རྒྱ་ནག་གཞུང་གིས་ཐེ་བྱུས་གནོན་ཤུགས་འོག་བལ་ཡུལ་དུ་འཚོག་གཏན་ཁེལ་བའི་བོད་རིག་པའི་ཚོགས་འདུ་ཕྱིར་འཐེན་བྱེད་དགོས་བྱུང་འདུག

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

ལོ་ངོ་བཞིའི་སྔོན་ནས་ཐག་གཅོད་གཏན་ཁེལ་ཟིན་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་བདུན་པ་ཟླ་བ་འདིའི་ཚེས་ ༢༤ ནས་འཚོག་འཆར་ཡོད་ནའང་། ཚོགས་འདུ་འགོ་མ་ཚུགས་པའི་ཉིན་ཉི་ཤུ་ཙམ་གྱི་སྔོན་དུ་རྒྱ་ནག་གི་གནོན་ཤུགས་འོག བལ་ཡུལ་གཞུང་གིས་ཚོགས་འདུ་ཕྱིར་འཐེན་དགོས་པའི་བཀོད་ཁྱབ་བཏང་འདུག

དེ་ཡང་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་གོ་སྒྲིག་ཚོགས་ཆུང་གིས་ཚོགས་ཞུགས་བྱེད་མཁན་ཉམས་ཞིབ་པ་རྣམས་ལ་བཏང་བའི་ཡིག་འབྲེལ་འདི་ག་གསར་ཁང་ལ་ལག་སོན་བྱུང་བ་ལྟར་ན། བལ་ཡུལ་གཞུང་གིས་ཀ་ཐ་མན་གྲུ་གཙུག་ལག་སློབ་གཉེར་ཁང་ལ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་བདུན་པ་གཙོ་སྐྱོང་གོ་སྒྲིག་མི་ཆོག་པའི་བཀོད་ཁྱབ་བཏང་བའི་རྗེས། ཀ་ཐ་མན་གྲུ་གཙུག་ལག་སློབ་གཉེར་ཁང་གི་ཧི་མ་ལ་ཡའི་ཨེ་ཤི་ཡའི་ཞིབ་འཇུག་ལྟེ་གནས་དང་། ནང་བསྟན་ཞིབ་འཇུག་ལྟེ་གནས་གཉིས་ཀྱིས་ཞིབ་འཇུག་ཚོགས་འདུའི་གཙོ་སྐྱོང་ལས་གནས་ནས་ཕྱིར་འཐེན་བྱས་ཡོད་པ་བསྒྲགས་འདུག

Kathmandu Post གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། བལ་ཡུལ་གཞུང་གི་སྤྱི་ཁྱབ་དྲུང་ཆེ་གོ་བིནྡྲ་བ་ཧ་དུར་ཀར་ཀེ་(Govinda Bahadur Karkee)ཡིས་ཕྱི་སྲིད་དྲུང་ཆེ་ཨམ་རིཊ་བ་ཧ་དུར་ར་ཧི་(Amrit Bahadur Rai)ལྷན་གྲོས་བསྡུར་བྱས་རྗེས། རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་གཙོ་སྐྱོང་བ་ཀ་ཐ་མན་གྲུ་གཙུག་ལག་སློབ་གཉེར་ཁང་ལ་ཚོགས་འདུ་ཕྱིར་འཐེན་དགོས་པའི་ལམ་སྟོན་བྱས་ཡོད་པ་བསྒྲགས་འདུག

གནད་དོན་དེ་དང་འབྲེལ་ཏེ་བལ་ཡུལ་གཞུང་གི་སྤྱི་ཁྱབ་དྲུང་ཆེ་ཀར་ཀི་ཡིས། ཚོགས་འདུ་དེ་ཉིད་ཆབ་སྲིད་ཐོག་ནས་ཚོར་བ་སྐྱེན་པོ་ཡོད་པའི་འདུ་འཛོམས་ཤིག་ཡིན་པ་མ་ཟད། བདེ་འཇགས་ཐོག་ནས་ཀྱང་དཀའ་ངལ་འཕྲད་སྲིད་པའི་རྐྱེན་གྱིས་གོ་སྒྲིག་ཚོགས་ཆུང་ལ་ཚོགས་འདུ་ཕྱིར་འཐེན་དགོས་པའི་ལམ་སྟོན་བྱས་ཡོད་པ་ (Kathmandu Post) ལ་བཤད་འདུག

