Tibetan Royal Year of 2151 | Year of the Wood Dragon

ལ་དྭགས་ནང་ཚོགས་དང་དགོན་ཚོགས་གཉིས་ཀྱིས་༸གོང་ས་མཆོག་ལ་དགྱེས་སྟོན་ལྗགས་སྨིན་འདེགས་འབུལ་ཞུས་པ།

Tibetan News Headlines

  • India declines China’s request to resume flights after 4 years, says ‘no flights without border peace’
  • Tibetan parliament appoints Passang Tsering as member of the Public Service Commission
  • China named amongst countries with policy or pattern of government-sponsored trafficking
  • Alalamo: Jhola Techung’s ‘Gratitude Song to India’ and Toeshey ‘Dhakpa’

རེས་གཟའ་མིག་དམར། ༢༠༢༤།༠༦།༢༥

  • ས་མཚམས་སུ་ཞི་བདེ་སླར་གསོ་མ་བྱུང་བར་ཕྱོགས་གཉིས་ཀྱི་གནམ་གྲུའི་འགྲུལ་བཞུད་གཙོས་རྒྱུན་ལྡན་གྱི་འབྲེལ་ལམ་བསྐྱར་གསོ་ཐུབ་ཐབས་མེད་པ་གསུངས་འདུག
  • པ་སངས་ཚེ་རིང་ལགས་ལས་བྱེད་འདེམས་ལྷན་གྱི་ཚོགས་མིར་བསྐོ་གཞག
  • རྒྱ་ནག་ནང་དུ་སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པའི་མི་ཚོང་ལས་དོན་བྱུང་བཞིན་པ་མངོན་གསལ་གནང་འདུག
  • ཨ་ལ་ལ་མོའི་ལེ་ཚན། ཇོ་ལགས་བཀྲས་ཆུང་ལགས་ཀྱིས་བླངས་པའི་དྲིན་ཆེན་རྒྱ་གར་དང་། དག་པ་ཤེལ་རི་དཀར་པོ།

དེ་རིང་ཟླ་ ༨ ཚེས་ ༢༣ ཉིན་ལ་དྭགས་ནང་ཚོགས་དང་དགོན་ཚོགས་གཉིས་ཐུན་མོང་གིས་དཔེ་ཐུབ་དགོན་དགའ་ལྡ་དར་རྒྱས་གླིང་གི་ཉེ་འདབས་སུ་ཆགས་པའི་སྤང་ལྗོངས་སྟེང་དུ་འདས་པའི་ཟླ་བ་གཅིག་ལྷག་གི་རིང་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀཱུལ་དེའི་མང་ཚོགས་རྣམས་ལ་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་བཀའ་ཆོས་དང་བཀའ་དབང་། དེ་བཞིན་བཀའ་སློབ་ལམ་སྟོན་སོགས་ཀྱི་མཛད་འཕྲིན་ཇི་སྙེད་ཅིག་བསྐྱངས་པར་ཐུགས་རྗེ་ཆེ་ཞུའི་དགྱེས་སྟོན་ལྗགས་སྨིན་འདེགས་འབུལ་ཞུས་འདུག

མཛད་སྒོ་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གདིང་དུ་ཆར་ཞོད་ཆེན་པོ་ཡོད་པའི་སྐབས་སུ་ལ་དྭགས་སྐམ་ས་ཡིན་པས་ལ་དྭགས་སུ་ཆིབས་བསྒྱུར་མཛད་པ་དང་། དེ་བཞིན་ལ་དྭགས་མི་མང་ཚོའི་ངོས་ནས་སངས་རྒྱས་ཀྱི་ཆོས་ལ་དད་པ་གཡོལ་བ་མེད་པ་བརྟན་པོ་ཡོད་སྟབས། ལོ་ལྟར་མགོན་པོ་༸གང་ཉིད་མཆོག་ལ་དྭགས་ཁུལ་དུ་ཆིབས་བསྒྱུར་མཛད་བཞིན་ཡོད་པར་བཀའ་སྩལ་འདུག

ལ་དྭགས་སུ་སྐུ་བཞུགས་མཛད་རིང་ལ་མང་ཚོགས་མཇལ་འཕྲད་དང་ཆོས་འབྲེལ་སོགས་ཀྱི་མཛད་འཕྲིན་ཁག་ཅིག་བསྐྱངས་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་དང་སྦྲགས། ས་གནས་ཀྱི་གོ་སྒྲིག་ཚོགས་ཆུང་དང་ཚོགས་མི། དེ་བཞིན་ཆོས་གྲོགས་ཡོངས་ལ་བཀའ་དྲིན་ཆེ་ཞེས་བཀའ་སྩལ་བ་དང་ཆབས་ཅིག་འབྱུང་འགྱུར་ལོ་འཆར་ཅན་རྒྱ་གར་གདིང་ལ་ཆར་ཞོད་སྐབས་མགོན་པོ་༸གང་ཉིད་མཆོག་ཆིབས་བསྒྱུར་མཛད་ཐུབ་རྒྱུར་ཐུགས་རེ་ཡོད་ཅེས་བཀའ་སློབ་སྩལ་འདུག

གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༧ ཚེས་ ༨ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་མཛད་པ་དང་བཟུང་ད་བར་ཟླ་བ་གཅིག་དང་ཕྱེད་ཀ་ཙམ་གྱི་རིང་ལ་དྭགས་སུ་སྐུ་བཞུགས་མཛད་རིང་ལ་ས་གནས་མང་ཚོགས་ལ་བཀལ་ཆོས་དང་བཀའ་དབང་། དེ་བཞིན་མང་ཚོགས་ལ་མཇལ་ཁ་སོགས་ཀྱི་མཛད་འཕྲིན་མང་དག་ཅིག་བསྐྱངས་གནང་མཛད་ཡོད་པ་རེད།

མགོན་པོ་༸གང་ཉིད་མཆོག་གི་མཛད་འཆར་ཐུགས་གཏན་ཁེལ་བར་གཞིགས་ན། ཕྱི་ཟླ་ ༩ ཕྱི་ཚེས་ ༥ དང་ ༦ ཉིན་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུ་མ་འཇུག་པའི་རང་འགྲེལ་གྱི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་དང་།  ཟླ་ ༡༠ ཚེས་ ༢ ནས་ཚེས་ ༤ བར་ཉིན་གྲངས་གསུམ་རིང་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་སོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལམ་རིམ་བསྡུས་དོན་དང་བློ་སྦྱོང་དོན་བདུན་མ། སྤྱན་རས་གཟིགས་ཀྱི་བཀའ་དབང་བཅས་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད། 

འབྲེལ་ཡོད་གསར་གནས།

གསར་གནས།