Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་མུ་མཐུད་དམ་དྲག་དང་སྟངས་འཛིན་ཤུགས་ཆེ་བྱས་པ་མངོན་གསལ།

Tibetan News Headlines

  • Thank you for your prayers on my birthday, I am recovering well: Dalai Lama
  • Dharamsala commemorates 89th birthday of the Dalai Lama, Sikkim CM graces the event
  • Wishes for the Dalai Lama; Prayers for his swift recovery as he turns 89
  • Dalai Lama congratulates UK’s new Prime Minister

རེས་གཟའ་སྤེན་པ། ༢༠༢༤།༠༧།༠༦

  • ༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་དང་འབྲེལ་༸གང་ཉིད་ཀྱི་སྐུ་ཁམས་གསལ་ཐང་ཡིན་པའི་གསུང་འཕྲིན་བསྩལ་འདུག
  • ༸གོང་ས་མཆོག་གི་བཀའ་དྲིན་དྲན་པའི་ཐོག་བོད་དོན་བདེན་པའི་འཐབ་རྩོད་བཅས་ལ་ནུས་པ་གང་ཡོད་འདོན་ཐབས་ཞུ་དགོས་ཞེས་གསུངས་སོང་།
  • ༸གོང་ས་མཆོག་གིས་དབྱིན་ཡུལ་གྱི་ སྲིད་བློན་གྱི་གསར་པ་ Keir Starmer མཆོག་ལ་དགའ་བསུའི་འཚམས་འདྲི་མཛད་འདུག
  • ༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་སྐུའི་འཕྲོད་བཞེས་དྭངས་སྐྱེད་ཡོང་བའི་སྨོན་འདུན།

ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ཕྱི་ལོ་ ༢༠༢༣ ལོའི་ལོ་འཁོར་སྙན་ཐོའི་ནང་རྒྱ་གཞུང་གིས་ཡུལ་དེའི་མི་མང་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་ཤུགས་ཆེ་བཏང་དང་གཏོང་མུས་དང་། ལྷག་པར་བོད་ཀྱི་གནད་དོན་ལ་མཚོན་ན་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་བྱ་རྒྱུར་འདུན་པ་རྩ་བ་ནས་བཏོན་མེད་པ་མ་ཟད་བོད་མིའི་ཆོས་དད་ལ་མུ་མཐུད་དམ་དྲག་དང་སྟངས་འཛིན་ཤུགས་ཆེ་བྱས་ཡོད་པ་མངོན་གསལ་གནང་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ཕྱི་ལོ་ ༢༠༢༣ ལོའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྟོག་ཞིབ་གནང་བའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བ་ནང་ཚན་བོད་ནང་གི་གནས་སྟངས་དང་འབྲེལ་བའི་ཚན་པའི་ནང་། ཚོགས་ཆུང་ངོས་ནས་རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་འབྲེལ་མོལ་བསྐྱར་གསོ་བྱ་རྒྱུའི་འདུན་པ་མེད་པ་མངོན་གསལ་གནང་བ་མ་ཟད། རྒྱ་གཞུང་གིས་༸གོང་ས་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་གཙོས་བོད་ཀྱི་བླ་སྤྲུལ་ངོས་འཛིན་གྱི་ལས་དོན་ལ་མུ་མཐུད་སྟངས་འཛིན་དང་། བོད་མི་རྣམས་ཀྱི་ཆོས་དད་རང་དབང་ལ་མུ་མཐུད་རྡོག་རོལ་བཏང་ཡོད་པ་འགྲེལ་བརྗོད་གནང་འདུག

