Tibetan Royal Year of 2151 | Year of the Wood Dragon

རྫ་སྨད་དབོན་པོ་ཁུལ་དུ་སླར་བོད་མི་ ༥༣ ཙམ་འཛིན་བཟུང་།

Tibetan News Headlines

  • Women of Tibet: Tsering Dolkar | Former Political Prisoner

རེས་གཟའ་ཉིན་མ། ༢༠༢༤།༠༦།༢༣

  • བོད་ཀྱི་བེུད་ལས་ཚན། ཆབ་སྲིད་བཙོན་ཟུར་སྨིན་དྲུག་ཤར་ཚེ་རིང་སྒྲོལ་དཀར་ལགས།

རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། སེར་ཤུལ་རྫོང་རྫ་སྨད་དབོན་པོ་ཁུལ་ནས་སླར་ཡང་བོད་མི་ ༥༣ སྐོར་ཞིག་འཛིན་བཟུང་བྱས་པ་དང་ས་གནས་སུ་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད་འདུག རྫ་སྨད་དབོན་པོ་སྡེ་བ་ཁུལ་དུ་ཉེ་ཆར་ཕྱི་ཚེས་ ༢༢ ནས་ ༢༥ བར་༸གོང་ས་མཆོག་གི་༸སྐུ་པར་བདག་ཉར་གནང་བའི་གནད་དོན་གཙོ་གྱུར་ཕྱི་ཕྱོགས་ལ་འབྲེལ་བ་གནང་བ་སོགས་ཀྱི་ཉེས་འཛུགས་འོག་བོད་མི་ ༦༠ ཙམ་ཞིག་འཛིན་བཟུང་བྱས་པ་མ་ཟད། ཕྱི་ཟླ་ ༨ ཚེས་ ༢༥ ནས་དབོན་པོ་སྡེ་བའི་རུ་ཁག་རེ་རེ་ནང་གི་བོད་པའི་ཁྱིམ་ཚང་ཡོངས་རྫོག་ལ་བསྔོགས་བཤེར་གྱི་བྱ་འགུལ་སྤེལ་བཞིན་ཡོད་པ་ཤེས་རྟོགས་བྱུང་ཡོད།

དེ་རིང་རླུང་འཕྲིན་ཁང་ལ་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་ཕྱི་ཟླ་ ༨ ཚེས་ ༢༥ ནས་ ༢༩ བར་རྫ་སྨད་དབོན་པོ་ཁུལ་དུ་སླར་ཡང་བོད་མི་ ༥༣ ཙམ་འཛིན་བཟུང་བྱས་ཡོད་པ་དང་དེའང་གཙོ་བོ་༸གོང་ས་མཆོག་གི་༸སྐུ་པར་གཅེས་ཉར་དང་ཞལ་པར་ནང་དུ་ཆབ་སྲིད་དང་འབྲེལ་བའི་བཀའ་མོལ་འདྲ་མིན་གནང་བ་སོགས་ཀྱི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཏེ་སེར་ཤུལ་རྫོང་ཐོག་ཏུ་བཀག་ཉར་བྱས་འདུག

ཕྱི་ཚེས་ ༢༢ ནས་བཟུང་སྟེ་ཁ་སང་བར་དུ་རྒྱ་གཞུང་གིས་རྫ་སྨད་དབོན་པོ་སྡེ་བ་ནས་ཁྱོན་བོད་མི་ ༡༡༣ ཙམ་འཛིན་བཟུང་བྱས་པའི་ཁོངས་ནས་ཁ་སང་ཚེས་ ༣༡ ཉིན་མི་སྐྱ་ ༢ དང་བེུད་ ༡ དགེ་འདུན་པ་ ༡ བཅས་ཁྱོན་མི་ ༤ གློད་བཀྲོལ་བཏང་ཡོད་ཀྱང་གཞན་རྣམས་ཟླ་བ་གཅིག་ཙམ་རིང་བཀག་ཉར་བྱེད་ཀྱི་ཡོད་པ་རེད་འདུག

