Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: October, 2015

རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་ཐོག་གཞིས་ལུས་བོད་མིའི་བསམ་རྗོད་རང་དབང་དང་རྩོམ་པ་པོའི་གནས་སྟངས་སྐོར་ལ་གྲོས་ཆོད་བཞག་འདུག

འདི་ལོའི་རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་ཐེངས་༨༡ པའི་ཐོག་གཞིས་བཞུགས་བོད་མིའི་བསམ་བརྗོད་རང་དབང་དང། རྩོམ་པ་པོའི་གནས་སྟངས་སྐོར་ལ་དོན་ཚན་ལྔ་ཅན་གྱི་གྲོས་ཆོད་ཅིག་བཞག་འདུག  དེ་ཡང་ཟླ་ ༡༠ ཕྱི་ཚེས་ ༡༣ ནས་ ༡༦ བཅས་ཉིན་གྲངས་བཞིའི་རིང་ཁེ་ན་ཊའི་གྲོང་ཁྱེར་ཁུ་བེཀ་ནང་དུ་རྒྱལ་སྤྱིའི་པེན་མཐུན་ཚོགས་མི་འདྲ་བ་ ༨༤ ལྷག་གི་སྐུ་ཚབ་ ༢༧༠ ལྷག་འདུ་འཛོམས་ཐོག་རྒྱལ་སྤྱིའི་པེན་མཐུན་ཚོགས་ཀྱི་ཚོགས་ཆེན་ཚོགས་ཡོད་པ་དང། ཚོགས་ཆེན་དེའི་ཐོག་ པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན་ཨ་རིག་དགེ་མཐོང་ལགས་དང་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཤེས་ཡོན་འགན་འཛིན་སྨན་ཤར་བློ་གྲོས་ལགས་རྣམ་གཉིས་མཉམ་ཞུགས་གནང་ཡོད་པ་རེད། ཁོང་གཉིས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་བཞུགས་སྒར་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་གསུངས་དོན་ལ། རྒྱལ་སྤྱིའི་པེན་སྐུ་ཚབ་ལྷན་ཚོགས་ནས་བོད་ནང་སྨྲ་བརྗོད་རང་དབང་གི་ཐོབ་ཐང་དང་རྩོམ་པོའི་གནས་སྟངས་སྐོར་བཞག་པའི་དོན་ཚན་ལྔ་ཅན་གྱི་གྲོས་ཆོད་དེའི་ནང་འཁོད་དོན་ལ། རྒྱ་གཞུང་ལ་དཀོན་མཆོག་ཚེ་འཕེལ་གྱིས་གཙོས་པའི་ཞི་བའི་ལམ་ནས་སོ་སོའི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་སྤྱད་པའི་རྒྱུ་མཚན་ཉག་གཅིག་ལ་བརྟེན་ནས་བཙོན་བཅུག་བྱས་པའི་བོད་ཀྱི་རྩོམ་པ་པོ་དང་བོད་མི་གཞན་ཡོངས་འཕྲལ་དུ་གློད་བཀྲོལ་ཐོངས་དགོས། བཙན་ཁྲིད་འོག་བཀག་ཉར་བྱས་པའི་བོད་ཀྱི་རྩོམ་པ་པོ་ལ་ཉེས་རྡུང་སོགས་སྡུག་སྦྱོང་མནར་གཅོད་བཟོད་པ་དཀའ་བའི་བྱ་སྤྱོད་དེ་དག་གཏོང་མཚམས་འཇོག་དགོས་པ། དེ་བཞིན་བོད་ནང་བསམ་བརྗོད་རང་དབང་གི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་པ་དང། བོད་ནང་སྤྱི་ཚོགས་འབྲེལ་ལམ་དང་སློབ་ཁྲིད་ཆེད་བོད་ཀྱི་སྐད་ཡིག་སྤྱོད་མི་ཆོག་པའི་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་ཁག་ཕྱིར་འཐེན་བྱེད་དགོས་པ་མ་ཟད། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་དང་ཡར་རྒྱས་གོང་འཕེལ་སླད་རྒྱ་གཞུང་གིས་ཐབས་ལམ་གང་འོས་སྤེལ་དགོས་པ་བཅས་དོན་ཚན་ལྔ་ཅན་ལ་དབྱིན་ཡུལ་དང་ཨོ་སི་ཊོ་ལི་ཡ་། དེ་བཞིན་ཕྱི་སྡོད་རྒྱ་རིགས་པེན་མཐུན་ཚོགས་ཀྱི་གཙོས་པའི་རྒྱལ་ཁབ་ ༨༡ ནས་རྒྱབ་སྐྱོར་གནང་ཐོག་སྤྱི་མོས་ཀྱིས་གྲོས་ཆོད་དུ་གཏན་འབེབས་གནང་འདུག   རྩ་བའི་ཚོསགས་ཆེན་དེའི་ཐོག་ལ་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་དང་རྒྱལ་ཁབ་གཞན་ཁག་གི་པེན་མཐུན་ཚོགས་དང་འབྲེལ་བ་སླར་གསོ་གནང་པ། དེ་དག་དང་མཉམ་འབྲེལ་ཐོག་ལས་འཆར་སྤེལ་ཕྱོགས་གྲོས་བསྡུར་གནང་པ་མ་ཟད། ལྷག་དོན་བོད་ནང་སྐད་ཡིག་བཀག་སྡོམ་གྱི་དཀའ་ངལ་དང། རྩོམ་བྲིས་རང་དབང་། པར་སྐྲུན་གྱི་དཀའ་ངལ། བཙོན་འོག་ཡོད་པའི་རྩོམ་པ་པོའི་དཀའ་ངལ་དང། དེ་བཞིན་རྒྱ་གཞུང་ནས་བོད་ཀྱི་རིག་གཞུང་ཐོག་དྲག་གནོན་དང། བོད་མི་ཚོས་སྐུ་ལུས་གཞུགས་འབུལ་གནང་པ་མཚོན་ཞི་རྒོལ་ཁག་ལ་དྲག་གནོན་བསྟུད་མར་བྱེད་མུས་ཡིན་པའི་པར་རིས་དང་རྩོམ་ཡིག་བཅས་བཤམ་སྟོན་དང་གསུང་བཤད་བཅས་གནང་ཡོད་པ་རེད།