སྙན་ཐོའི་ནང་ད་དུང་། འདས་ལོའི་ནང་བོད་མིས་རང་ལུས་མེར་བསྲེགས་སོགས་ཀྱི་གནས་ཚུལ་བྱུང་མེད་ཀྱང་། རྒྱ་གཞུང་གིས་རང་ལུས་མེར་བསྲེགས་གནང་མཁན་གྱི་ནང་མི་རྣམས་ལ་བསུན་གརྩེར་དང་དམ་དྲག་བྱས་པ་མ་ཟད། བོད་པའི་སློབ་གྲྭ་ཁག་བཙན་གྱིས་སྒོ་རྒྱག་བཅུག་པ་དང་། གཏན་འཇགས་སློབ་གྲྭ་སོགས་ཀྱི་སྲིད་བྱུས་བརྒྱུད་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་རྒྱུར་དམ་དྲག་ཤུགས་ཆེ་བྱེད་བཞིན་པ།  དེ་བཞིན་རྒྱལ་བའི་འཁྲུངས་སྐར་སྲུང་བརྩི་བྱས་པའི་ཉེས་མིང་འོག་བཙོན་འཇུག་བྱས་པའི་རོང་ཝོ་གངས་དཀར་དང་། ཡོ་རོབ་དང་རྒྱ་གར་བཅས་སུ་བོད་ཀྱི་གནས་ཚུལ་མཁོ་སྤྲོད་བརྒྱུད་རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་འོག་བཙོན་འཇུག་བྱས་པ་ཐུབ་བསམ། དེ་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་དོན་འོག་བཙོན་འཇུག་བྱས་པའི་འཇམ་དབྱངས་བཅས་ཀྱི་མིང་གསལ་བཏོན་བརྒྱུད། རྒྱ་ནག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འབྲུ་དོན་དང་འགལ་ནས་བོད་མི་གང་བྱུང་འཛིན་བཟུང་བྱས་པའི་གནད་དོན་ཁག་གཅིག་ཁ་གསལ་གསལ་འདོན་གནང་འདུག

ཚོགས་ཆུང་ངོས་ནས་དེ་འབྲེལ་ཨ་རིའི་གྲོས་ཚོགས་དང་གཞུང་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་ལས་ཀྱིས། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་གཙོས་པའི་འབྲེལ་ཡོད་དམིགས་བསལ་སྐུ་ཚབ་རྣམས་བོད་ནང་གི་འགྲོ་བ་མིའི་གནས་སྟངས་རྒྱུས་ལོན་ཆེད་བསྐྱོད་རྒྱུར་རམ་འདེགས་ཞུ་དགོས་པ་དང་། ཨ་རིའི་ཚོང་ལས་ཁང་ཁག་ནས་རྒྱ་ནག་གི་ཉེན་རྟོག་དང་སྤྱི་བདེ་ཚན་པ་ཁག་དང་ལྷན་མིའི་རིགས་རྫས་བསྡུ་རུབ་དང་གསོ་ལྟའི་འཕྲུལ་མིག་སོགས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་འབྲེལ་བའི་འཕྲུལ་ལས་རིགས་ཉོ་ཚོང་བཀག་སྡོམ་གྱི་ཁྲིམས་གཏན་འབེབས་དགོས་པ། དེ་བཞིན་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་གི་བདེ་འཇགས་ལ་ཉེན་ཁའི་ཚུལ་དུ་བལྟ་རྒྱུ་མཚམས་འཇོག་དགོས་པ་དང་། རྒྱ་གཞུང་དང་༸གོང་ས་མཆོག་གི་སྐུ་ཚབ་དབར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་གྲོས་མོལ་བསྐྱར་དུ་འགོ་འཛུགས་དགོས་པ་སོགས་ཀྱི་འབོད་སྐུལ་ཁག་གཅིག་ཞུས་འདུག་ལ། རྒྱ་གཞུང་གིས་རྒྱལ་སྤྱིའི་སྐུ་ཚབ་རྣམས་མགྲོན་འབོད་ཀྱིས་༸པཎ་ཆེན་རིན་པོ་ཆེ་མཇལ་འཕྲད་བཅུག་དགོས་པའི་འབོད་སྐུལ་ཡང་ཞུས་འདུག

