Tibetan Royal Year of 2151 | Year of the Wood Dragon

སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ནི་སྟོན་པའི་བསླབ་བྱ་གཙོ་བོ་དེ་ཡིན་པ་བཀའ་བསྩལ་འདུག

Tibetan News Headlines

  • US Religious Freedom report highlights China’s persecution of Tibetan Buddhism in Tibet
  • Representative Kelsang Gyaltsen meets deputy minister of Taiwan’s ministry of the interior
  • Thousands of Chinese tech workers fails to get Indian visa over security concerns
  • ORTC holds training on organic agriculture and watershed management for Tibetan settlement officers

རེས་གཟའ་ཕུར་བུ། ༢༠༢༤།༠༦།༢༧

  • རྒྱ་གཞུང་གིས་བོད་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ལ་རྒྱལ་མཚམས་བརྒལ་ཏེ་དྲག་གནོན་ཆེས་ཆེར་བྱེད་བཞིན་པ་མངོན་གསལ།
  • ཐའེ་ཝན་སྐུ་ཚབ་དོན་གཅོད་ནས་ཐའེ་ཝན་ནང་སྲིད་བློན་ཆེན་དང་ལྷན་དུ་མཇལ་འཕྲད་གནང་བ།
  • རྒྱ་དཀར་ནག་གཉིས་དབར་གྱི་ས་མཚམས་རྩོད་རྙོག་ཁྲོད་རྒྱ་ནག་གི་འཕྲུལ་རིགས་ལས་མི་སྟོང་ཕྲག་མང་པོར་རྒྱ་གར་གྱི་མཐོང་མཆན་རག་གི་མེད་པ།
  • སོ་ནམ་གཞིས་ཆགས་ཁག་ ༡༢ ཡི་ས་གནས་འགོ་འཛིན་རྣམས་ལ་སོ་ནམ་དང་ས་ཆུ་བདག་གཅེས་བྱེད་ཕྱོགས་ཀྱི་ཟབ་སྦྱོང་གནང་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། དཱི་པངྐ་རའི་ཆོས་ཚོགས་ཀྱི་ཚོགས་མི་སོགས་མི་གྲངས་ ༤༣༠ སྐོར་ལ་མཇལ་ཁ་སྩལ་བའི་སྐབས་སངས་རྒྱས་ཆོས་ཚོགས་མ་དང་། དམིགས་བརྩེ་མའི་ལྗགས་ལུང་བཀའ་དྲིན་སྩལ་བ་དང་འབྲེལ། སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ནི་སྟོན་པའི་བསླབ་བྱ་གཙོ་བོ་དེ་ཡིན་པ་བཀའ་བསྩལ་འདུག

དེ་ཡང་དེ་རིང་བཞུགས་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཝེད་ནམ་དང་། ཀོ་རི་ཡ། ཐེ་ཝན། མ་ལེ་ཤི་ཡ། ཨ་རི། སོག་ཡུལ་སོགས་ནས་ཕེབས་པའི་དཱི་པངྐ་རའི་ཆོས་ཚོགས་ཀྱི་ཚོགས་མི་སོགས་ལ་མཇལ་ཁ་བཀའ་དྲིན་སྩལ་སྐབས། བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་སྟོང་ཕྲག་ཕྱིན་ཡང་། སངས་རྒྱས་ཀྱི་ཆོས་དེ་དུས་ད་ལྟའང་འབྲེལ་བ་ཧ་ཅང་ཡོད་པ་བཀའ་སྩལ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་དུས་རྟག་ཏུ་ཞོགས་པ་སྐུ་བཞེངས་མཛད་སྐབས་སྟོན་པའི་བསླབ་བྱ་གཙོ་བོ་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ཉམས་བཞེས་མཛད་ཀྱི་ཡོད་ཅེས་བཀའ་བསྩལ་མཛད་འདུག

དེ་བཞིན་༸གོང་ས་མཆོག་གིས་ཐབས་ཤེས་ཟུང་སྦྲེལ་གྱི་སྒོ་ནས་སེམས་ཞི་བདེ་དང་དེའི་བརྒྱུད་ནས་ལུས་བདེ་ཐང་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་དང་། སྟོན་པའི་བསླབ་བྱ་དེ་ནི་དད་པ་ཙམ་མིན་པར་བསམ་བློ་གཏོང་རྒྱུ་ཡོད་ཅིང་། ལྷག་པར་དཔལ་ནཱ་ལེན་ཌའི་ཆོས་བརྒྱུད་དེ་སེམས་ཀྱི་སྦྱོང་བརྡར་ཐད་ཞིབ་ཚགས་པོ་ཡོད་པ་མ་ཟད། ཚན་རིག་དང་མཐུན་པར་རིགས་པའི་ལམ་ནས་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་ཡིན་པ་བཀའ་བསྩལ་འདུག

