Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གུང་ཁྲན་ཏང་ལ་ང་ཚོའི་ངོས་ནས་རེ་བ་རྩ་བ་ནས་མཐོང་གི་མི་འདུག་ཅེས་གསུངས་པ།

Tibetan News Headlines

རེས་གཟའ་ཉི་མ། ༢༠༢༤།༠༦།༣༠

  • བོད་བརྒྱུད་ནང་བསྟན་གྱི་མ་འོངས་གནས་བབ་སོགས་དང་འབྲེལ་ནས་གླེང་མོལ།

དེ་རིང་རྒྱ་གར་གྱི་རྒྱ་ས་ལྡི་ལིར་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་དྲུག་པ་ཚོགས་སོང་བ་དང་། རྒྱལ་ས་ལྡི་ལིའི་ IIC འམ་རྒྱ་གར་དང་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་འཚོགས་བཞིན་པའི་ཚོགས་ཆེན་གྱི་སྐུ་མགྲོན་གཙོ་བོར་རྒྱ་གར་གྱི་དམག་སྤྱི་ཟུར་པ་སྐུ་ཞབས་ MM Naravane མཆོག་དང་དམིགས་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་ཆེད་ཕེབས་གནང་འདུག

དེ་རིང་སྔ་དྲོ་དབུ་འབྱེད་ཀྱི་མཛད་སྒོར་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་དྲུག་པའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་ཚོགས་ཆེན་གྱི་དམིགས་ཡུལ་ནི་བོད་རང་བཙན་འཐབ་རྩོད་ཀྱི་ཁ་ཕྱོགས་ཐོག་མདུན་བསྐྱོད་གནང་ཕྱོགས་སྐོར་ཡིན་པར་འགྲེལ་བརྗོད་དང་སྦྲགས། ཁོང་སྒེར་གྱི་ངོས་ནས་རྒྱ་ནག་གུང་ཁྲན་ཏང་ལ་ཡིད་ཆེས་དང་རེ་བ་རྩ་བ་ནས་མཐོང་གི་མི་འདུག་ཅེས་གསུངས་པ་དང་ཆབས་ཅིག ང་ཚོས་ངེས་པར་དུ་གཞིས་བཞུགས་བོད་མིའི་མངོན་འདོད་སྒྲུབ་ཐབས་གནང་དགོས་ཞེས་གསུངས་ཡོད།

ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་ད་དུང་ཚོགས་ཆེན་ཐོག་ནས་རང་བཙན་འཐབ་རྩོད་པ་ཕན་ཚུན་དབར་བསམ་ཚུལ་བརྗེ་ལེན་དང་གྲོས་བསྡུར་གནང་རྒྱུ་ལས་གསུང་བཤད་སོགས་ཀྱི་ལས་རིམ་མེད་པར་གསུངས་པ་མ་ཟད། ལྷག་པར་དུ་རྒྱལ་སྤྱིའི་བོད་རང་བཙན་ལྷན་ཚོགས་ཀྱི་ངོས་ནས་རང་བཙན་འཐབ་རྩོད་བྱེད་བཞིན་པའི་ཡུ་གུར་དང་ལྷོ་སོག་བཅས་དང་མཉམ་འབྲེལ་ཐོག་ནས་རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་ཐབས་ལ་ཤུགས་སྣོན་ཡོང་ཐབས་གནང་གི་ཡོད་ཅེས་གསུང་སོང་།

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་དམག་སྤྱི་ཟུར་པ་སྐུ་ཞབས་ MM Naravane མཆོག་གིས་ཁོང་དམག་སྤྱི་གནང་བཞིན་པའི་སྐབས་ཀྱི་དྲན་གསོ་གནང་སྟེ་བོད་མི་ཚོས་སོ་སོའི་ངོ་བོ་མི་ཉམས་རྒྱུན་འཛིན་གནང་བཞིན་པའི་སྙིང་སྟོབས་དང་སེམས་ཤུགས་བཅས་ལ་ཡི་རངས་དང་འཕགས་བོད་བར་གྱི་འབྲེལ་ལམ། དེ་བཞིན་རྒྱ་ནག་དམར་པོའི་གཞུང་གིས་བོད་ཧམ་བཟུང་བྱས་པའི་གནས་ཚུལ་ཁག་གསུངས་པ་དང་འབྲེལ། ཉེ་ཆར་རྒྱ་ནག་གཞུང་གིས་བཏོན་པའི་རྒྱབ་ཤ་དཀར་པོའི་ནང་དུས་རབས་བདུན་པ་ནས་བཟུང་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་སྐོར་བཤད་ཡོད་ཀྱང་། དེ་ནི་རྫུན་གཏམ་དང་ལོ་རྒྱུས་ལ་ལོག་འགྲེལ་བྱས་པ་ཞིག་རེད་ཅེས་གསུངས་ཡོད།

སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ངོ་བོར་དམིགས་བསལ་སྐུ་མགྲོན་དུ་ཆེད་ཕེབས་གནང་ཡོད་པ་ལྟར། ཁོང་གིས་ཁོང་ནི་རང་བཙན་ཞེས་པའི་ཚིག་གཉིས་པོ་དེར་དགའ་ཞེན་དང་བརྩི་བཀུར་ཞུ་མཁན་ཞིག་ཡིན་པ་དང་། ལྷག་པར་ད་ལན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ངོ་བོའི་ཐོག་ནས་ཕེབས་ཐུབ་པ་དེ་ནི་དགའ་སྤོབས་ལྡན་པ་ཞིག་ཡིན་པ་སོགས་ངོ་སྤྲོད་གནང་སྟེ། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་ང་ཚོས་གུས་བརྩི་ཞུ་དགོས་པ་དང་། རང་བཙན་དང་དབུ་མའི་བར་འགལ་ཟླ་གང་ཡང་མེད་ཅེས་གསུངས་སོང་། གཞི་རྩའི་རྒྱལ་སྤྱིའི་རང་བཙན་ཚོགས་ཆེན་ཐེངས་དྲུག་པའི་དབུ་འབྱེད་ཀྱི་མཛད་སྒོ་ཐོག་ཡུ་གུར་མི་རིགས་ཀྱི་རང་བཙན་འཐབ་རྩོད་པའི་སྐུ་ཚབ་ཕེབས་འདུག་པ་མ་ཟད་། ཚོགས་ཆེན་ཐོག་རྒྱ་གར་དང་བལ་ཡུལ་གཙོས་ཕྱི་རྒྱལ་ས་གནས་ཁག་ཅིག་བཅས་ནས་ཚོགས་བཅར་བ་ཁྱོན་མི་གྲངས་གྲངས་ ༥༠ ལྷག་ཕེབས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།