photo: Freedom house

ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་སྙན་ཐོ་དེའི་ནང་གཞན་ཡང་། རྒྱ་ནག་གཞུང་གི་གསང་མྱུལ་བ་འགའ་ཞིག་གིས་ཨ་རིའི་མི་སེར་ཁག་གཅིག་གི་ཐོག་ལའང་འཇིགས་སྐུལ་དང་བསུན་གཙེར་གྱི་བྱ་སྤྱོད་སྤེལ་བཞིན་པ་དང་། ཁྲོམ་རྭའི་སྒྲིག་གཞི་ལས་འགལ་ཏེ་བཙན་གྱིས་ངལ་རྩོལ་བ་བཀོད་སྒྲིག དེ་བཞིན་རྒྱ་རིགས་དང་ཧོང་ཀོང་བ་ཐོབ་ཐང་སྲུང་སྐྱོབ་པ་རྣམས་བཙོན་འཇུག་བྱེད་བཞིན་པ་དང་། ཆོས་ལུགས་དད་ལྡན་པ་ཁག་ལ་དམ་དྲག་དང་དྲག་གནོན་ཤུགས་ཆེ་བྱེད་བཞིན་པ་སོགས་མངོན་གསལ་དང་སྦྲགས།  རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་པའི་ཆབ་སྲིད་བཙོན་པ་སྟོང་ཕྲག་མང་པོའི་ཐོ་གཞུང་གསལ་སྟོན་གྱིས་ཆབ་སྲིད་བཙོན་པ་རྣམས་གང་མྱུར་གློད་བཀྲོལ་དགོས་པའི་ཞུ་སྐུལ་དང་། རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་སྲིད་བྱུས་ཁག་ལ་སྐྱོན་བརྗོད་ཤུགས་ཆེ་གནང་འདུག

རྩ་བའི་ཚོགས་ཆུང་ངོས་ནས་ཟླ་འདིའི་ཚེས་ ༡༠ ཉིན་སྙན་ཐོ་འདོན་སྤེལ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྤེལ་སྐབས། ཚོགས་གཙོ་ Smith ལགས་ཀྱིས།  ཕྱི་ལོ་ ༢༠༢༣ ལོའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྟོག་ཞིབ་ཀྱི་ལོ་འཁོར་སྙན་ཐོ་དེས། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ལ་བརྩི་བཀུར་མ་བྱས་པ་མངོན་གསལ་ཐུབ་ཡོད་ཅིང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་རྒྱ་ནག་དམར་ཤོག་ཚོགས་པས་འགྲོ་བ་མིའི་རིགས་ལ་མུ་མཐུད་གདུག་རྩུབ་དང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བཞིན་པའི་བརྒྱུད་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཆེས་ཆེར་དང་མི་རིགས་རྩ་མེད་གཏོང་བའི་བྱ་སྤྱོད་སོགས་ལ་འགན་འཁུར་དགོས་པ་གསུངས་འདུག་ལ། ལོ་འཁོར་སྙན་ཐོ་དེའི་བརྒྱུད་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ལ་རྒྱ་ནག་གི་སྲིད་བྱུས་གོ་རྟོགས་སྤེལ་ཏེ། ཁོང་རྣམས་བཙན་དབང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་དུ་མི་འགྱུར་བའི་རེ་བ་དང་། རྒྱ་ནག་དམར་པོའི་སྲིད་གཞུང་འོག་མྱོང་བཞིན་པའི་མི་རྣམས་ནས་ང་ཚོས་ཁྱེད་ཚོ་བརྗེད་མེད་ཅིང་། ང་ཚོ་མཉམ་ལས་ཀྱིས་བཙན་གནོན་དེ་བཞིན་མཇུག་བསྡུ་བའི་རེ་བ་བྱེད་བཞིན་ཡོད་པ་ཤེས་རྟོགས་ཐུབ་པའི་རེ་བ་ཡོད་ཅེས་གསུངས་འདུག