དེ་བཞིན་ཁ་སང་ནས་བཟུང་སྟེ་དབོན་པོ་དགོན་པའི་ལོ་ན་ ༡༨ ཡན་གྱི་དགེ་འདུན་པ་ ༢༠ རེ་ཉིན་ལྟར་རྫ་སྨད་སྲིད་གཞུང་གི་ལས་ཁུངས་སུ་ཆེད་འབོད་ཀྱིས་འདྲི་རྩད་བྱས་ཏེ་རང་ཉིད་ཀྱི་ངོས་ནས་ནག་ཉེས་བསགས་མེད་པ་དང་ཕྱི་ཕྱོགས་སུ་འབྲེལ་བ་གནང་མྱོང་མེད་པ། ཞལ་པར་ཐོག་ཆབ་སྲིད་དང་འབྲེལ་བའི་བཀའ་མོལ་གནང་མྱོང་མེད་པར་དག་སེལ་གནང་དགོས་པ་དང་། དགེ་འདུན་པ་ཚོར་དེ་མཚུངས་ཀྱིས་འདྲི་རྩད་ནན་པོ་བྱེད་ཀྱི་ཡོད་པ་རེད་འདུག

རྒྱ་ནག་གཞུང་གིས་རྫ་སྨད་དབོན་པོ་དགོན་གྲོང་གཉིས་གཅིག་པོ་མིན་པར་སེར་ཤུལ་རྫོང་ཁོངས་ཀྱི་སྡེ་བ་དང་དགོན་པ་ཡོངས་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་མ་ཟད། མི་མང་པོ་ཞིག་འཛིན་བཟུང་བྱེད་བཞིན་ཡོད་པ་དེ་ལྟར་ཡང་ད་ལྟའི་ཆར་མང་ཚོགས་ཇི་ཙམ་འཛིན་བཟུང་བྱས་དང་བྱེད་མུས་སོགས་ཀྱི་གནས་ཚུལ་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མི་འདུགརྩ་བའི་དེ་སྔ་ཕྱི་ལོ་ ༢༠༡༩ ལོར་རྫ་སྨད་དབོན་པོ་ཁུལ་དུ་དགེ་འདུན་པ་ཁག་ཅིག་གིས་བོད་དོན་ཡིག་ཆ་གཏོར་འགྲེམས་བྱས་པ་དང་། མི་སྐྱ་ཡོན་ཏན་ལགས་དང་ལྷ་རྒྱལ་ལམ་ཆོས་རྒྱལ་ལགས་གཉིས་ཀྱིས་སྲིད་གཞུང་གི་སྒོ་ཁར་ཕྱིན་ནས་བོད་དོན་ངོ་རྒོལ་གནང་བའི་རྐྱེན་གྱིས་ཁོང་རྣམས་འཛིན་བཟུང་བྱས་ཡོད་པ་མ་ཟད། སྔར་ལོར་རྒྱ་གཞུང་གིས་དབོན་པོ་ཡུལ་ཚོའི་ནས་འཛིན་བཟུང་བྱས་པའི་དགེ་འདུན་པ་བསྟན་འཛིན་ཉི་མ་ལགས་བཀག་ཉར་འོག་གཅར་རྡུང་ཚད་མེད་བཏང་སྟེ་དམར་གསོད་བཏང་བའི་གནས་ཚུལ་ཡང་ཤེས་རྟོགས་བྱུང་ཡོད་པ་ལྟར། དེའི་རྐྱེན་གྱིས་འདི་ལོའི་ཕྱི་ཟླ་ ༣ ནང་རྒྱ་གཞུང་གི་དྲག་ཆས་དམག་མི་བསླེབས་ནས་དམ་དྲག་བྱས་པ་དང་། ད་ལྟ་བོད་མི་ ༦༠ སྐོར་ཞིག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་བྱུང་ཡོད།

རྒྱ་གཞུང་གིས་རྫ་དབོན་པོས་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ཏུ་འབྲོག་པ་གཞིས་སྤོར་གྱི་སྲིད་བྱུས་འོག་བོད་མིའི་འཚོ་བའི་གནས་སྟངས་དང་ཐུན་མོང་མ་ཡིན་པའི་རིག་གཞུང་རྩ་བརླག་འགྲོ་བཞིན་པ་དང་། ༸གོང་ས་མཆོག་གི་༸སྐུ་པར་ཉར་ཚགས་ལ་དམ་དྲག བོད་མི་རྣམས་ལ་བཙན་དབང་གིས་རྒྱ་ནག་གཞུང་ལ་དགའ་མོས་དང་༸གོང་ས་མཆོག་ལ་མཚན་སྨད་ཞུ་བཅུག་པ་སོགས་ལ་བརྟེན་ནས་བོད་མིས་ངོ་རྒོལ་གྱི་རྣམ་པ་དེ་ལྟར་ཆེད་བཏོན་གནང་བ་ཞིག་ཆགས་ཀྱི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།