རེས་གཟའ་ཉི་མ། ༢༠༡༥།༡༠།༢༥

ཉན་པ།: Listen ཕབ་ལེན། Download གཟའ་འཁོར་བསྐྱར་ཞིབ། Sunday 25/10/2015 Week Review

རེས་གཟའ་སྤེན་པ། ༢༠༡༥།༡༠།༢༤

ཉན་པ།: Listen ཕབ་ལེན། Download བོད་མཐོ་སྒང་གི་གལ་གནད་སྐོར་ལ་གླེང་མོལ། Saturday 24/10/2015 COP 21: Why Tibet Matters

རེས་གཟའ་པ་སངས། ༢༠༡༥།༡༠།༢༣

ཉན་པ།: Listen ཕབ་ལེན། Download ཡུ་རོབ་གྲོས་ཚོགས་ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་གནད་དོན་ལ་ཉན་ཞིབ། རྡ་སྟེང་བོད་ཁྱིམ་དབུ་བརྙེས་པའི་དུས་དྲན་སྲུང་བརྩི། གཞས་པ་པདྨ་རིག་འཛིན་ལགས་བཙོན་གྲོལ་ཐོབ་འདུག རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་གྷོ་ཧ་ཌིར་ཚོགས་རྒྱུ། བཞུགས་སྒར་དུ་ནང་ཆོས་དང་འགྲོ་བ་མིའི་ཐོབ་ཐང་ཐོག་བགྲོ་གླེང་ཚོགས་པ། ལྷོ་ཕྱོགས་བོད་མིའི་གཞི་ཆགས་ཁག་གི་བཀའ་སྤྱིའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས། Friday 23/10/2015 European Parliament holds hearing on Tulku Tenzin Delek Karmapa Rinpoche graces 55th Founding Anniversary of TCV Prominent Tibetan singer Pema Rinzin released from prison 5th India TSG Meet to be held in Guwahati next month Seminar on ‘Buddhism and Human Rights’ held in Dharamsala Southern Tibetan settlements declare 2016 Preliminary election results

