Tibetan Royal Year of 2151 | Year of the Wood Dragon

ཨོསྟྲེ་ལི་ཡའི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་སྐུལ།

Tibetan News Headlines

  • Young Minds: Carrying forward Dalai Lama’s legacy

རེས་གཟའ་ཉི་མ། ༢༠༢༤།༠༧།༠༧

  •  
    • ༸གོང་ས་མཆོག་གི་མཛད་རྗེས་རྒྱུན་གནས་ཐད་གཞོན་སྐྱེས་ཚོས་ལས་འགན།

ཁ་སང་ཕྱི་ཚེས་ ༤ ཉིན་ Australia Tibet Council ཞེས་ཨོསྟྲེ་ལི་ཡའི་བོད་དོན་ལྷན་ཁང་གི་གོ་སྒྲིག་འོག་བོད་དོན་ཞུ་གཏུག་ལས་འགུལ་གྱི་ཉིན་མོ་ཞེས་ཁུལ་དེར་གནས་སྡོད་བོད་མི་རྣམས་ཀྱིས་གྲོས་ཚོགས་འཐུས་མི་གཙོས་གནད་ཡོད་མི་སྣ་ཁག་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་རྒྱབ་སྐྱོར་ཐོབ་ཆེད་བོད་དོན་ཞུ་སྐུལ་གནང་འདུག

བོད་དོན་ཞུ་གཏུག་ལས་འགུལ་དེ་ནི་ཐེངས་ ༡༢ ཆགས་ཀྱི་འདུག་པ་དང་དེའི་ནང་ཨོསྟྲེ་ལི་ཡ་ཁུལ་གྱི་བོད་མི་གནས་སྡོད་ས་གནས་ཁག་ནས་བོད་མི་གྲངས་ ༢༠ ཙམ་མཉམ་ཞུགས་ཀྱིས་ཕྱི་སྲིད་བློན་ཆེན་ Penny Wong གཙོས་པའི་གྲོས་ཚོགས་འཐུས་མི་ ༣༠ ཙམ་ལ་ཞུ་སྐུལ་གནང་ཡོད་ཅིང་། ཁོང་རྣམ་པའི་ཞུ་གཏུག་གི་ནང་དོན་གཙོ་བོ་ནི་བོད་ནང་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་གཏན་འཇགས་སློབ་གྲྭར་བོད་ཕྲུག་ས་ཡ་གཅིག་ལྷག་རང་གི་ཕ་མ་དང་ཁ་བྲལ་བཏང་སྟེ་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་སྐད་ཡིག་དང་ཆོས་རིག་སོགས་ནག་གསུབ་གཏང་རྒྱུའི་སྲིད་བྱུས་མཚམས་འཇོག་དགོས་པ་དང་། བོད་ནང་ཆོས་དད་རང་དབང་དང་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་ནས་ཐེ་བྱུས་ཆེན་པོ་བྱེད་བཞིན་ཡོད་སྟབས་ཨོསྟྲེ་ལི་ཡའི་གཞུང་གི་ཕྱི་འབྲེལ་སྲིད་བྱུས་ནང་བོད་བརྒྱུད་ནང་བསྟན་གྱི་གནང་སྲོལ་དང་མཐུན་པའི་ངོས་འཛིན་གནང་བའི་༸རྒྱལ་བའི་ཡང་སྲིད་ལ་ངོས་བཞེས་གནང་དགོས་པའི་ཞུ་སྐུལ། དེ་བཞིན་རྒྱ་གཞུང་གིས་གཞིས་བཞུགས་བོད་མི་རྣམས་ལ་ངལ་རྩོལ་བསྒྱུར་བཀོད་ཀྱི་ལས་གཞིར་བཙན་བཅུག་བྱས་པ་ལས་བཟོ་བསྐྲུན་བྱས་པའི་ཚོང་ཟོག་ཁག་ཨོསྟྲེ་ལི་ཡར་ནང་འདྲེན་བྱ་རྒྱུ་མེད་པའི་ཁྲིམས་གཞི་གཏན་འབེབས་གནང་དགོས་པ་བཅས་བོད་དོན་ཛ་དྲག་གི་གནས་སྟངས་ཞུ་སྐུལ་གནང་འདུག

བོད་དོན་ཞུ་གཏུག་ཉིན་མོའི་སྔ་རོལ་དུ་ཨོསྟྲེ་ལི་ཡ་བོད་དོན་ལྷན་ཁང་གི་འཛིན་སྐྱོང་འགན་འཛིན་ Dr Zoe Bedford ལགས་ཀྱིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ནི་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་པ་ནི་བློ་ཕམ་རང་བཞིན་གྱི་གནད་དོན་ཞིག་ཆགས་ཀྱི་ཡོད་ཅེས་གསུངས་ཏེ། ཨོསྟྲེ་ལི་ཡའི་སྲིད་གཞུང་ནས་ད་དུང་ཚོང་འབྲེལ་མུ་མཐུད་གཉེར་བཞིན་ཡོད་པར་ནན་བརྗོད་གནང་འདུག

