Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་གཞུང་ནས་༸གོང་ས་མཆོག་དང་གཞུང་འབྲེལ་མཇལ་མོལ་ཞུ་རྒྱུར་འཛེམ་ཟོན་གནང་རྒྱུ་མེད་པ་གསུངས་འདུག

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

བོད་རིག་པ་དང་ས་ཁམས་ཆབ་སྲིད་ཐོག་ཆེད་སྦྱོང་བྱས་པའི་རྩོམ་པ་པོ་དང་ལོ་རྒྱུས་སྨྲ་བ་ཞིག་གིས་གསར་དུ་འདེམས་ཐོན་བྱུང་བའི་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམས་ནས་བོད་ཀྱི་གནད་དོན་ལ་ཐུགས་སྣང་མང་ཙམ་གནང་དགོས་པའི་ཞུ་སྐུལ་དང་འབྲེལ། རྒྱ་གར་གཞུང་ངོས་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་གཞུང་འབྲེལ་སྒོ་ནས་མཇལ་མོལ་མང་ཙམ་གནང་རྒྱུ་དུས་ལ་བབས་ཡོད་པ་གསུངས་འདུག

Claude Arpi

དེ་ཡང་ཁ་ཉིན་ Deccan Chronicle གསར་ཤོག་ཐོག་བོད་དོན་ཆེད་མཁས་པ་དང་རྩོམ་པ་པོ་སྐུ་ཞབས་ Claude Arpi ལགས་ཀྱིས་དཔྱད་གཏམ་ཞིག་འདོན་སྤེལ་གནང་བའི་ནང་ཉེ་ལམ་ཨ་རིའི་གོང་འོག་གཉིས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་བ་མ་ཟད། གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ Nancy Pelosi ལགས་དང་ཆེས་མཐོའི་སྐུ་ཚབ་ཚོ་ཁག་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་ཞུས་པའི་གནད་དོན་དང་འབྲེལ། རྒྱ་གར་གཞུང་ནས་ ༸གོང་ས་མཆོག་དང་ལྷན་དུ་གཞུང་འབྲེལ་སྒོ་ནས་མཇལ་མོལ་ཞུ་རྒྱུར་འཛེམ་ཟོན་རྩ་བ་ནས་གནང་རྒྱུ་མེད་པའི་ཞུ་སྐུལ་དང་འབྲེལ་དེས་ཁེ་ཕན་རྒྱ་གར་ཉིད་ལ་ཐོབ་རྒྱུ་ཡིན་པ་གསལ་འདོན་གནང་འདུག

ཕ་རན་སིའི་མི་རྒྱུད་ཡིན་པའི་རྩོམ་པ་པོ་དང་ལོ་རྒྱུས་སྨྲ་བ་ལོ་ངོ་ ༤༠ ལྷག་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ Auroville དུ་གནས་སྡོད་བྱེད་བཞིན་པ་ Claude Arpi ལགས་ནས་རང་གི་དཔྱད་གཏམ་དེའི་ནང་། བོད་མ་ཤོར་གོང་གི་ལོ་རྒྱུས་ཀྱི་བྱུང་བ་ཁག་གཅིག་དྲན་གསོ་དང་སྦྲགས། ཁོང་གིས་ལོ་རྒྱུས་ཀྱི་བདེན་དོན་འདི་དག་དྲན་གསོ་བྱུང་བའི་རྒྱུ་རྐྱེན་ནི་ཉེ་ཆར་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་གཏན་འབེབས་བྱུང་ཡོད་པས་རྒྱུ་མཚན་གྱི་ཡིན་པའི་འགྲེལ་བརྗོད་གནང་འདུག  ཁྲིམས་ཡིག་འདིའི་ནང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་དང་དམར་ཤོག་ཚོགས་པའི་དཔོན་རིགས་རྣམས་ཀྱིས་བོད་ནི་གནའ་རབས་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་འཁྱོག་བཤད་དེ་བཞིན་ལོ་རྒྱུས་ཀྱི་གཞི་རྩ་བ་མེད་སྐོར་གསུངས་པ་མ་ཟད།  དམིགས་བསལ་གྱི་དོན་གནད་གལ་ཆེ་བ་གཅིག་ནི། ཨ་རིའི་ངོས་ནས་ཕྱི་འབྲེལ་གྱི་ཐབས་ལམ་ཡོང་རྫོགས་བེད་སྤྱོད་ཀྱིས་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་དང་བོད་མི། རྒྱལ་བ་སྐུ་ཕྲེང་རིམ་བྱོན་གཙོས་པའི་བོད་ཀྱི་སྒྲིག་འཛུགས་ཁག་གི་ཐད་འཁྱོག་བཤད་བྱས་པ་དག་གདོང་ལེན་བྱ་དགོས་པ་དེ་ཡིན་པ་མངོན་གསལ་གནང་འདུག

Claude Arpi

ཁོང་གིས་ད་དུང་ཨ་རིའི་གྲོས་ཚོགས་ནང་འདི་ལྟ་བུའི་ཁྲིམས་ཡིག་འཇོག་པ་མ་ཟད། ཟླ་བ་སྔོན་མར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ Nancy Pelosi མཆོག་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་གཞན་དང་ལྷན་དུ་རྒྱ་གར་དྷ་རམ་ས་ལར་༸གོང་ས་མཆོག་དང་མཇལ་འཕྲད་གནང་བ་དང་། ཐ་ན་གནས་ཆུང་ཆོས་སྐྱོང་གི་ཆོ་འཕྲུལ་ལའང་མཉམ་ཞུགས་བྱས་པ་མ་ཟད། ཉིན་གཅིག་གི་རྗེས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྒྱ་གར་གྱི་སྲིད་བློན་མོ་དྷི་གཙོས་གཞུང་འབྲེལ་མི་སྣ་དང་མཇལ་འཕྲད་གནང་བ་དེ་ནི་ཨ་རིའི་ངོས་ནས་བོད་ཀྱི་གནད་དོན་ཐོག་རྒྱ་གར་གཞུང་ནས་མཉམ་ཞུགས་བྱེད་དུ་འཇུག་འདོད་ཡོད་པ་ཡིན་སྲིད་པའི་འགྲེལ་བརྗོད་གནང་འདུག

