Tibetan Royal Year of 2151 | Year of the Wood Dragon

འཆི་མེད་ལྷ་མོ་ལགས་ཀྱིས་ཇི་ནི་ཝ་ལྷན་ཚོགས་ཐོག་རྒྱ་གཞུང་ལ་ཁ་གཏད་གཅོག་མཁན་ཡོངས་རྫོགས་མཉམ་རུབ་གནང་དགོས་པའི་སྐུལ་མ་གནང་འདུག

Tibetan News Headlines

  • Women of Tibet: Tsering Dolkar | Former Political Prisoner

རེས་གཟའ་ཉིན་མ། ༢༠༢༤།༠༦།༢༣

  • བོད་ཀྱི་བེུད་ལས་ཚན། ཆབ་སྲིད་བཙོན་ཟུར་སྨིན་དྲུག་ཤར་ཚེ་རིང་སྒྲོལ་དཀར་ལགས།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་དང་འཛམ་གླིང་རང་དབང་ལྷན་ཚོགས་ཀྱི་འགོ་ཁྲིད་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པ་བོད་མི་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་ཀྱིས་ Geneva ཇི་ནི་ཝ་ལྷན་ཚོགས་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་མཚོན་པའི་རྒྱ་གཞུང་ལ་ཁ་གཏད་གཅོག་མཁན་ཡོངས་རྫོགས་མཉམ་རུབ་གནང་དགོས་གལ་ཆེ་བ་ཡིན་པའི་སྐུལ་མ་གནང་འདུག

དེ་ཡང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཚོགས་ལ་ཉེ་བ་བའི་དུས་སྐབས་དེར་ Geneva Summit for Human Rights and Democracy ཇི་ནི་ཝ་ལྷན་ཚོགས་དེ་ཉིད་ཚོགས་སྲོལ་ཡོད་པ་བཞིན། འདི་ལོའི་ལྷན་ཚོགས་ཐེངས་ ༡༦ དེའི་ཐོག་བོད་མིའི་ཕྱོགས་ནས་སྐུ་ཚབ་བོད་མི་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་གདན་ཞུ་གནང་འདུག་པ་དང་འབྲེལ། ཁ་སང་ཕྱི་ཚེས་  ༡༤ ཉིན་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་གཏམ་བཤད་སྐབས་ཁོང་གིས་གསུང་བཤད་གནང་བའི་ཁྲོད། ཨ་རིར་རྟེན་གཞི་བྱས་པའི་རང་དབང་ཁང་པས་ལོ་བསྟུད་མར་སྙན་ཐོ་འདོན་སྤེལ་གནང་བ་དེ་དག་གི་ནང་བོད་དེ་ཆེས་རང་དབང་ཞན་པའི་གནས་སྟངས་སུ་གྱུར་ཡོད་པ་གསལ་བཏོན་གནང་ཡོད་ཅིང་། འདི་ལོ་ལྟ་བུ་མཚོན་ན་བོད་ནང་རང་དབང་གི་གནས་བབ་ཐོག་བརྒྱ་ཆ་བརྒྱ་ནས་ཀླད་ཀོར་སྤྲད་ཡོད་པ་མངོན་གསལ་གནང་ཡོད་པ་དང་། ལྷག་པར་བོད་ནང་གི་བོད་མི་རྣམས་ལ་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་མེད་པ་མ་ཟད། བཙན་བྱོལ་ནང་གི་བོད་མི་ཚོར་བོད་ནང་བསྐྱོད་རྒྱུར་དམ་བསྒྲགས་ཡོད་པའི་གནས་ཚུལ་སོགས་ངོ་སྤྲོད་གནང་འདུག

དེ་བཞིན་འཆི་མེད་ལྷ་མོ་ལགས་ཀྱིས་མུ་མཐུད་རྒྱ་གཞུང་གིས་ལོ་ངོ་ ༧༥ ལྷག་གི་རིང་ལ་ཆབ་སྲིད་ཀྱི་དམ་བསྒྲགས་དང་། ཆོས་ལུགས་དམ་བསྒྲགས། དེ་བཞིན་སྤྱི་ཚོགས་དང་དཔལ་འབྱོར་གྱི་དབྱེ་འབྱེད། ཁོར་ཡུག་གཏོར་བཅོམ་སོགས་སྣ་ཚོགས་བྱེད་ཀྱང་ང་ཚོ་བོད་པ་ཚོས་མུ་མཐུད་གདོང་ལེན་བྱེད་བཞིན་ཡོད་པ་དང་། དེ་ལྟར་བྱེད་དགོས་དོན་ནི་ང་ཚོ་ལ་མཚོན་ན་ཕྱི་ལོ་ ༡༩༥༩ རྗེས་སུ་སྐྱེས་པའི་བོད་པའི་མི་རབས་རྣམས་རང་བཞིན་གྱི་འཐབ་རྩོད་པ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། ང་ཚོའི་འཚོ་གནས་དེ་ཉིད་འཐབ་རྩོད་ཅིག་ཆགས་ཀྱི་ཡོད་ཅེས་ནན་བརྗོད་གནང་འདུག ལྷག་པར་དུ་ཁོང་ལྷན་ཚོགས་དེའི་ཐོག་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ཀྱི་ངོ་ཚབ་ཞུས་ཏེ། ང་ཚོས་ནམ་ཡང་བློས་གཏོང་བྱེད་ཀྱི་མ་རེད་ཅེས་བརྡ་ལན་སྤྲོད་རྒྱུ་ཡིན་པ་གསུངས་འདུག