ལྷག་པར་མགོན་པོ་༸གང་ཉིད་མཆོག་ནས་ཚན་རིག་པ་སོགས་ཆོས་དད་ཡོད་མེད་ཀྱི་མི་སྣ་ཚོགས་མཇལ་འཕྲད་མཛད་སྐབས། དཔལ་ནཱ་ལེན་ཌ་ནས་བརྒྱུད་པའི་བོད་ཀྱི་སངས་རྒྱས་པའི་ཆོས་བརྒྱུད་དེ་ཧ་ཅང་ཟབ་པོ་ཞིག་ཡིན་པ་བཀའ་སྩལ་ཞིང་། འདས་པའི་ལོ་རྒྱུས་ཁག་གཅིག་དྲན་གསོ་མཛད་དེ་མའོ་ཙེ་ཏུང་གིས་ཆོས་ཟེར་བ་ནི་དུག་རེད་ཅེས་བཤད་པ་དེ། ཆོས་ཞེས་པ་དེ་ག་བ་ཟེར་གྱི་ཡོད་མེད་ཤེས་ཀྱི་མེད་པ་རེད་ཅེས་བཀའ་བསྩལ་དང་འབྲེལ། དེང་གི་ཆར་ཚན་རིག་པ་མང་པོ་ཞིག་མགོན་པོ་༸གང་ཉིད་མཆོག་གིས་སྐུ་མདུན་དུ་བཅར་ཏེ་སེམས་ཀྱི་ཞི་བདེ་སྒྲུབ་ཐབས་སོགས་དང་འབྲེལ་ནས་གོ་བསྡུར་བྱེད་མཁན་མང་པོ་ཡོང་གི་འདུག་ཅེས་བཀའ་བསྩལ་འདུག མ་ཟད་བཀའ་སློབ་སྩལ་བའི་ཁྲོད་དཱི་པངྐ་རའི་ཆོས་ཚོགས་ཀྱི་ཚོགས་མི་སོགས་ལ་དམིགས་བརྩེ་མ་དང་། སངས་རྒྱས་ཆོས་ཚོགས་མའི་ལྗགས་ལུང་བཀའ་དྲིན་ཆེ་བ་སྩལ་གྲུབ་མཚམས། མགོན་པོ་༸གང་ཉིད་མཆོག་ནས་ཆོས་ལུགས་ཚང་མར་གུས་ཞབས་མཛད་ཀྱི་ཡོད་པ་དང་། ལྷག་པར་ཚན་རིག་པས་སེམས་ཀྱི་ཞི་བདེ་དཀྲུག་མཁན་དང་སེམས་ཀྱི་ཞི་བདེ་སྒྲུབ་ཐབས་ཐད་གསུང་གི་ཡོད་པ་དེ་ནི་ནང་པའི་གཞུང་ལུགས་དང་འདྲ་བོ་ཡོད་སྟབས། ཆོས་དད་མེད་མཁན་ཚོས་དེ་རྨོངས་དད་རེད་ཅེས་པ་བརྗོད་པ་དེར་རྒྱུ་མཚན་མེད་པ་རེད་ཅེས་བཀའ་བསྩལ་འདུག

གཞི་རྩའི་དེ་རིང་གི་མཇལ་ཁའི་སྐབས་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཱི་པངྐ་རའི་ཆོས་ཚོགས་ཀྱི་འགན་འཛིན་ཁང་སེར་རིན་པོ་ཆེ་མཆོག་གིས། ཆོས་ཚོགས་ཀྱིས་ངོས་ནས་སློབ་ཕྲུག་ཚོར་ལམ་རིམ་ལོ་གཉིས། སྤྱོད་འཇུག་ལོ་གཉིས། སྔགས་རིམ་ཆེན་མོ་ལོ་གཉིས་བཅས་ལོ་དྲུག་ནང་ཆོས་ཀྱི་སློབ་ཚན་འཆར་འགོད་གནང་ཡོད་སྐོར་དང་། དེ་དག་གི་ཕྱག་འཁྱེར་བལ་ཡུལ་མཐོ་རིམ་སློབ་གྲྭ་ནས་གནང་རྒྱུ་ཡིན་པ་དང་། དེ་བཞིན་ཆོས་ཚོགས་ཀྱི་ངོས་ནས་སྟོང་པ་ཉིད་ཀྱི་སྒོམ་སྒྲུབ་ཉམས་ལེན་བརྒྱུད་ལུས་ཀྱི་ནད་འགོག་ནུས་སྟོབས་ལ་ཁྱད་པར་ཇི་ལྟར་འགྲོ་ཡི་ཡོད་མེད་ཐད། ཐེ་ཝན་སྨན་གྱི་མཐོ་སློབ་དང་ཟུང་འབྲེལ་གྱི་ཐོག་ནས་ཚན་རིག་གི་ལས་གཞི་ཞིག་གཉེར་བཞིན་ཡོད་པ་སྙན་སེང་ཞུས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།