Claude Arpi ལགས་ཀྱིས་ད་དུང་ཁོང་ནས་རྒྱ་གར་གྱི་གྲོས་ཚོགས་ནང་བོད་སྐོར་ཐེངས་ག་ཚོད་གླེང་སློང་གནང་ཡོད་མེད་ལ་ཞིབ་འཇུག་བྱས་པའི་ཁྲོད། ཕྱི་ལོ ༢༠༠༦ ནས ༢༠༡༣ བར་གྱི་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་ཀྱི་གྲོས་སྡུར་ཐོ་འགོད་ལ་བལྟས་ཚེ། འདས་པའི་ལོ་ངོ་དེ་དག་གི་རིང་ལ་གྲོས་ཚོགས་ཀྱི་འཐུས་མི་ཚོས་བོད་ཞེས་པའི་ཐ་སྙད་བེད་སྤྱོད་གཏོང་བ་ཉུང་དུ་སོང་ཡོད་པར་ཧ་ལས་དགོས་པ་ཞིག་ཏུ་མཐོང་སོང་ཞེས་དང་། ཕྱི་ལོ ༢༠༠༦ ནས ༢༠༡༢ བར་གྱི་དྲི་བ་དང་གཏམ་བཤད་ནང་བོད་ཞེས་པ་ལོ་གཅིག་ནང་ཐེངས་ ༣༠ ནས་ ༤༠ བར་གླེངས་བ་དེ་ལྟར་ཡང་། དེ་ནི་གཙོ་བོ་ས་མཚམས་དང་དཔལ་འབྱོར་གྱི་གནད་དོན་དང་འབྲེལ་ནས་བེད་སྤྱོད་བྱས་པ་ཙམ་ཡིན་པ་གསུངས་པ་མ་ཟད།  ཕྱི་ལོ ༢༠༡༤ ནས་བཟུང་། གྲོས་ཚོགས་སུ་བོད་ཅེས་པའི་ཐ་སྙད་དེ་ཐེངས་ ༡༩  ནས་ ༡༥ དང་། དེ་ནས་ཕྱིས་སུ་ཐེངས་ ༡༠ ལས་ཉུང་བ་གླེངས་འདུག་པར་འདས་ལོ་ ༢༠༢༣ ལོར་བོད་ཞེས་པའི་ཐ་སྙད་དེ་ཐེངས་ ༤ ཙམ་ལས་གླེངས་མེད་པ་གསལ་འདོན་གནང་འདུག

Claude Arpi

ཁོང་གིས་བོད་མཐོ་སྒང་ནི་རྒྱ་གར་གྱི་བདེ་འཇགས་ལ་གནད་འགག་ཆེན་པོ་ཡིན་པ་དང་། ལྷག་པར་དུ་བྱང་ཕྱོགས་ཀྱི་ས་ཁུལ་རྣམས་གལ་ཆེན་པོ་ཆགས་ཡོད་པ་དེ་ལྟར་ཡང་། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཚོས་བོད་ལ་དོ་སྣང་རྩ་བ་ནས་མི་བྱེད་དགོས་དོན་ཅི་ཡིན་ནམ་ཞེས་ཚོར་བ་དྲག་པོའི་ངང་དྲི་བ་གླེང་བ་དང་འབྲེལ། གང་ལྟར་ཡང་། ཁོང་ནས་རྒྱ་གར་གཞུང་ནས་ལངས་ཕྱོགས་འདི་འགྱུར་བ་གཏོང་དགོས་པ་ཞིག་རེད་ཅེས་དང་། གསར་དུ་འོས་འདེམས་བྱུང་བའི་གྲོས་ཚོགས་འཐུས་མི་ཚོས་དུས་ཚོད་མང་ཙམ་གཏང་ནས་བོད་ཀྱི་གནད་དོན་ཐད་དོ་སྣང་བྱ་སྟེ། གྲོས་ཚོགས་ནང་དེའི་སྐོར་ལ་རིམ་པས་བགྲོ་གླེང་བྱ་བའི་རེ་བ་བྱེད་རྒྱུ་ལས་ཐབས་གཞན་གང་ཡང་མེད་པའི་སེམས་འཚབ་བཏོན་འདུག

མ་ཟད་ད་ལོ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༩ ལ་ཕེབས་ཡོད་པས་རྒྱ་གར་གཞུང་ནས་མགོན་པོ་༸གང་ཉིད་དང་ལྷན་དུ་མཇལ་མོལ་གྱིས་ཕྱོགས་གཉིས་དབར་ལ་གཞུང་འབྲེལ་གྱི་འབྲེལ་ལམ་ཇེ་མང་དང་ཇེ་ཟབ་ཏུ་འགྲོ་དགོས་པའི་དུས་ལ་བབས་ཡོད་པ་དང་། དེས་ཀྱང་གཙོ་བོ་རྒྱ་གར་རང་ལ་ཁེ་ཕན་ཡོད་པར་ཐེ་ཚོམ་མེད་པ་རེད་ཅེས་གསུངས་འདུག

Claude Arpi

འབྲེལ་ཡོད་གསར་གནས།

གསར་གནས།