ཡུ་རོབ་གྲོས་ཚོགས་ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་གནད་དོན་ཐད་ལ་བདེན་དཔང་བྱས་འདུག

རྒྱ་གཞུང་གི་བཙོན་ཁང་ནང་གློ་བུར་དུ་དོགས་གཞིའི་འོག་འདས་གྲོངས་སུ་གྱུར་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆེ་མཆོག་གི་ཚ་བོ་ནས་ཡོ་རོབ་གྲོས་ཚོགས་ནང་རིན་པོ་ཆེའི་གདན་དོན་ཐོང་ཉན་ཞིབ་གནང་པ་མ་ཟད། རྒྱལ་སྤྱིའི་ངོས་ནས་འཕྲལ་མར་དྲང་བདེན་རྟོག་ཞོབ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།  ཁ་སང་ཕྱི་ཚེས་ ༢༢ ཉིན་ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལ་ཉན་ཞིབ་གནང་པ་མ་ཟད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆེ་མཆོག་གི་ཚ་བོ་བློ་བཟང་ཚེ་རིང་ལགས་རྒྱ་ནག་གཞུང་གིས་རིན་པོ་ཆེ་ཁོང་ལ་ནག་ཉེས་གང་ཡང་མེད་པར་བཙོན་འཇུག་བྱས་པ་མ་ཟད། ལྷག་དོན་རིན་པོ་ཆེ་ཁོང་རྒྱའི་བཙོན་ཁང་ནང་སྡུག་སྦྱོང་མནར་སྤྱོད་འོག་སྐུ་བཀྲོངས་ཡོད་པ་འགྲེལ་བརྗོད་གནང་པ་དང་སྦྲགས། ཡོ་རོ་གྲོས་ཚོགས་དབུས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་ནག་ལ་གནོན་ཤུགས་བརྒྱུད་རིན་པོ་ཆེ་མཆོག་གི་གནད་དོན་ཐད་དྲང་བདེན་རྟོག་ཞོབ་གནང་དགོས་ཀྱི་རེད་ཅེས་གསུངས་འདུག  བློ་བཟང་ཚེ་རིང་ལགས་ཀྱིས་མུ་མཐུད་གསུངས་དོན་ལ། རིན་པོ་ཆེ་མཆོག་ནི་བོད་མི་རིགས་ལ་ཤ་ཚ་ཆེ་ཞིང་བོད་མིའི་སྤྱི་ཚོགས་དང་དཔལ་འབྱོར། དེ་བཞིན་ཁོར་ཡུག་དང་ཆོས་དད་རང་དབང་གི་ཐོབ་ཐང་སྲུང་སྐྱོབ་སོགས་ཀྱི་ཐད་ལ་ཕྱག་ལས་རྒྱ་ཆེ་གནང་པ་མ་ཟད། ལྷག་དོན་དམ་པ་ཁོང་ནི་༸གོང་ས་མཆོག་ལ་དད་གུས་དང་བཀའ་གསུང་ཅི་སྒྲུབ་ཞུ་མཁན་ཞིག་ཡིན་སྟབས། རྒྱ་གཞུང་གིས་གཞི་རྩའི་བདེན་དཔང་གང་ཡང་མེད་པར་བཙོན་འཇུག་བཀག་ཉར་བྱས་མཐར་རྒྱལ་སྤྱིའི་ངོས་ནས་ཁོང་གི་འཕྲོད་བསྟེན་སླས་སྨན་བཅོས་དགོས་པའི་ཞུ་འབོད་བསྟུད་མ་བྱས་ཀྱང་ཕན་འབྲས་མ་སོན་པར་མ་ཉེས་ཁ་གཡོག་འོག་གློ་བུར་དུ་རྒྱའི་བཙོན་ནང་སྐུ་བཀྲོངས་པའི་གནས་ཚུལ་རྣམས་ནན་བརྗོད་གནང་པ་དང་འབྲེལ། གནད་དོན་དེའི་བརྒྱུད་རྒྱ་ནག་གི་བཙོན་ཁང་ནང་ཡོད་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་དཀའ་སྡུག་ཇི་ཙམ་མྱོང་གི་ཡོད་མེད་གསལ་པོ་རྟོགས་རྒྱུ་ཡོད་པ་རེད་ཅེས་གསུངས་ཡོད་འདུག  དེ་བཞིན་ཁོང་གིས་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་དང་སྐད་ཡིག་རང་དབང་སོགས་གླེང་སློང་ཞུས་པ་མ་ཟད། བོད་མི་ཞིང་འབྲོག་རྣམས་བཙན་དབང་གིས་གཞི་སྤོས་བྱ་རྒྱུ་མཚམས་འཇོག་དགོས་པ་མ་ཟད། བོད་རྒྱ་འབྲེལ་མོལ་འཕྲལ་དུ་སླར་གསོ་གནང་དགོས་པ་སོགས་ཀྱི་འབོད་སྐུལ་ཁག་གཅིག་ཞུས་འདུག  རྩ་བའི་ཁ་སང་ཉན་ཞིབ་ལས་རིམ་དེའི་སྐབས་སུ་བློ་བཟང་ཚེ་རིང་ལགས་གཅིག་པོ་མ་ཡིན་པར་ཡུ་རོབ་བོད་ཀྱི་སྐུ་ཚབ་དོན་གཅོད་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་ལྔ་ཙམ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ཁག་ལ་གསལ་བཤད་དང་སྦྲགས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་དནད་དོན་ཐད་ལ་རྒྱལ་སྤྱིའི་ངོས་ནས་འཕྲལ་དུ་དྲང་བདེན་རྟོག་ཞོབ་དགོས་པའི་འབོད་བསྐུལ་ཞུས་གནང་འདུག  

