Tibetan Royal Year of 2151 | Year of the Wood Dragon

ལ་དྭགས་ནས་རྡ་ས་བར་བོད་དོན་རྐང་འཁོར་སྐོར་བསྐྱོད་མཇུག་སྒྲིལ།

Tibetan News Headlines

  • India declines China’s request to resume flights after 4 years, says ‘no flights without border peace’
  • Tibetan parliament appoints Passang Tsering as member of the Public Service Commission
  • China named amongst countries with policy or pattern of government-sponsored trafficking
  • Alalamo: Jhola Techung’s ‘Gratitude Song to India’ and Toeshey ‘Dhakpa’

རེས་གཟའ་མིག་དམར། ༢༠༢༤།༠༦།༢༥

  • ས་མཚམས་སུ་ཞི་བདེ་སླར་གསོ་མ་བྱུང་བར་ཕྱོགས་གཉིས་ཀྱི་གནམ་གྲུའི་འགྲུལ་བཞུད་གཙོས་རྒྱུན་ལྡན་གྱི་འབྲེལ་ལམ་བསྐྱར་གསོ་ཐུབ་ཐབས་མེད་པ་གསུངས་འདུག
  • པ་སངས་ཚེ་རིང་ལགས་ལས་བྱེད་འདེམས་ལྷན་གྱི་ཚོགས་མིར་བསྐོ་གཞག
  • རྒྱ་ནག་ནང་དུ་སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པའི་མི་ཚོང་ལས་དོན་བྱུང་བཞིན་པ་མངོན་གསལ་གནང་འདུག
  • ཨ་ལ་ལ་མོའི་ལེ་ཚན། ཇོ་ལགས་བཀྲས་ཆུང་ལགས་ཀྱིས་བླངས་པའི་དྲིན་ཆེན་རྒྱ་གར་དང་། དག་པ་ཤེལ་རི་དཀར་པོ།

བོད་མི་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་ཉེ་ལམ་ཕྱི་ཟླ ༥ པའི་ཚེས་ ༢༣ ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་མཁར་གདོང་ལ་རྩེ་ནས་དབུ་འཛུགས་ཀྱིས་ལ་དྭགས་གཙོས་ཁུ་ནུ་དང་། མ་ན་ལིའི་ཉེ་འཁོར་གྱི་ཧི་མ་ལ་ཡའི་རི་རྒྱུད་ནང་རྐང་འཁོར་སྐོར་བསྐྱོད་བརྒྱུད་བོད་དོན་དྲིལ་བསྒྲགས་དང་གོ་རྟོགས་ཀྱི་ལས་འགུལ་དེ་བཞིན་དེ་རིང་ཕྱི་ཚེས་ ༡༧ ཉིན་བཞུགས་སྒར་རྡ་རམ་ས་ལར་མང་ཚོགས་ཀྱི་ཕེབས་བསུ་དང་སྦྲགས་མཇུག་སྒྲིལ་གནང་སོང་། ཁོང་གི་ད་ལན་བོད་དོན་སླད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བ་ཐེངས་བཞི་ཆགས་ཀྱི་ཡོད་པ་རེད།

རྩ་བའི་དྷེ་ར་དྷུན་དུ་གནས་སྡོད་བོད་མི་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ནས་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་བསྐྱོད་ཐེངས་བཞི་པ་དེ་ཉིད་རྒྱ་དམར་གྱི་བཙན་གནོན་འོག་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པའི་ཉིན་མོ་སྟེ། ཕྱི་ཟླ་ ༥ པའི་ཚེས་ ༢༣ ཉིན་ལ་དྭགས་མཁར་གདོང་ལ་རྩེ་ནས་འགོ་བཙུགས་ཏེ་ལ་དྭགས་གཙོས་ཁུ་ནུ་དང་། མ་ན་ལིའི་ཉེ་འཁོར་གྱི་ཧི་མ་ལ་ཡའི་མི་རིགས་དང་། རྒྱ་གར་ཡུལ་མི་སོགས་ལ་བོད་ནང་གི་ཛ་དྲག་གནས་སྟངས་དྲིལ་བསྒྲགས་གཙོས་རྒྱ་གར་གཞུང་དམངས་གཉིས་ནས་བོད་ཀྱི་གནད་དོན་གལ་ཆེར་འཛིན་པའི་ཐོག་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་སྔར་ལྷག་གནང་སྐྱོང་ཡོང་བའི་རེ་སྐུལ། དེ་བཞིན་བོད་རིགས་གཞོན་སྐྱེས་ཚོར་བོད་དོན་ལས་འགུལ་སྤེལ་རྒྱུར་སེམས་ཤུགས་དང་སྐུལ་མ་ཡོང་ཆེད་བཅས་དོན་ཚན་གསུམ་ལ་དམིགས་ནས་སྤེལ་བ་ཞིག་ཡིན་པ་རེད།

འཇམ་དབྱངས་བསྟན་འཛིན་ལགས་དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠།༣༠ ཡོལ་ཙམ་ལ་བཞུགས་སྒར་མེག་གྷན་གྱི་ཁྲོམ་གཞུང་དུ་འབྱོར་ཡོད་པ་དང་། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་བོད་པའི་ཚོགས་སྒེར་དང་སྐྱིད་སྡུག་ཁག་གི་སྐུ་ཚབ་རྣམས་ནས་ཕེབས་སུ་སྣེ་ལེན་ཞུས་གནང་སོང་།

