Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་གྲོས་ཚོགས་འཐུས་མིའི་མཐུན་ཚོགས་ཐེངས་གསུམ་པ་ཚོགས་པ།

Tibetan News Headlines

  • Local religious heads of Dharamsala come together to pray for successful knee treatment of Dalai Lama
  • Former MP Jigmey Jungney formally takes charge as Representative of Delhi Bureau
  • China’s Communist Party expels ex-defence ministers over corruption charges
  • Public poll calls for urgent reform in Tibetan democracy

རེས་གཟའ་པ་སངས། ༢༠༢༤།༠༦།༢༨

  • ༸གོང་ས་མཆོག་གི་ཞབས་པུས་སྨན་བཅོས་ལམ་ལྷོང་སླད་བོད་མི་ཙམ་མ་ཟད་རྒྱ་གར་གྱི་ཆོས་ལུགས་འདྲ་མིན་གྱི་འགོ་ཁྲིད་རྣམས་ནས་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ།
  • ལྡི་ལི་སྐུ་ཚབ་དོན་གཅོད་ཀྱིས་དེ་རིང་དངོས་སུ་ལས་འཁུར་གྱི་ཐུགས་འགན་བཞེས་འདུག
  • རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་དམར་ཤོག་ཚོགས་པ་ནས་ཕྱིར་འབུད།
  • བོད་མིའི་བསམ་ཚུལ་བསྡུ་ལེན་གྱི་སྙན་ཐོ་དབུ་འབྱེད། 

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ནང་ Ipac ཞེས་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མནའ་འབྲེལ་ལྷན་ཚོགས་ཤིག་ཚོགས་ཡོད་པ་དང་། ལྷན་ཚོགས་ཐོག་རྒྱལ་ཁབ་སུམ་བཅུའི་གྲོས་ཚོགས་འཐུས་མི་ལྔ་བཅུ་ཙམ་འདུ་འཛོམས་གནང་བའི་ཁྲོད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཆོག་མཉམ་ཞུགས་གནང་འདུག

རྒྱལ་ཁབ་སུམ་བཅུ་ལྷག་གི་གྲོས་ཚོགས་འཐུས་མི་མཉམ་རུབ་ཀྱིས་རྒྱ་ནག་ལ་གདོང་ལེན་ཆེད་དུ་དམིགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མནའ་འབྲེལ་མཐུན་ཚོགས་དེ་ཐོག་མ་ཕྱི་ལོ་ ༢༠༢༠ ཟླ་ ༦ ནང་གསར་འཛུགས་གནང་དོན་ལྟར་ད་བར་ལྷན་ཚོགས་ཐེངས་གཉིས་ཚོགས་ཡོད་པའི་ཁྲོད། ཟླ་བ་འདིའི་ཚེས་ ༢ དང་ ༣ བཅས་ཉིན་གྲངས་གཉིས་རིང་ཅེཀ་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ནང་ཡུལ་དེའི་གྲོས་ཚོགས་འོག་མའི་ཚོགས་གཞོན་ལྕམ་ Eva Decroix ལགས་དང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Pavel Fischer ལགས་རྣམ་གཉིས་ཀྱིས་གོ་སྒྲིག་གནང་སྟེ་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་གྲོས་ཚོགས་འཐུས་མིའི་མཐུན་ཚོགས་ཐེངས་གསུམ་པ་དེ་ཚོགས་གནང་ཡོད།

མཐུན་ཚོགས་ཐེངས་གསུམ་པའི་ཐོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ Jan Lipavsky ལགས་དང་གྲོས་ཚོགས་འོག་མའི་ཚོགས་གཙོ་ Marketa Pekarova Adamova ལགས། ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ Jaushieh Joseph Wu ལགས་གཙོས་གླིང་ཆེན་ལྔའི་གྲོས་ཚོགས་འཐུས་མི་མང་དག་ཅིག་ལྷན་ཞུགས་གནང་ཡོད་པར་མ་ཟད། བོད་མིའི་ཕྱོགས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་མཉམ་ཞུགས་གནང་འདུག