གཞན་ཡང་ཚོགས་བཅར་བ་ལ་བཏང་བའི་ཡིག་འབྲེལ་དེའི་ནང་དུ། ཚོགས་འདུའི་གོ་སྒྲིག་ཚོགས་ཆུང་ངོས་ནས་བོད་རིག་པའི་ཚོགས་འདུའི་འགན་འཛིན་ལྷན་ཚོགས་དང་གྲོས་བསྡུར་གྱིས། ཟླ་བ་འདིའི་ཚེས་ ༧ རེས་གཟའ་པ་སངས་ཉིན་ཐག་གཅོད་གང་བྱུང་བ་དེ་གསལ་བསྒྲགས་བྱ་རྒྱུ་ཡིན་པ་དང་། དེ་བར་དུ་ཚོགས་ཞུགས་པ་རྣམས་ཀྱིས་འགྲུལ་བཞུད་འཆར་གཞིར་འགྱུར་བ་གཏང་རྒྱུར་ངང་སྒུག་དགོས་པའི་འབོད་སྐུལ་ཞུས་འདུག

འོན་ཀྱང་། ཚོགས་འདུ་ཕྱིར་འཐེན་དང་འབྲེལ་བའི་གཞུང་འབྲེལ་ཐོག་ནས་ཡི་གེ་ད་ལྟ་བར་དུ་བཏང་མི་འདུག

ཚོགས་ཞུགས་ཉམས་ཞིབ་པར་བཏང་བའི་གློག་འཕྲིན།

སྤྱིར་དེ་སྔོན་བལ་ཡུལ་གཞུང་གི་བདེ་འཇགས་ལས་ཁུངས་ཀྱིས་ཚོགས་འདུ་དེར་ཕྱོགས་ཡོངས་ནས་ཞིབ་འཇུག་བྱས་པའི་རྗེས། གཞུང་གི་སྟངས་འཛིན་འོག་ཏུ་ཚོགས་འདུ་དེ་འཚོག་ན་འཐུས་ཚུལ་གྱིས་རྒྱབ་གཉེར་བྱས་ཡོད་པ་མ་ཟད། ནང་སྲིད་བློན་ཆེན་སུ་དན་གུ་རུང་(Sudan Gurung)གིས་ཀྱང་ཚོགས་ཞུགས་བྱེད་མཁན་རྣམས་ལ་བྱ་ར་བྱེད་པ་མ་གཏོགས། ཚོགས་འདུ་ཕྱིར་འཐེན་བྱ་རྒྱུ་མིན་པའི་སྐོར་བཤད་ཡོད།

རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་དང་འབྲེལ་ཏེ་ས་ཁམས་ཆབ་སྲིད་ཀྱི་གླེང་གཞི་དེ། དེ་སྔོན་ཟླ་བ་ ༧ ཚེས་ ༢༡ ཉིན་བལ་ཡུལ་གནས་སྡོད་རྒྱ་ནག་གཞུང་ཚབ་ཀྱིས་བལ་ཡུལ་ཕྱི་སྲིད་དྲུང་ཆེ་ཨམ་རིཊ་བ་ཧ་དུར་ར་ཧི་དང་ཐུག་འཕྲད་བྱས་ཏེ། བལ་ཡུལ་དུ་འཚོག་འཆར་ཡོད་པའི་རྒྱལ་སྤྱིའི་ཚོགས་འདུ་དེའི་སྐོར་གྲོས་བསྡུར་དང་། ལྷག་པར་དུ་ཚོགས་འདུ་སྐབས་བོད་དོན་ལ་རྒྱབ་སྐྱོར་དང་། རྒྱ་ནག་ལ་སྐྱོན་བརྗོད་རིགས་ཡོང་སྲིད་པས། བལ་ཡུལ་གཞུང་ནས་དམ་དོན་དགོས་པའི་རེ་སྐུལ་བྱས་ཡོད་པའི་རྗེས་སུ་བྱུང་བ་ཞིག་ཡིན།

རྒྱ་ནག་གཞུང་གིས་བལ་ཡུལ་གྱི་སྲིད་གཞུང་གསར་པའི་འོག་ཏུ་བལ་ཡུལ་ནང་རྒྱ་ནག་ལ་ཁ་གཏད་ཀྱི་ལས་འགུལ་རིགས་སྤེལ་སྲིད་པའི་དོགས་པ་ཆེན་པོ་བྱེད་ཀྱི་ཡོད་པ་དང་། དམིགས་བསལ་ནུབ་ཕྱོགས་རྒྱལ་ཁབ་ཏུ་བཙུགས་པའི་བོད་རིག་པའི་ཚོགས་པ་ཞིག་གི་ཚོགས་འདུ་བལ་ཡུལ་ནང་འཚོག་པར་དོགས་ཟོན་ཆེན་པོ་བྱེད་བཞིན་པའི་ཁྲོད། རྒྱ་ནག་གཞུང་གིས་བལ་ཡུལ་ལ་གནོན་ཤུགས་མུ་མཐུད་སྤྲོད་ཆེད་ཟླ་བ་ ༧ ཚེས་ ༢༩ ཉིན་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་མི་དང་རྒྱ་ནག་ནང་པའི་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་ཡེ་ཤུན་Yinshun)བལ་ཡུལ་དུ་སླེབས་ཡོད། གནས་ཚུལ་ཐོན་པར་གཞིགས་ན། སྐབས་དེར་ཡེ་ཤུན་གྱིས་བལ་ཡུལ་གཞུང་གི་ཕྱི་སྲིད་དྲུང་ཆེ་དང་ཐུག་འཕྲད་བྱས་ནས། བོད་རིག་པའི་ཚོགས་འདུའི་སྐོར་གྲོས་བསྡུར་བྱས་ཡོད་པར་བསྒྲགས་འདུག

བལ་ཡུལ་གཞུང་གི་བདེ་འཇགས་ལས་ཁུངས་ཀྱི་རྒྱབ་གཉེར་དང་། ནང་སྲིད་བློན་ཆེན་གྱི་བསྒྲགས་གཏམ་ལ་མ་ལྟོས་པར། རྒྱ་ནག་གི་དཔོན་རིགས་བལ་ཡུལ་དུ་སླེབས་ནས་བདུན་ཕྲག་གཅིག་ཙམ་གྱི་རྗེས་སུ། བལ་ཡུལ་གཞུང་གིས་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་གོ་སྒྲིག་ཆུང་ལ་ཚོགས་འདུ་ཕྱིན་འཐེན་དགོས་པ་བཤད་འདུག

བར་ལམ་བལ་ཡུལ་ནང་དུ་བོད་དོན་དེ་ཆབ་སྲིད་ཀྱི་གླེང་གཞི་ཆེན་པོ་ཞིག་ཏུ་འགྱུར་བཞིན་པའི་ཁྲོད། རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་དེ་ཡང་བོད་དོན་ཆབ་སྲིད་དང་འབྲེལ་བ་ཡོད་སྲིད་པའི་དོགས་པ་བྱེད་མཁན་མང་པོ་ཡོད་ནའང་། ཚོགས་འདུའི་གོ་སྒྲིག་ཚོགས་མི་ཞིག་གིས། “ཚོགས་འདུ་དེ་བལ་ཡུལ་དུ་འཚོག་རྒྱུ་དེ་ཉེ་ཆར་ཐག་གཅོད་བྱས་པ་ཞིག་མ་ཡིན་པར། ཕྱི་ལོ་ ༢༠༢༢ ལོར་གཏན་ཁེལ་བྱས་པ་ཞིག་པ་ཡིན་པ་མ་ཟད། ཚོགས་འདུའི་ནང་དུ་པེ་ཅིང་གཙུག་སློབ་གཉེར་ཁང་གི་མཁས་པ་འཚུད་པའི་རྒྱ་ནག་རང་ནས་མཁས་པ་ཕོན་ཆེ་ཡོང་གི་ཡོད།” ཅེས་ལན་འདེབས་བྱས་འདུག

དེ་བཞིན་ཚོགས་མི་གཞན་ཞིག་གིས། “ང་ཚོས་བོད་དོན་ལ་རྒྱབ་སྐྱོར་དང་། རྒྱ་ནག་ལ་སྐྱོན་བརྗོད་ཀྱི་ལས་འགུལ་དང་བསྒྲགས་གཏམ་སྤེལ་འཇུག་རྒྱུ་མིན་པ་དང་། དེ་ལྟ་བུའི་ལས་འགུལ་དང་འབྲེལ་བ་ཡོད་པ་རྣམས་ཚོགས་འདུར་མགྲོན་འབོད་བྱས་མེད་པའི་སྐོར་འབྲེལ་ཡོད་དབང་འཛིན་པ་ཚོར་ཞུས་ཡོད།” ཅེས་བཤད་འདུག