རྡ་སྟེང་བོད་ཁྱིམ་དབུ་བརྙེས་ནས་མི་ལོ་ ༥༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་གནང་སོང་།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་ཤེས་ཡོན་ལྟེ་གནས་ཆེ་གྲས་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༥༥འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཞུས་ཡོད་པ་རེད།  དེ་རིང་ཟླ་ ༡༠ ཚེས་ ༢༣ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་སྟེང་བོད་ཁྱིམ་དུ་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ ༥༥འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་༸རྒྱལ་་བ་ཀརྨ་པ་དབུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དབུ་བཞུགས་གཙོས་པའི་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག གཞན་ཡང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དགེ་ལས་སློབ་ཕྲུག་མང་ཚོགས་བཅས་ཁྱོན་མི་གྲངས་སྟོང་ཚོགས་བརྒལ་བ་ལྷན་འཛོམས་ཐོག་དུས་དྲན་སྲུང་བརྩི་དབུ་འཛུགས་གནང་སོང།   སྐུ་མགྲོན་གཙོ་བོ་དཔལ་༸རྒྱལ་བ་ཀརྨ་པ་མཆོག་གིས་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་དེ་རིང་མི་ལོ་ ༥༥ འཁོར་བའི་དུས་ཚིགས་ཁྱད་པར་ཅན་འདིའི་བརྒྱུད། ཤེས་ཡོན་ལྟེ་གནས་ཁང་དེ་ད་བར་ཚགས་ཚུད་གནས་ཕྱིར་སྐུ་ལས་འཛེམ་མེད་བསྐྱོན་མཁན་གྱི་དགེ་ལས་སློབ་ཕྲུག་ཡོངས་ལ་འཚམས་འདྲིའི་བསྔགས་བརྗོད་གནང་པ་མ་ཟད། ད་ལྟའི་དུས་ཚོད་འདིར་ཤིན་ཏུ་ནས་ཤེས་ཡོན་དགོས་གལ་ཆེ་བ་ཆགས་ཡོད་སྟབས། ང་ཚོ་བོད་རིགས་རྣམས་ནས་ད་ལྟའི་གནས་སྟངས་འདིར་ཡིད་འམ་ནས་མ་བཞུགས་པར། ད་དུང་ཡར་རྒྱས་གོང་འཕེལ་དང་འགྱུར་བ་གཏོང་རྒྱུ་མཚོན་པའི་སོ་སོའི་ནོར་འཁྲུལ་ཁག་ཡོ་བསྲང་བྱ་རྒྱུར་འབད་དགོས་པའི་བླང་དོར་གྱི་བཀའ་སློབ་ལམ་སྟོན་སྩལ་སོང་།  དཔལ་༸རྒྱལ་བ་ཀརྨ་པ་མཆོག་གིས་ད་དུང་གསུངས་དོན་ལ། བོད་མི་རྣམས་བཙན་བྱོལ་མིའི་ལུང་པར་སླེབས་དགོས་པའི་གནས་སྟངས་དང་རང་ཉིད་ལ་འཁྲིད་པའི་ལས་འགན་ཁག་ཡང་ཡང་དྲན་གསོ་ཞུས་པའི་ཐོག་ནས་དེ་དག་ནམ་ཡང་བརྗེད་རྒྱུ་མེད་པའི་གཞེན་སྐུལ་གནང་པ་མ་ཟད། ལྷག་དོན་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་ཡུལ་སྲོལ་གོམས་གཤིས་མ་བརླག་པའི་ཕྱིར་བོད་ཕྲུག་ཚོས་ད་ལྟ་ནས་གྲ་སྒྲིག་གནང་དགོས་པའི་བླང་དོར་གྱི་བཀའ་སློབ་སྩལ་ཡོད་པ་རེད།   དེ་རྗེས་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་རང་རེ་རང་དབང་ལུང་པར་གནས་པའི་སློབ་ཕྲུག་ཡོངས་ཀྱིས་བོད་ནང་གི་བོད་མི་གཞོན་སྐྱེས་མང་པོས་བོད་མིའི་ངོ་བོ་སྲུང་སྐྱོབ་སླད་རང་གི་སྐུ་སྲོག་བློས་གཏོང་གནང་བ་ལ་བསམ་ཞིབ་ནན་ཏན་གྱིས་རང་དགོས་ཀྱི་ཤེས་ཡོན་ལ་སྦྱང་བརྩོན་ཧུར་ཐག་གིས་དེང་དུས་ཀྱི་ཤེས་ཡོན་ལྡན་པའི་འཛམ་གླིང་སྤྱི་དང་དཔུང་པ་མཉམ་གཤིབ་ཐུབ་པ་བྱ་གལ་ཆེ་བ་ཡིན་སྐོར་གསུངས་ཡོད་པ་རེད།   དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ནས་བོད་ཕྲུག་ཁྱིམ་སྡེ་དེ་བཞིན་ཐོག་མ་དབུ་བརྙེས་པ་ནས་བཟུང་། ད་བར་ཚགས་ཚུད་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཤེས་ཡོན་ཐོག་ཞབས་འདེགས་རླབས་ཆེན་གྲུབ་ཡོད་པར་བསྔགས་བརྗོད་གནང་པ་དང་ཆབས་ཅིག བཀའ་ཤག་ངོས་ནས་ཀྱང་དུས་ཀུན་ཏུ་ཤེས་ཡོན་དེ་གལ་ཆེར་བརྩི་བཞིན་ཡོད་སྟབས། སློབ་མ་ཚོས་ཤེས་ཡོན་སྦྱོང་རྒྱུའི་གོ་སྐབས་བཟང་པོ་ཆུད་བཟོས་སུ་མི་གཏོང་བར་ཤེས་ཡོན་ཐོག་ལ་རང་ཉིད་ཀྱི་དྭང་དུ་བླངས་ཏེ། བོད་མི་རིགས་ཀྱི་ཁྱད་ཕན་ཆེད་ཞབས་འདེགས་ཞུ་རྒྱུའི་ཀུན་སློང་འཁྱེར་དགོས་པའི་ལམ་སྟོན་སོགས་གནང་ཡོད་པ་རེད།