photo: bitter winter

གཞན་ཡང་ཚོགས་ཆུང་གི་ཚོགས་མི་ Merkley ལགས་ཀྱིས། རྒྱལ་སྤྱིའི་ཁྲིམས་ལུགས་ནང་གསལ་ལྟར་རྒྱ་ནག་མི་དམངས་ལ་འགྲོ་བ་མིའི་ཐོབ་ཐང་ཆ་ཚང་བ་ལོངས་སུ་སྤྱོད་རྒྱུའི་འོས་བབ་ཡོད་ཀྱང་། སྙན་ཐོ་དེར་གཞིགས་ཚེ་རྒྱ་ནག་གཞུང་གིས་རྒྱ་ནག་མི་མང་གི་ཐོབ་ཐང་ལག་བསྟར་བྱ་རྒྱུར་མུ་མཐུད་ངོས་ལེན་མི་བྱེད་པ་མངོན་གསལ་ཐུབ་པ་མ་ཟད། རྒྱ་ནག་གཞུང་གིས་འཕྲུལ་ཆས་བརྒྱུད་རྒྱ་རིགས་ཙམ་མ་ཟད་ཨ་རི་གཙོས་ཕྱི་རྒྱལ་མི་སེར་རྣམས་ཀྱི་ཐོག་དམ་དྲག་དང་དོག་སྲུང་བྱེད་བཞིན་པ་ཤེས་རྟོགས་ཐུབ་པ་ཡིན་པས། ང་ཚོའི་ངོས་ནས་མུ་མཐུད་བཙོན་འོག་ཏུ་མྱོང་བཞིན་པ་རྣམས་ཀྱི་ཆེད་དུ་སྐད་འབོད་བྱ་རྒྱུ་དང་། ཨ་རིའི་གྲོས་ཚོགས་དང་སྲིད་འཛིན་ནས་ CECC སྙན་ཐོ་གཞིར་བཞག་གི་ཐོག་ནས་ལག་བསྟར་ཡོང་བའི་འབོད་སྐུལ་ཞུས་འདུག

གསར་འགོད་གསལ་བསྒྲགས་དེའི་ནང་ད་དུང་། ལོ་འཁོར་སྙན་ཐོ་དེས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རིམ་བཞིན་རྡོག་རོལ་གཏོང་བའི་སྒོ་ནས་རྒྱལ་སྤྱིའི་སྒྲོམ་གཞི་དང་། ཨ་རིའི་མི་སེར་དང་ཡུལ་མི་རྣམས་ཀྱི་བདེ་འཇགས་ལ་ཁ་གཏད་གཅོག་གི་ཡོད་པས། གནད་དོན་དེར་ཁ་གཏན་གཅོག་ཆེད་ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཚོས་ནུས་པ་མཉམ་སྤུངས་ཀྱིས་མི་རིགས་རྩ་མེད་དང་ངལ་རྩོལ་བས་བཟོས་པའི་ཚོང་ཟོག་ནང་འདྲེན་བྱེད་པ་འགོག་ཐབས་དང་། གསར་འགྱུར་དང་གནས་ཚུལ་རང་དབང་གིས་ཁྱབ་སྤེལ་བཀག་སྡོམ་ཐད་ཞིབ་བཤེར་བྱ་རྒྱུ། ཨ་རིའི་མི་སེར་དང་ཁོ་ཚོའི་ནང་མི་ལ་དམིགས་ནས་ངན་སྐུལ་གྱི་ལས་འགུལ་འགོག་པ། རྒྱ་ནག་དང་ཧོང་ཀོང་ནང་དུ་ཆབ་སྲིད་བཙོན་པ་རྣམས་ལ་རང་དགར་བཀག་ཉར་དང་མནར་གཅོད་གཏོང་བ་བཅས་ཀྱི་སྐོར་ཞིབ་ཕྲའི་ངང་མངོན་གསལ་བྱས་ཡོད་པ་འཁོད་འདུག

རྩ་བའི་ད་ལན་གྱི་རྒྱ་ནག་ཐོག་གི་ལོ་འཁོར་སྙན་ཐོའི་ནང་། “Technology-Enhanced Authoritarianism” ཞེས་འཕྲུལ་ཆས་ཀྱིས་དབང་སྒྱུར་རིང་ལུགས་གོང་འཕེལ་དུ་བཏང་བ་ཞེས་པའི་གནས་ཚུལ་བཀོད་ཡོད་པ་དང་འབྲེལ། ཚན་རྩལ་གྱི་འཕྲུལ་ཆས་གསར་པ་དེ་དག་གིས་རྒྱ་ནག་དང་འཛམ་གླིང་ཁྱོན་ཡོངས་ཀྱི་གཞི་རྩའི་རང་དབང་ལ་ཞིབ་བཤེར་དང་བཙན་གནོན་གྱི་ལས་འགན་སྒྲུབ་བཞིན་ཡོད་པ་གསལ་སྟོན་གནང་ཡོིད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།