིས་འགྱུར་ལྡོག་ཇེ་ཆེར་འགྲོ་ངེས་ཡིན་པའི་ཛ་དྲག་གི་གནས་སྟངས་ཞིག་ཆགས་སྲིད་ལ། མཚོ་ཁག་ཕན་ཚུན་བར་ཆུ་རྒྱུན་རྒྱུག་པའི་མཇུག་འབྲས་སུ་བོད་མཐོ་སྒང་གི་ཁོར་ཡུག་ལ་འགྱུར་ལྡོག་དང་གནས་སྡོད་སྲོག་ཆགས་ལ་གནོད་སྐྱོན་འབྱུང་སྲིད་པ་བཀོད་འདུག

བདེ་ཆེན་དཔལ་མོ།

འདི་ག་རླུང་འཕྲིན་ཁང་ནས་བོད་མིའི་སྒྲིག་འཛུགས་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་སུ་ Nature Geoscience དུས་དེབ་ཐོག་ཐོན་པའི་ཞིབ་འཇུག་གི་འབྲུ་དོན་དེ་དང་འབྲེལ་ནས་བཀའ་འདྲི་ཞུས་སྐབས། ཁོང་གིས་གནམ་གཤིས་འགྱུར་ལྡོག་རྐྱེན་པས་བོད་མཐོ་སྒང་གི་མཚོ་ཆེན་ཁག་གི་ཆུ་ཚད་འཕར་བཞིན་པའི་གནད་དོན་ལ་ངོས་ལེན་དང་འབྲེལ། བོད་ནག་ཆུ་ཁུལ་དུ་ཆགས་པའི་ཚ་མཚོ་ཆེ་ཤོས་སེར་གླིང་མཚོ་ཡང་རིམ་པས་ཆེ་རུ་འགྲོ་བཞིན་པ་མ་ཟད། འདས་པའི་ལོ་ཤས་ནང་བོད་ནང་མཚོ་གསར་པ་མང་དུ་འགྲོ་གི་ཡོད་པ་སོགས་ཀྱི་གནད་དོན་ཁག་གཅིག་འགྲེལ་བརྗོད་དང་འབྲེལ། དེ་ལྟ་བུའི་ཛ་དྲག་གི་གནས་སྟངས་ཁྲོད་དཀའ་ངལ་འཕྲད་ས་གཙོ་བོ་དེ་བོད་ནང་གི་བོད་མི་རྣམས་ཆགས་ཀྱི་ཡོད་པའི་འགྲེལ་བརྗོད་གནང་སོང་།

Tibet Rising Water Crisis
སེར་གླིང་མཚོ།

འབྲེལ་ཡོད་གསར་གནས།

གསར་གནས།