ལྷག་དོན་ཚོགས་ཆེན་ཐོག་ཏུ་རྒྱ་ནག་གཞུང་གིས་དམིགས་འབེན་བྱ་ཡུལ་རྒྱལ་ཁབ་ཁག་གི་སྐུ་ཚབ་ཁོངས་སུ་ཧོང་ཀོང་གི་ཆབ་སྲིད་ལས་འགུལ་བ་གཞོན་སྐྱེས་ Finn Lau ལགས་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག ཡུ་གུར་གྱི་ཐོབ་ཐང་རྩོད་ལེན་པ་ Rahima Mahmut  ལགས་གཙོས་ལས་འགུལ་བ་དང་ཉམས་ཞིབ་མི་སྣ་ཁག་ཅིག་གིས་རྒྱ་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་སྐོར་དང་འབྲེལ་བའི་བརྗོད་གཞི་ཐོག་བསྒྲགས་གཏམ་སྒྲོག་སྦྱང་གནང་བར་གྲོས་ཚོགས་འཐུས་མི་རྣམས་ཀྱིས་དེར་རྒྱབ་སྐྱོར་གྱི་དགའ་བསུ་ཞུས་པ་དང་། ཁ་སང་ཕྱི་ཚེས་ ༤ ཉིན་རྒྱ་ནག་ལ་ཁ་གཏད་ཆེད་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་ལྷན་ཚོགས་མཇུག་སྡོམ་གྱི་སྤྱི་བསྒྲགས་ནང་མནའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་མི་རྣམ་པའི་ངོས་ནས་ཐེ་ཝན་ལ་རྒྱ་ནག་གི་ཉེན་ཚབས་ལས་གདོང་ལེན་ཆེད་རྒྱབ་སྐྱོར་ཤུགས་ཆེ་གནང་རྒྱུ་དང་འབྲེལ་ཐེ་ཝན་དང་མང་གཙོའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་རྣམ་པའི་དབར་གཞུང་འབྲེལ་འཚམས་གཟིགས་གོ་སྒྲིག་ཞུ་རྒྱུ་དང་རྒྱལ་ཁབ་ཕན་ཚུན་དབར་དཔལ་འབྱོར་གྱི་མཉམ་སྦྲེལ་དང་ཚོང་ལས་གོང་འཕེལ་སླད་དུ་ཤུགས་སྣོན་རྒྱག་དགོས་པར་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་ཏུ་ཡོད་པའི་ཐེ་ཝན་གཞུང་ཚབ་ལས་ཁང་གི་ངོས་ནས་དགོས་མཁོའི་གནས་བབ་སྤྱོད་པའི་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་། ཆབ་སྲིད་ཀྱི་འབྲེལ་ལམ་བཅས་འཕེལ་རྒྱས་གནང་བར་ལས་འགུལ་སྤེལ་དགོས་པ་དང་ཆབས་ཅིག ཐེ་ཝན་དེ་བཞིན་རྒྱལ་སྤྱིའི་ཚོགས་པ་ཁག་གི་ཁོངས་སུ་ཚུད་པར་ཤུགས་སྣོན་རྒྱག་དགོས་པ་སོགས་བཀོད་ཡོད།

རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་གྲོས་ཚོགས་འཐུས་མིའི་ངོས་ནས་ཚོགས་པ་དེ་ཉིད་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ Vaclav Havel མཆོག་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་ཁྲིད་རྣམ་གཉིས་ཀྱི་མཛའ་འབྲེལ་གཞི་རྩར་བཟུང་ཐོག་ཡར་རྒྱས་གནང་བཞིན་ཡོད་སྟབས་ང་ཚོས་དེར་སྤོབས་པ་གནང་རྒྱུ་ལས་སྦས་གསང་གནང་དོན་གང་ཡང་མེད་ཅེས་གསུངས་འདུག

དེ་བཞིན་ཚོགས་པས་ཐེ་ཝན་དང་རྒྱ་ནག་དབར་གྱི་འབྲེལ་ལམ་སྐོར་གླེང་སློང་གནང་རྒྱུར་ངོ་ཚ་གནང་གི་མེད་ཅེས་གསུངས་པ་དང་འབྲེལ། རྒྱལ་ཁབ་དེའི་གཞུང་འཛིན་གྱི་ངོས་ནས་དེ་སྔའི་སྲིད་འཛིན་ཟུར་པ་མཆོག་གི་མཛད་རྗེས་ལ་བསྐྱར་གསོ་གནང་སྟེ་ཐོག་བོད་ཀྱི་གནད་དོན་དེ་གནད་དོན་གཙོ་གྲས་ཤིག་ཆགས་ཡོད་པར་གསུངས་འདུག

