Tibetan Royal Year of 2151 | Year of the Wood Dragon

བོད་མཚོ་སྔོན་ཞིང་ཆེན་གསེར་ཆེན་རྫོང་ཁུལ་དུ་དྲག་ཆར་དང་ཆུ་ལོག་གི་དོན་རྐྱེན་འོག་བོད་མི་ ༦ རྐྱེན་འདས་སུ་ཕྱིན་པ།

Tibetan News Headlines

  • Tibet and Himalayas: In conversation with two PhD students

རེས་གཟའ་ཉི་མ། ༢༠༢༤།༠༩།༡༥

  • བོད་དང་ཧི་མཱ་ལ་ཡ། འབུམ་རམས་པའི་སློབ་མ་གཉིས་དང་གླེང་མོལ།

བོད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་གི་ས་ཁུལ་ཁག་གཅིག་གི་ནང་དུ་དྲག་ཆར་དང་ཆུ་ལོག་གི་དོན་རྐྱེན་འོག་སྤྲེའུ་ནག་གྲོང་བརྡལ་ཁུལ་དུ་གླང་ཁོར་གཉིས་ཆུའི་ནང་ཟག་པའི་རྐྱེན་གྱིས་བོད་མི་ ༦ རྐྱེན་ལམ་དུ་ཕྱིན་འདུག

དེ་ཡང་དེ་རིང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ་འདིའི་ཚེས་ ༢ ཏེ་རེས་གཟའ་ཟླ་བའི་ཐོ་རངས་ལ་རྒྱ་གཞུང་གི་ཁག་བགོས་བྱས་པའི་བོད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ཁུལ་དུ་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་ཚབས་ཆེ་བྱུང་བའི་འོག སྤྲེའུ་ནག་གྲོང་བརྡལ་ནང་དུ་ཟམ་པ་འགྱེལ་བའི་རྐྱེན་གྱིས་གླང་འཁོར་གཉིས་ཆུས་འཁྱེར་ཏེ་བོད་མི་ ༦ རྐྱེན་འདས་སུ་ཕྱིན་འདུག

དེ་རིང་སྤྱི་ཚོགས་དྲ་ལམ་ཁག་ཏུ་བརྙན་དང་བཅས་པའི་གནས་ཚུལ་ཐོན་པར་གཞིགས་ན། གསེར་ཆེན་རྫོང་ཁུལ་གྱི་འབྲོག་ས་ཁུལ་དུ་ཆུ་ལོག་གི་དོན་རྐྱེན་འོག་ལུག་མང་པོ་ཤི་བ་དང་འབྲོག་པའི་ཁྱིམ་ཚང་ཁག་གཅིག་བྱེ་མས་ཁངས་པ། དེ་བཞིན་བོད་པའི་ཚོང་ཁང་ཁག་གཅིག་གི་བཅའ་དངོས་ཕོན་ཆེ་ཞིག་ཆུ་ལོག་ཁྲོད་འཕྲོ་བརླག་ཕྱིན་པ་སོགས་མངོན་རྒྱུ་འདུག

ཕྱོགས་མཚུངས་མཚོ་ལྷོ་ཆབ་ཆ་ཁུལ་དུའང་ཆུ་ལོག་གི་དོན་རྐྱེན་ཚབས་ཆེའི་འོག རྒྱ་ལམ་འགག་པ་སོགས་ཀྱི་དཀའ་ངལ་ཤུགས་ཆེ་འཕྲད་པ་མངོན་རྒྱུ་འདུག ཡིན་ནའང་ད་ལྟའི་ཆར་ས་ཁུལ་དེ་དག་ནང་དུ་མི་ག་ཚོད་རྐྱེན་འདས་སུ་གྱུར་པ་སོགས་ཀྱི་གནས་ཚུལ་ཁ་གསལ་མི་འདུག

ཕྱོགས་མཚུངས་དེ་རིང་སྤྱི་ཚོགས་དྲ་ལམ་ཐོག་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་སྔོན་བརྡ་ཞིག་བཏང་བའི་ནང་དུ། ཟླ་བ་འདིའི་ཚེས་ ༢ ནས་ ༤ བར་ས་ཁུལ་དེར་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དེའི་ཁྲོད་རོང་བོ་གྲོང་བརྡལ་དང་གཉན་ཐོག་གྲོང་བརྡལ། རྒྱལ་བོ་གྲོང་བརྡལ། ཧོར་ནག་གྲོང་བརྡལ། ཐོ་ཀྱུ་གྲོང་བརྡལ་སོགས་སུ་ཆར་ཆུ་ཚབས་ཆེན་འབབ་རྒྱུ་ཡིན་པ་དང་། དེའི་ཁྲོད་ཚེས་ ༣ ཉིན་གྱི་དགོང་མོ་དང་ཚེས་ ༤ ཡི་ཉིན་གཉིས་ཀར་དྲག་ཆར་དང་དང་སེར་བ་འབབ་པ། རླུང་འཚུབ་པ་སོགས་ཡོང་རྒྱུ་ཡིན་པས།  མང་ཚོགས་དང་འབྲེལ་ཡོད་ལས་ཁུངས་ཁག་ནས་ཡིད་གཟབ་དགོས་པ་བརྗོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།