Tibetan Royal Year of 2151 | Year of the Wood Dragon

འཕགས་བོད་མཐའ་མཚམས་ཁུལ་དུ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེར་སྤེལ་བཞིན་པ།

Tibetan News Headlines

  • Tibet Initiative deputy director detained at Hong Kong airport for 13 hours, barred from entry
  • Tibetan activist A-Nya Sengdra granted family visits but continues to be detained in Chinese custody
  • Australian Tibet advocates wrap up 13th annual lobbying event, presenting four-point agenda to officials
  • Chinese government appears to plan large-scale dam construction on the Yarlung Tsangpo River
  • China’s ‘disappeared’ foreign minister demoted to low-level publishing job, say former U.S. officials

རེས་གཟའ་ཟླ་བ། ༢༠༢༤།༠༩།༠༩

  • འཇར་མ་ནི་བོད་དོན་རྒྱབ་སྐྱོར་བ་ཞིག་ལ་ཧོང་ཀོང་ནང་དུ་འཛུལ་ཞུགས་ཐད་བཀག་སྡོམ།
  • ཨ་ཉག་སེང་སྒྲ་ལགས་ནང་མི་དང་ཐུག་འཕྲད་བྱེད་དུ་བཅུག་ཀྱང་ད་དུང་མུ་མཐུད་བཙོན་ཁང་ནང་ལུས་ཡོད་པ།
  • དོན་ཚན་བཞི་ཅན་སྒོ་ནས་ཨོསྟྲེ་ལི་ཡཱར་བོད་དོན་ཞུ་གཏུག་གི་ཉིན་མོ་ཐེངས་ ༡༣ པ་མཇུག་སྒྲིལ།
  • རྒྱ་གཞུང་གིས་ཡར་ཀླུང་གཙང་པོའི་སྟེང་ཆུ་མཛོད་ཆེ་གྲས་བརྒྱག་འཆར་ཡོད་པ་མངོན་གསལ།
  • གར་སོང་ཆ་མེད་དུ་གྱུར་བའི་ཇིན་ཀང་དཔེ་སྐྲུན་ཁང་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད་པ་བརྗོད་འདུག

རྒྱ་གཞུང་གིས་བོད་རུ་ཐོག་རྫོང་དང་རྩ་མདའ་རྫོང་། དེ་བཞིན་མཚོ་སྣ་རྫོང་སོགས་ཀྱི་ནང་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེར་སྤེལ་དང་སྤེལ་བཞིན་ཡོད་པ་དང་འབྲེལ། མཐའ་མཚམས་ཁུལ་དུ་འཛུགས་སྐྲུན་གྱི་ལས་གཞི་མྱུར་ཚད་མཐོ་བོའི་ཐོག་སྤེལ་བཞིན་པ་དེ་ཡར་རྒྱས་ལ་ཁ་གཡར་ཏེ་མ་འོངས་པར་རྒྱ་གར་དང་དམག་འཐབ་དཔུང་འཇུག་ཆེད་བེད་སྤྱོད་གཏང་རྒྱུར་དམིགས་པ་ཞིག་ཆགས་ཀྱི་ཡོད།

རྩ་བའི་རྒྱ་ནག་གི་ཕྱི་ལོ་ ༢༠༢༡ ནས་ ༢༠༢༥ བར་ལོ་ལྔ་ཚན་གྱི་འཆར་འགོད་ཐེངས་ ༡༤ པའི་ནང་འཁོད་ལྟར་བོད་ནང་འཛུགས་སྐྲུན་ཆེད་དུ་ཨ་སྒོར་ཐེར་འབུམ་ ༣༠ ཙམ་གྱི་འགྲོ་གྲོན་གཏོང་འཆར་ཡོད་དང་། དེའི་ཁོངས་སུ་བོད་ཤར་ཕྱོགས་ནས་ནུབ་ཕྱོགས་བར་གཞུང་ལམ་རྒྱ་སྐྱེད་དང་གནམ་ཐང་། དེ་བཞིན་མཐའ་མཚམས་ཁུལ་དུ་ཤའོ་ཀང་འམ་འབྱོར་འབྲིང་གྲོང་ཚོ་ ༧༠༠ ལྷག་འཛུགས་སྐྲུན་བྱས་དང་བྱེད་བཞིན་པ་རྣམས་ཁྱབ་བསྒྲགས་བྱེད་བཞིན་ཡོད་པའི་ཁྲོད། ཉེ་ཆར་འཕགས་བོད་མཐའ་མཚམས་ལ་དྭགས་དང་ཉེ་བའི་བོད་མངའ་རིའི་རུ་ཐོག་རྫོང་གི་ཉེ་འདབས་སུ་སའི་རྒྱ་ཁྱོན་ཨེ་ཀར་ ༡༠ ཙམ་གྱི་ནང་དུ་རྒྱ་སྒོར་ཁྲི་ ༥༧༦ འགྲོ་གྲོན་བཏང་སྟེ། འོ་མའི་བཟོ་གྲྭ་དང་། ཡུལ་སྐོར་བ་དང་ཡུལ་མི་ཚོར་འོ་མའི་བཟོ་སྐྲུན་དང་ཐོན་སྐྱེད་ལས་ཁུངས། གཞི་རྩའི་དོ་དམ་ཁང་། ཆུ་གློག་སོགས་ཀྱི་མཐུན་རྐྱེན་གཞན་དག་ཚང་ཡོད་ལུགས་དང་། དེ་བཞིན་རྒྱ་གར་ཧི་མ་ཅལ་དང་ཨུ་ཏར་ཁན་ཌི་མངའ་སྡེ་ཉེ་འདབས་སུ་ཡོད་པའི་བོད་མངའ་རིའི་རྩ་མདའ་རྫོང་ནང་ཕྱི་ཟླ་ ༨ ཚེས་ ༦ ཉིན་རྫོང་དེའི་དབུས་རྒྱུན་དང་གཞུང་གི་སྣེ་ཁྲིད་ལས་བྱེད་ཟེར་བའི་ཚོགས་ཆུང་ཞིག་ཡར་རྒྱས་འཛུགས་སྐྲུན་གྱི་ལས་འཆར་ཨར་སྐྲུན་བྱ་ཡུལ་ཟེར་བའི་ཁུལ་དུ་སོང་ནས་འཛུགས་སྐྲུན་གྱི་ལས་གཞི་ཆ་རྐྱེན་སོགས་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། ལས་འཆར་གྱི་དུས་མཚམས་དམ་འཛིན་སོགས་འཛུགས་སྐྲུན་སྤུས་ཚད་ལྡན་པའི་ཡོང་ཆེད་ལས་གཞིའི་ལྟ་སྐུལ་སྡེ་ཚན་དང་། ཉེན་རྟོག་པ། དེ་བཞིན་བདེ་འཇགས་ལས་ཁུངས་སོགས་ཀྱིས་རྒྱུན་དུ་ལྟ་རྟོག་བྱེད་ཀྱི་ཡོད་ལུགས་སོགས་བཤད་འདུག

མ་ཟད་ཟླ་ ༤ ཚེས་ ༢༥ ཉིན་གྱི་སྔ་དྲོ་རྒྱ་གར་བྱང་ཤར་ཨ་རུ་ཅལ་གྱི་བྱང་ཕྱོགས་སུ་ཡོད་པའི་བོད་མཚོ་སྣ་མ་མ་གྲོང་ཚོའི་ནང་གཞུང་ལམ་འཛུགས་སྐྲུན་ཆེད་གཞུང་གི་ལས་བྱེད་ཁག་གཅིག་ཡལ་དངོས་སུ་སོང་ནས་གྲོང་སྡེའི་གཙོ་འཛིན་གྱི་ལས་གཞི་འཛུགས་སྐྲུན་བྱེད་སར་ཞིབ་འཇུག་བྱེད་ཀྱི་ཡོད་ལུགས་དང་། རྒྱ་ནག་གཞུང་གིས་གཞུང་ལམ་འགྲིམ་འགྲུལ་འཛུགས་སྐྲུན་ནི་མི་དམངས་དང་ཡུལ་སྐོར་བའི་བདེ་འཇགས་ལ་འབྲེལ་བ་ཡོད་པའི་འཚོ་བའི་ལས་གཞི་གལ་ཆེན་ཞིག་ཡིན་ལུགས་དྲིལ་བསྒྲགས་ཤུགས་ཆེ་བྱེད་མུས་ཡིན་པའི་ཁར་གཞུང་ལམ་ལས་གཞི་དེའི་ཆེད་དུ་རྒྱ་སྒོར་ཁྲི་ ༣༠༠ ལྷག་གི་རིན་འབབ་ལྡན་པའི་འདྲུད་འཐེན་འཁོར་ལོ་ JCB སྤྲད་ཡོད་ལུགས་སོགས་དྲིལ་བསྒྲགས་བྱས་འདུག