ཐེངས་འདིའི་ IPAC ཞེས་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་གྲོས་ཚོགས་འཐུས་མིའི་མནའ་འབྲེལ་མཐུན་ཚོགས་ནང་རྒྱལ་ཁབ་སུམ་བཅུ་ནས་གྲོས་ཚོགས་འཐུས་མི་གྲངས་ ༥༠ ཙམ་ནས་ཚོགས་བཅར་གནང་བར་མ་ཟད། Philippines དང་ཨ་ཕི་རི་ཀའི་གླིང་ཕྲན་གྱི་རྒྱལ་ཁབ་ Kenya དེ་བཞིན་ནས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ Paraguay གསུམ་ནས་ཆེས་ཐོག་མ་གྲོས་ཚོགས་འཐུས་མི་གཉིས་རེ་བཅས་ཁྱོན་འཐུས་མི་དྲུག་གསར་ཞུགས་གནང་འདུག

ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ Reinhard Buetikofer ལགས་ཀྱིས་ཡུ་རོབ་དེ་མུ་མཐུད་རྒྱ་ནག་དང་འབྲེལ་ལམ་ཁྲོད་བཅོས་ལྷད་མེད་པ་ཞིག་གནང་བཞིན་པའི་བསམ་ཚུལ་དེར་མོས་མཐུན་རྩ་བ་ནས་གནང་གི་མེད་སྐོར་ནན་བརྗོད་དང་འབྲེལ། མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལེགས་པོ་ཡོང་བར་ཡུ་རོབ་ཀྱི་ངོས་ནས་དེ་སྔ་ཨུ་རུ་སུ་དང་ལྷན་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་ནས་ལམ་ལྷོངས་བྱུང་མེད་པ་ལས་ལེགས་བྱ་བླངས་དགོས་གལ་ཡིན་པར་གསུངས་འདུག དེ་བཞིན་ཁོང་གིས་ད་ཆ་རྒྱ་གཞུང་གིས་ཨུ་རུ་སུ་དང་ལྷན་དུ་ཡུཀ་རེན་ནང་གི་དམག་འཁྲུག་ལ་རྒྱབ་སྐྱོར་བྱེད་བཞིན་པ་དེ་བར་གནས་ཀྱི་གནས་སྟངས་གང་དུའང་གཟིགས་ཀྱི་མེད་པའི་ཁར་རྒྱ་གཞུང་རང་ཉིད་ལ་ཁེ་ཕན་ཡོང་ཆེད་ཁོ་ནར་དམིགས་པ་ཞིག་ཡིན་པར་མངོན་གལས་གནང་འདུག

རྩ་བའི་སྐུ་ཞབས་ Buetikofer ལགས་ནི་ཡུ་རོབ་མཐུན་ཚོགས་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ཡིན་ཅིང་། ད་བར་མཐུན་ཚོགས་དེའི་ནང་རྒྱ་ནག་གི་གནད་དོན་ལ་ཐུག་སྐབས་རྣོ་ངར་ཅན་གྱི་དགོངས་ཚུལ་གསུང་མཁན་གྲོས་ཚོགས་འཐུས་མི་གཙོ་གྲས་ཤིག་ཆགས་ཀྱི་ཡོད་པ་དང་། ད་བར་རྒྱ་ནག་གིས་ཐེ་ཝན་ཐོག་འཛིན་པའི་སྲིད་བྱུས་དང་རྒྱ་གཞུང་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་དཔལ་འབྱོར་གྱི་སྟོབས་ཤུགས་བརྒྱུད་དམག་དཔུང་སྒྲིག་ཐབས་བྱ་རྒྱུ་མཚོན་གནད་དོན་ཁག་ཅིག་ལ་སྐྱོན་བརྗོད་ཡང་ཡང་གནང་མཁན་ཞིག་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།