Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་དེ་ལོ་དགུ་བསྟུད་མར་དྲ་རྒྱའི་རང་དབང་ཆེས་སྡུག་ཤོས་ཀྱི་རྒྱལ་ཁབ་ལ་ཐེར་འདོན། 

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་གནས་བབ་སོགས་ལ་ཞིབ་འཇུག་གནང་མཁན་ Freedom House ཞེས་ཨ་རིའི་རང་དབང་ཁང་པས་རྒྱ་ནག་གཞུང་གིས་སྲིད་བྱུས་སྣ་ཚོགས་ཤིག་གཏན་འབེབས་བྱས་ཏེ་ཡུལ་དེའི་མང་ཚོགས་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་དང་། བརྒྱུད་ལམ་ཁག་ལ་བཏང་འཛིན་ནན་པོ་བྱེད་བཞིན་པའི་གནད་དོན་ཁག་གཅིག་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་དེ་དྲ་རྒྱའི་རང་དབང་ཆེས་སྡུག་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པར་ཐེར་འདོན་གནང་འདུག

ཁ་སང་ཕྱི་ཚེས་ ༤ ཉིན་ཨ་རིའི་རང་དབང་ཁང་པས་རྒྱལ་སྤྱིའི་དྲ་རྒྱའི་རང་དབང་གི་ལོ་འཁོར་སྙན་ཐོ་ཐེངས་ ༡༣ པ་འདོན་སྤེལ་གནང་ཡོད་པ་དང་། སྙན་ཐོ་ནང་ཨ་རི་རང་དབང་ཁང་པས་འདས་ལོའི་ཕྱི་ཟླ་ ༧ ནས་འདི་ལོའི་ཕྱི་ཟླ་ ༥ བར་རྒྱལ་སྤྱིའི་རྒྱལ་ཁབ་ ༧༠ ནང་གི་གནས་ཚུལ་ཞིབ་བཤེར་དང་དམ་བསྒྲགས། གནས་ཚུལ་རྗུན་མ་ཁྱབ་སྤེལ། དྲ་རྒྱའི་རང་དབང་། སྨྲ་བརྗོད་རང་དབང་། དེ་བཞིན་ ARTIFICIAL INTELLIGENCE (AI) ཞེས་མིས་བཟོས་རིག་ནུས་དམ་བསྒྲགས་ལས་དོན་ལ་སྤྱོད་པ་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་གནང་བའི་གྲུབ་དོན་ཁག་གསལ་འདོན་གནང་འདུག

སྙན་ཐོ་ནང་གསལ་བའི་རྒྱ་ནག་སྡེ་ཚན་ཁོངས་སུ་རྒྱ་ནག་གཞུང་ནི་དུས་རྒྱུན་ནས་སྨྲ་བརྗོད་རང་དབང་ལ་དམ་བསྒྲགས་ཆེན་པོ་བྱེད་མཁན་ཞིག་ཡིན་པར་མ་ཟད། འདས་པའི་ལོ་དུས་ནང་དྲ་རྒྱའི་ཐོག་རང་ཉིད་ཀྱི་བསམ་ཚུལ་བཤད་མཁན་ལས་འགུལ་བ་དང་། གཞི་རིམ་མི་མང་མི་ཉུང་བ་འཛིན་བཟུང་བྱས་ཏེ་བཙུན་འཇུག་གི་ཁྲིམས་བཅད་པའི་གནས་སྟངས་བྱུང་ཡོད་པ་སོགས་འགྲེལ་བརྗོད་གནང་སྟེ། ཞི་ཅིན་ཕིང་གི་སྲིད་འཛིན་ལས་ཡུན་ནང་སྤྱི་ཡོངས་ནས་རྒྱལ་ནང་གི་དྲ་རྒྱའི་རང་དབང་གི་གནས་བབ་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་ཅེས་གསུངས་འདུག