ལྷག་པར་ཉེ་ཆར་ཟུང་སྐར་པར་རིས་བརྒྱུས་ར་སྤྱོད་བྱུང་བ་ལྟར་ན། རྒྱ་ནག་གིས་ཟླ་བ་སྔོན་མའི་ནང་བོད་ཕྱོགས་ཀྱི་སྤང་གོང་མཚོའི་སྟེང་ཟམ་པ་འཛུགས་སྐྲུན་གྱི་ལས་གཞི་ཡོངས་སུ་མཇུག་སྒྲིལ་ཡོད་སྟབས། དེ་སྔ་ཁུར་ནག་ནས་བོད་ཀྱི་རུ་ཐོག་རྫོང་བར་སྤྱི་ལེ་ ༡༥༠ ལྷག་འགྲོ་དགོས་ཀྱི་ཡོད་ཀྱང་། ད་ཆ་ཟམ་པ་དེས་ལྷོ་བྱང་གཉིས་མཐུད་དེ་གནད་འགག་ཡོད་པའི་སྤང་གོང་མཚོའི་བྱང་ཕྱོགས་ས་ཁུལ་དུ་རྒྱ་ནག་དམག་གི་ཡོ་ཆས་དང་དམག་དཔུང་འགྲེམས་འཇོག་བདེ་རུ་གཏོང་རྒྱུ་ཡིན་པ་མངོན་གསལ་ཆགས་ཀྱི་ཡོད་པ་རེད།

སྤྱིར་རྒྱ་དཀར་ནག་ཕྱོགས་གཉིས་ཀྱི་དབར་ཕྱི་ལོ་ ༢༠༠༥  ལོར་ Border Defence Cooperation Agreement (BDCA) ཞེས་པའི་ཆིངས་ཡིག་ཅིག་བཞག་པ་ལྟར་ཆིངས་ཡིག་དེའི་དོན་ཚན་བདུན་པའི་ནང་གསལ་ལྟར་ན། ཕྱོགས་གཉིས་ནས་ས་མཚམས་ཁུལ་དུ་གནས་སྡོད་མི་སེར་རྣམས་ཀྱི་བདེ་འཇགས་དང་ཁེ་ཕན་གཙོར་བཟུང་གིས། གལ་ཏེ་ས་མཚམས་དབྱེ་མཚམས་གཅོད་དགོས་པའི་གནས་སྟངས་ཆགས་རུང་ཁུལ་དེར་གནས་སྡོད་མི་རྣམས་ལ་དོ་ཕོག་མི་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་དེ་ལྟར་ཡང་། གནད་དོན་དབྱེ་ཞིབ་པ་ཁག་གིས་རྒྱ་ནག་གིས་གྲོང་ཚོ་དེ་དག་ནང་འཛུགས་སྐྲུན་བྱེད་བཞིན་པར་ཁ་གཡར་ནས་འབྱུང་འགྱུར་ཕྱོགས་གཉིས་དབར་གྱི་དམག་འཐབ་གྲ་སྒྲིག་བྱེད་བཞིན་ཡོད་པ་ཚོད་དཔག་གནང་གི་འདུག

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་ཀྱི་གནད་དོན་དེ་དང་འབྲེལ་ནས་དེ་སྔོན་འདི་ག་རླུང་འཕྲིན་ཁང་ལ་རྒྱ་གཞུང་ནས་འཕགས་བོད་མཐའ་མཚམས་ཁུལ་དུ་དེ་ལྟ་བུའི་འཛུགས་སྐྲུན་གྱི་ལས་གཞི་གཉེར་བཞིན་པ་དེ་རྒྱ་གར་ལ་རང་བཞིན་གྱི་ཉེན་ཚབས་ཆེན་པོ་ཆགས་ཀྱི་ཡོད་ཅིང་། མཐའ་མཚམས་ཀྱི་དཀའ་རྙོག་དེ་དག་ཞི་ཆེད་བོད་ཀྱི་དཀའ་རྙོག་ངེས་པར་དུ་སེལ་དགོས་གལ་ཡིན་པ་འགྲེལ་བརྗོད་གནང་ཡོད།

གཞི་རྩའི་རྒྱ་ནག་གིས་རྒྱ་གར་ཙམ་མིན་པར་འབྲུག་དང་བལ་ཡུལ་སོགས་ཨེ་ཤི་ཡའི་རྒྱལ་ཁབ་ཕལ་མོ་ཆེ་དང་ལྷན་དུ་ས་ཁྱོན་བདག་དབང་གི་རྩོད་རྙོག་མང་པོ་ཡོད་པ་མ་ཟད། རྒྱ་གར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུའང་རྒྱ་ནག་དང་རྒྱ་གར་དེ་བཞིན་ཨ་རི་སོགས་ཀྱི་བར་རྙོག་འཛིངས་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།