དེ་བཞིན་བོད་དོན་ཞུ་གཏུག་ལས་འགུལ་བརྒྱུད་ནས་ཁུལ་དེའི་སྲིད་བློན་སྐུ་ཞབས་ Albanese མཆོག་དང་སྟོབས་ཆེན་རྒྱལ་ཁབ་ ༢༠ དབུ་ཁྲིད་ཚོའི་ངོས་ནས་རྒྱ་གཞུང་གིས་བོད་ཕྲུག་བྱིས་པ་ས་ཡ་ ༡ ལྷག་ཕ་མ་དང་ཁ་བྲལ་བཏང་བའི་གནད་དོན་ལ་རྒྱལ་ཚོགས་ཀྱིས་ཞིབ་འཇུག་གནང་འབྲས་ལ་རྒྱབ་སྐྱོར་དང་རྩ་ཁྲིམས་ཀྱི་དགོངས་དོན་ལྟར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་གོང་འཕེལ་བཅས་ཀྱི་གནད་དོན་ཐོག་མཉམ་རུབ་ཀྱིས་བསྒྲགས་གཏམ་ཞིག་སྤེལ་དགོས་ཞེས་དགོས་འདུན་བཏོན་འདུག

ཁ་སང་ The Canberra Times བརྒྱུད་ལམ་ཐོག་གནས་ཚུལ་ཐོན་པར་ཨོསྟྲེ་ལི་ཡའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཁག་ཅིག་གིས་བསྒྲགས་གཏམ་སྤེལ་སྟེ། ཨོསྟྲེ་ལི་ཡའི་སྲིད་གཞུང་གི་ངོས་ནས་རྒྱལ་སྤྱིའི་ཚོགས་ཆེན་ཐོག་རྒྱ་ནག་དང་ལྷན་དུ་བོད་དོན་གླེང་སློང་གནང་དགོས་པ་དང་ཆབས་ཅིག འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་དགོས་པ་དང་དེ་འབྲེལ་རྡོག་རོལ་གཏོང་མཁན་རྣམས་ལ་འགན་ཁུར་ལྡན་པ་བཟོ་དགོས་ཞེས་སོགས་བོད་ནང་གི་ཛ་དྲག་གནད་དོན་རྣམས་ཐེར་འདོན་གྱིས་ཞུ་སྐུལ་གནང་ཡོད།

རླུང་འཕྲིན་ཁང་གིས་ཨོསྟྲེ་ལི་ཡའི་བོད་དོན་ལྷན་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བསོན་ནམས་དཔལ་འབྱོར་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིང་ཨོསྟྲེ་ལི་ཡའི་ཆབ་སྲིད་ཚོགས་པ་བཞི་ཙམ་གྱི་གྲོས་ཚོགས་འཐུས་མི་ཁག་ ༣༠ ཙམ་ལ་ཞུ་གཏུག་གནང་ཡོད་པ་དང་། གྲོས་ཚོགས་འཐུས་མི་ཚོའི་ངོས་ནས་གདུང་སེམས་མཉམ་བསྐྱེད་གནང་བ་ཙམ་མིན་པར་ཞུ་གཏུག་གི་དོན་ཚན་དེ་དག་ལག་བསྟར་གང་ཐུབ་གནང་དགོས་གལ་ཡིན་པའི་ཞུ་སྐུལ་གནང་ཡོད་པ་སོགས་གསུངས་ཡོད།

གཞི་རྩའི་ཁུལ་དེའི་ཕྱི་སྲིད་བློན་ཆེན་ལྕམ་སྐུ་ Penny Wong མཆོག་གིས་ཁ་སང་གྲོས་ཚོགས་སུ་ཨོསྟྲེ་ལི་ཡའི་སྲིད་གཞུང་གི་ངོས་ནས་རྒྱ་ནག་འགོ་ཁྲིད་རིམ་པ་མང་པོ་དང་ལྷན་དུ་བོད་ནང་གི་བོད་མིའི་ཐོབ་ཐང་དང་རང་དབང་གནད་དོན་གླེང་སློང་གནང་ཡོད་སྐོར་གསུངས་པ་དང་འབྲེལ། ང་ཚོས་མུ་མཐུད་ནས་དེ་ལྟར་ཞུ་གཏུག་གནང་རྒྱུ་ཡིན་པ་དང་འབྲེལ། ཁུལ་དེའི་ཁྲིམས་དོན་སྤྱི་ཁྱབ་པའི་ངོས་ནས་ངལ་རྩོལ་བསྒྱུར་བཀོད་འགོག་ཐབས་ཀྱི་ཁྲིམས་གཞི་བསྐྱར་ཞིབ་གནང་གྲུབ་མཚམས་སུ་དེ་འབྲེལ་བརྡ་ལན་གནང་རྒྱུ་ཡིན་ཞེས་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།