རྒྱ་ནག་གཞུང་གིས་ཡུལ་དེའི་ནང་ ARTIFICIAL INTELLIGENCE (AI) ཞེས་མིས་བཟོས་རིག་ནུས་ཀྱི་འཕྲུལ་རིགས་བཟོ་སྐྲུན་བྱེད་མཁན་གྱི་སྒྲིག་འཛུགས་ཁག་ལ་ AI འཕྲུལ་རིགས་རྣམས་རྒྱ་ནག་གཞུང་གི་དགོས་མཁོ་དང་མཐུན་པ་ཁོ་ན་བཟོ་དགོས་པ་སོགས་སྒྲིག་གཞི་གཏན་འབེབས་བྱས་པ་མ་ཚད་པར་ AI འཕྲུལ་རིགས་ཁག་གཅིག་ཆེད་མངགས་རྒྱ་གཞུང་གི་ལྟ་སྤྱོད་དང་མི་མཐུན་པའི་གནས་སྤེལ་ལ་དམ་བསྒྲགས་དང་བྱ་རྒྱུ་དང་། དྲ་བ་དང་བརྙན་བཅོས་བསྒྱུར་བྱས་ཏེ་རྒྱ་ནག་གི་དྲིལ་བསྒྲགས་ལས་དོན་ཁོ་ན་བྱེད་དུ་བཅུག་གི་ཡོད་པ་སོགས་གསལ་འདོན་དང་ཆབས་ཅིག རྒྱ་ནག་དེ་ནི་འདི་ལོ་ཡང་རྒྱལ་སྤྱིའི་ཐོག་དྲ་རྒྱའི་རང་དབང་སྡུག་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་ཡོད་པར་གསུངས་འདུག་སྟབས། དེ་ནི་འདས་པའི་ལོ་ངོ་དགུ་རིང་བསྟུད་མར་དྲ་རྒྱའི་རང་དབང་ཆེས་སྡུག་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པར་ཐེར་འདོན་གནང་བ་ཆགས་ཡོད། 

ཨ་རིའི་རང་དབང་ཁང་པའི་སྙན་ཐོར་རྒྱ་ནག་གཞུང་གི་སྨྲ་བརྗོད་རང་དབང་དང་དྲ་རྒྱའི་རང་དབང་བརྩི་མེད་རྡོལ་རོལ་གཏོང་བཞིན་པ་རྣམས་ཐེར་འདོན་གནང་བར་མ་ཟད། རྒྱ་གཞུང་གི་དམ་བསྒྲགས་དང་ཚོད་འཛིན་ལ་ལྟོས་མེད་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་དང་བྱེད་བབ་ཁག་ལ་འཛེམ་ཟོན་མེད་པར་དྲ་ཐོག་བརྒྱུད་ཁྱབ་སྤེལ་གནང་མཁན་གྱི་གཞི་རིམ་མི་དང་ལས་འགུལ་བ་རྣམས་ཀྱི་སེམས་ཤུགས་དང་ལྷག་བསམ་ལ་ཆེ་བསྟོད་གནང་འདུག

གཞི་རྩའི་རྒྱ་ནག་གཞུང་གིས་ཉེ་ལམ་དར་ཁྱབ་འབྱུང་བཞིན་ AI མིས་བཟོས་རིག་ནུས་ཀྱི་འཕྲུལ་རིགས་སྤྱོད་དེ་མི་མང་གི་སྨྲ་བརྗོད་རང་དབང་ལ་དམ་བསྒྲགས་བྱས་པ་དང་། འདས་པའི་ལོ་དུས་ནང་དྲ་རྒྱའི་བདེ་འཇགས་དང་རྒྱལ་ཁབ་ཀྱི་བདེ་འཇགས་སོགས་ཀྱི་མིང་བྱང་འོག་ཁྲིམས་སྒྲིག་སྣ་ཚོགས་བཟོས་ཏེ་རྒྱ་ནག་ཁྱོན་ཡོངས་སུ་རྒྱལ་སྤྱིའི་ཐོག་དར་སོ་ཆེ་བའི་སྤྱི་ཚོགས་དྲམ་ལམ་ཁག་སྒོ་བརྒྱབས་པ་དང་། རྒྱ་གཞུང་གི་ལྟ་སྤྱོད་དང་མི་མཐུན་པའི་ཐ་སྙད་ཁག་དྲ་ཐོག་ནས་བཀག་སྡོམ་བྱས་པ་སོགས་ཀྱི་ལས་གཞི་སྣ་མང་སྤེལ་ཡོད་པ་དང་། ཐེངས་འདིའི་ཨ་རིའི་རང་དབང་ཁང་པའི་སྙན་ཐོ་ལྟར་བྱས་ན་དྲ་རྒྱའི་རང་དབང་སྡུག་ཤོས་ཀྱི་རྒྱལ་ཁབ་དེ་རྒྱ་ནག་དང་དེའི་རྗེས་སུ་ Myanmar དང་ Iran སོགས་ཆགས་ཀྱི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།