འདི་གའི་གསར་འགོད་པས་ཁོང་ལ་ཐེངས་འདིའི་ལས་འགུལ་དང་འབྲེལ་ནས་བཀའ་འདྲི་ཞུས་སྐབས་ཁོང་གིས། དེ་རིང་བཞུགས་སྒར་རྡ་རམ་ས་ལར་བདེ་ཐང་ངང་འབྱོར་ནས་ལས་འགུལ་དེ་ལེགས་གྲུབ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་ཡོད་སྐོར་དང་།  ཉིན་གྲངས་ ༢༧  རིང་གི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་བརྒྱུད་ནས་གནས་ཡུལ་རྒྱ་གར་ཡུལ་མིའི་ཁྲོད་དུ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དྲིལ་བསྒྲགས་གང་ལེགས་གནང་ཐུབ་ཡོད་པ་དང་ལྷན་དུ། ས་གནས་འདྲ་མིན་ནང་གྱར་བའི་བོད་རིགས་གཞོན་སྐྱེས་ཚོ་ལའང་བོད་དོན་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་ཡིན་པའི་གཏམ་བཤད་གནང་ཐུབ་ཡོད་པ་ཙམ་མ་ཟད།  ཧི་མ་ལ་ཡའི་རྒྱུད་ཀྱི་གྲོང་གསེབ་མང་པོ་ཞིག་ལ་མ་འོངས་པར་བོད་དོན་གྱི་ཐོག་ལ་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུས་ཡོད་པ་སོགས་གསུངས་སོང་།

མ་ཟད་ད་ལན་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པའི་སྐབས་ལམ་བར་དུ་ཐལ་ཚུབ་སོགས་ཀྱི་དཀའ་ངལ་འཕྲན་བུ་ཕྲད་ཡོད་ཀྱང་བརྡབ་སྐྱོན་རིགས་གང་ཡང་བྱུང་མེད་པ་དང་། ལས་འགུལ་སྤེལ་སྐབས་ས་གནས་གཞོན་ནུ་ཚོགས་པ་གཙོས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་ཡུལ་མི་ཚོས་གང་ཅིའི་ཐད་ནས་མཐུན་འགྱུར་རོགས་རམ་གནང་ཡོད་སྐོར་གསུངས་སོང་།

ལྷག་པར་ད་ལྟའི་ཆར་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་འདི་བཞིན་དཀའ་ཁག་ཡོད་པའི་མཚམས་འདིར་བོད་མི་རྣམས་ནས་ཤོག་ཁག་དང་ལུང་ཚན་གྱི་ཆེད་དུ་མ་ཡིན་པར་རྒྱ་ཆེ་ས་ནས་བོད་ཀྱི་རྩ་དོན་ཐོག་རྡོག་རྩ་ཆིག་སྒྲིལ་དང་གནང་དགོས་པའི་བརྡ་ལན་གནང་སོང་།

མ་ཟད་ད་ལྟའི་ཆར་ཁོང་དགུང་ལོ་ ༦༤ ཡིན་པ་དང་། ཕ་དམ་པའི་རེ་བ་ལྟར་བོད་སྤྱི་པའི་རྩ་དོན་ཆེད་སླར་ཡང་ཕྱི་ཟླ་ ༩ པའི་ནང་མོན་རྟ་དབང་གཙོས་རྒྱ་གར་བྱང་ཤར་ཁུལ་དུ་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་བསྐྱོད་གནང་འདོད་ཡོད་པ་གསུངས་སོང་།

གཞི་རྩའི་འཇམ་དབྱངས་བསྟན་འཛིན་ལགས་ནས་ད་རེས་ཙམ་མ་ཟད། སྔ་ལོ་ ༢༠༢༣ ཟླ་ ༡༠ པའི་ནང་ང་ཚོས་བོད་ནམ་ཡང་མ་བརྗེད་ཅེས་པའི་འབོད་ཚིག་འོག་བཞུགས་སྒར་རྡ་རམ་ས་ལ་ནས་གནས་མཆོག་རྡོ་རྗེ་གདན་བར་ལམ་ཐག་སྤྱི་ལེ་ ༣༠༠༠ ལྷག་གི་རྐང་འཁོར་སྐོར་བསྐྱོད་ཀྱི་ཞི་བའི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༡༢ པའི་ནང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་བདེ་སྐྱིད་གླིང་དབར་སྤྱི་ལེ་ ༣༠༠༠ ཙམ་གྱི་རྐང་འཁོར་སྐོར་བསྐྱོད། དེ་བཞིན་འདི་ལོའི་ཕྱི་ཟླ་ ༣ པའི་ནང་བདེ་སྐྱིད་གླིང་བོད་མི་གཞིས་སྒར་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་ལམ་ཐག་སྤྱི་ལེ་ ༢༥༠ ལྷག་གི་རྐང་འཁོར་སྐོར་བསྐྱོད་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།