གོ་སྒྲིག་ཚོགས་ཆུང་ངོས་ནས་ཚོགས་འདུ་དེ་བཞིན་ཆབ་སྲིད་དང་འབྲེལ་བ་མེད་པའི་ཤེས་ཡོན་བརྗེ་ལེན་གྱི་འདུ་འཛོམས་ཤིག་ཡིན་པའི་ཁུངས་སྐྱེལ་ར་སྤྲོད་བྱས་ནའང་། སྲིད་གཞུང་གི་གནོན་ཤུགས་འོག་ཀ་ཐ་མན་གྲུ་གཙུག་ལག་སློབ་གཉེར་ཁང་ཚོགས་འདུའི་གཙོ་སྐྱོང་བའི་ལས་གནས་ནས་ཕྱིར་འཐེན་བྱ་དགོས་བྱུང་ཡོད་པ་དང་། འབྱུང་འགྱུར་ཚོགས་འདུ་གང་དུ་འཚོག་རྒྱུ་ཡིན་མིན་དེ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་པར་རག་ལུས་ཡོད་སྐོར་ཀ་ཐ་མན་གྲུ་གཙུག་ལག་སློབ་གཉེར་ཁང་གི་མགྲིན་ཚབ་པས་གསལ་བཤད་བྱས་འདུག

ཡང་གོ་སྒྲིག་ཚོགས་མི་གཞན་ཞིག་གིས་རྒྱ་ནག་གཞུང་གིས་ཚོགས་འདུ་དེར་དོ་གཟབ་བྱེད་དགོས་དོན་ནི། ད་ཆ་བཙན་བྱོལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་དུ། ཉེ་ལམ་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ལ་ངོ་རྒོལ་བྱེད་བཞིན་པའི་སྐབས་ཡིན་དུས། བལ་ཡུལ་ནང་དུའང་དེ་ལྟ་བུ་ཞིག་མི་ཡོང་བའི་ཆེད་དུ་རྒྱ་ནག་གཞུང་གིས་བལ་ཡུལ་ལ་ཤུགས་རྐྱེན་སྤྲད་ཡོད་སྲིད་པ་རེད་ཅེས་བཤད་འདུག

གནད་དོན་དེའི་སྐོར་རྒྱུས་མངའ་ཡོད་པའི་བལ་ཡུལ་གཞུང་གི་དཔོན་རིགས་ཁྲོད། བལ་ཡུལ་གཞུང་ངོས་ནས་འཕྲལ་དུ་ཚོགས་འདུ་ཕྱིར་འཐེན་མ་བྱས་པར། དེ་ལ་སྟངས་འཛིན་བྱས་པའི་ཐོག་ནས་འཚོག་འཇུག་ན་བཟང་བ་ཡོད་པའི་བསམ་ཚུལ་ཤོད་མཁན་ཡང་བྱུང་འདུག

ད་ཆ་བོད་རིག་པའི་ཚོགས་འདུ་ཕྱིར་འཐེན་དགོས་པའི་བཀོད་ཁྱབ་བཏང་ཟིན་ནའང་། ཚོགས་འདུ་དེ་དང་འབྲེལ་བ་ཡོད་པའི་རྒྱ་ནག་གཞུང་གི་འཐུས་ཚབ་རྣམས་བལ་ཡུལ་དུ་ཟླ་བ་ ༨ ཚེས་ ༡༨ ཉིན་ནས་ཉིན་གྲངས་གསུམ་རིང་ཕྱོགས་སྐྱོད་ལ་ཡོང་འཆར་འདུག་ལ། དེའི་ནང་དུ་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་རྒྱུན་ལས་དང་། མི་རིགས་དང་ཆོས་ལུགས་ལྷན་ཚོགས་ཀྱི་ངེས་སྟོན་པ་གཞོན་པ། རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཚོགས་པའི་ཚོགས་གཞོན་ཇི་ཧང་ཇིའང་གོ་(Jiang Jianguo)ཡིས་འགོ་ཁྲིད་པའི་འཐུས་ཚབ་མི་ལྔ་ཡོང་རྒྱུ་ཡིན་པའི་གནས་ཚུལ་ཐོན་ཡོད།

གཞི་རྩའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པ་དེ་བཞིན་ཕྱི་ལོ་ ༡༩༧༩ ལོར་དབྱིན་ཡུལ་གྱི་ཨོག་སི་ཧྤོཊ་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་ལོ་རྒྱུས་དང་། ཆོས་ལུགས། སྐད་ཡིག སྒྱུ་རྩལ་ཐོག་ཉམས་ཞིབ་བྱེད་མཁན་གྱི་ཚོགས་པའི་ངོ་བོར་བཙུགས་པ་ཞིག་ཡིན་པ་དང་། ད་བར་ཞིབ་འཇུག་ཚོགས་པ་དེས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་དྲུག་བསྐོང་ཟིན་འདུག །

འབྲེལ་ཡོད་གསར་གནས།

གསར་གནས།