མ་ཟད་ཁོང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ང་ཚོས་འཚེ་བ་མེད་པའི་འཐབ་བྱུས་ལག་བསྟར་ལྡན་པའི་ཐོག་ནས་རྒྱ་གཞུང་གིས་ངན་བྱུས་རྣམས་ཐེར་འདོན་གྱིས་འཛམ་གླིང་འདི་ཉིད་བཟང་དུ་གཏོང་རྒྱུར་འབད་བརྩོན་མུ་མཐུད་བྱ་རྒྱུ་ཡིན་ཞིང་། འཛམ་གླིང་འདིའི་སྟེང་མི་གཅིག་དབང་འཛིན་རིང་ལུགས་པ་ཚང་མས་དམ་བསྒྲགས་དང་བཙན་གནོན་གྱི་སྲིད་བྱུས་འཛིན་སྟངས་གཅིག་མཚུངས་ཡིན་པ་དང་། དེ་ནི་ང་ཚོ་བོད་པ་དང་། ཡུ་གུར་བ། ཧོང་ཀོང་བ། དེ་བཞིན་ཐའེ་ཝན་ཙམ་མ་ཡིན་པར་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་དོན་གཉེར་ཅན་ཚང་མར་ཉེན་འཚབ་ཆེན་པོ་ཆགས་ཀྱི་ཡོད་པ་སོགས་གསུངས་ཏེ། གལ་ཏེ་མི་གཅིག་དབང་འཛིན་རིང་ལུགས་པ་རྣམས་མཉམ་མཐུན་བྱེད་ཀྱི་ཡོད་ན། ང་ཚོ་རྒྱུ་མཚན་གང་གི་ཕྱིར་མཉམ་ལས་བྱེད་ཀྱི་མེད་དམ་ཞེས་སྐུལ་འདེབས་གནང་སྟེ། མཉམ་དུ་ཡིན་གདའ། བོད་རྒྱལ་ལོ་ཞེས་གསུངས་འདུག

རྩ་བའི་དེ་རིང་ཕྱི་ཚེས་ ༡༥ ཉིན་འཆི་མེད་ལྷ་མོ་ལགས་ཀྱིས་ལྷན་ཚོགས་དེའི་ཐོག་དངོས་གཞི་གསུང་བཤད་གནང་བའི་དུམ་ཚན་ཞིག་ Geneva Summit for Human Rights and Democracy ཇི་ནི་ཝ་ལྷན་ཚོགས་དེའི་ X ཞེས་པའི་སྤྱི་ཚོགས་དྲ་ལམ་ཐོག་བརྒྱུད་སྐུལ་བྱེད་འདུག་པ་དང་། དེའི་ནང་རྒྱ་ནག་གི་སྲིད་གཞུང་གིས་གཡོ་སྒྱུའི་ཐབས་ཇུས་བེད་སྤྱོད་གཏོང་བཞིན་ཡོད་པའི་སྒང་དེར། དྲན་སྐུལ་ཞུ་རྒྱུ་ཞིག་ལ་བོད་རང་བཙན་མཐོང་མྱོང་མཁན་གྱི་མི་རབས་མཐའ་མ་དེ་རིམ་པའི་རྫོགས་བཞིན་ཡོད་ཅིང་། རྒྱ་གཞུང་གིས་མི་རབས་གསར་པ་ཚོའི་སེམས་ཁམས་འདི་ཉིད་རྒྱ་མིར་སྒྱུར་ཐབས་བྱེད་བཞིན་ཡོད་པ་ནན་བརྗོད་གནང་འདུག

འདི་ག་རླུང་འཕྲིན་ཁང་གིས་འཆི་མེད་ལྷ་མོ་ལགས་སུ་གནད་དོན་དེ་དང་འབྲེལ་ནས་དེ་རིང་བཀའ་མོལ་གང་གནང་རྒྱུ་ཡིན་པ་བཅས་ཀྱི་ཐོག་ལ་བཀའ་འདྲི་ཞུས་སྐབས། ཁོང་གིས་བོད་ནང་གི་གནས་སྟངས་གལ་འགངས་ཆེ་ཤོས་ཡིན་དུས་བོད་ནང་གི་ཛ་དྲག་གནས་སྟངས་གཙོས་པའི་བོད་ནང་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་བཅའ་སྡོད་སློབ་གྲྭའི་སྐོར་དང་། གནངས་ཉིན་ཕྱི་ཚེས་ ༡༧ ཉིན་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་བའི་དུས་དྲན་ཞིག་ཆགས་ཀྱི་ཡོད་དུས་དེའི་སྐོར་ངོ་སྤྲོད། དམིགས་བསལ་གྱི་ད་རེས་སྡིངས་ཆ་འདིའི་བརྒྱུད་ནས་རྒྱ་གཞུང་ལ་ཁ་གཏད་གཅོག་མཁན་ཡོངས་རྫོགས་ལ་འཛམ་གླིང་འདིའི་ཐོག་རྒྱ་གཞུང་གིས་གནོན་ཤུགས་ངོ་སྤྲོད་བརྒྱུད་མཉམ་རུབ་ཀྱིས་གདོང་ལེན་གནང་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་བརྡ་ལན་སྤྲོད་རྒྱུ་ཡིན་པ་སོགས་གསུངས་སོང་།

གཞི་རྩའི་ལྷན་ཚོགས་དེ་ནི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཚོགས་ལ་ཉེ་བའི་དུས་སྐབས་སུ་ཚོགས་ཀྱི་ཡོད་པ་དང་འབྲེལ། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༦ དེ་བཞིན་ཕྱི་ཟླ་ ༦ ཚེས་ ༡༨ ནས་ཕྱི་ཟླ་ ༧ ཚེས་ ༡༢ བར་འཚོག་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།