བོད་མདོ་སྨད་ནས་ཡིན་པའི་གཞས་པ་པདྨ་རིག་འཛིན་ལགས་བཙོན་གྲོལ་ཐོབ་འདུག

རྒྱ་ནག་གཞུང་གིས་བོད་མདོ་སྨད་ཨ་མདོ་རྔ་བ་ནས་ཡིན་པའི་བོད་རིགས་སྒྱུ་རྩལ་པ་པདྨ་རིག་འཛིན་ལགས་ལོ་ངོ་གཉིས་ལྷག་གི་རིང་བཙོན་འཇུག་ཁྲིམས་ཐག་གཙང་རྗེས་བཙོན་གྲོལ་བཏང་འདུག   དེ་རིང་ཟླ་ ༡༠ ཕྱི ཚེས་ ༢༣ ཉིན་གྱི་སྔ་དྲོ་རྒྱ་ནག་གཞུང་གིས་དེ་སྔ་ ༢༠༡༣ ལོར་ཁྲིན་ཏུའུ་ནས་བོད་ཀྱི་རྒྱལ་ཞེན་དང་དམངས་ཁྲོད་གླུ་གཞས་བླངས་མཁན་གྲགས་ཅན་པ་པདྨ་རིག་འཛིན་ལགས་ཆབ་སྲིད་ཀྱི་ནག་ཉེས་འོག་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད། རྒྱ་གཞུང་གིས་ཁོང་ལོ་གཉིས་ལྷག་ཙམ་རིང་བཙོན་འཇུག་ཁྲིམས་བཅད་བྱས་རྗེས་དེ་རིང་ཁོང་རྒྱའི་བཙོན་ལས་གློད་བཀྲོལ་བཏང་ཡོད་པ་རེད་འདུག  གཞི་རྩའི་པདྨ་རིག་འཛིན་ལགས་ནི་ ༡༩༨༢ ལོ་ནས་བཟུང་གངས་ལྗོངས་དྲན་གླུ་དང་མིག་ཆུ་སོགས་བོད་མི་རིགས་ཀྱི་གནས་བབ་མཚོན་པའི་གླུ་གཞས་བླངས་མཁན་གྱི་བོད་རིགས་གཞས་པ་གྲགས་ཅན་ཞིག་ཡིན་པ་མ་ཟད། སྤྱི་ལོ་ ༢༠༠༨ ནས་རྒྱུན་ལྡན་གྱི་གླུ་གཞས་གཏོང་མཚམས་བཞག་སྟེ། སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་ནང་གླུ་གཞས་སྒྲིག་སྦྱོར་ཁང་ཞིག་གསར་འཛུགས་གནང་པ་དང། བོད་ཁམས་ཀྱི་གཞས་པ་དང་གཞས་མ་ཚོས་བླངས་པའི་གླུ་གཞས་མང་དག་ཞིག་ཆེད་སྒྲིག་གནང་མྱོང་ཡོད་པ་རེད། རྒྱ་གཞུང་ཉེན་རྟོག་པས་ཁོང་ལ་ཆབ་སྲིད་དང་འབྲེལ་བ་ཡོད་པའི་གླུ་གཞས་སྒྲིག་སྦྱོར་དང་དཔར་བསྐྲུན་སོགས་གནང་པའི་ནག་ཉེས་འོག་གློག་བརྙན་སྒྲིག་བཟོ་ཁང་དེ་བཞིན་སྒོ་རྒྱབ་དགོས་པའི་བརྡ་ལན་ལམ་མང་བྱས་རྗེས། ༢༠༡༣ ལོའི་ཟླ་ ༥ ཚེས་ ༡༧ ཉིན་འཛིན་བཟུང་བྱས་ནས་ལོ་ངོ་གཉིས་ལྷག་རིང་ཁྲིམས་ཆད་དང་རྒྱ་སྒོར་སྟོང་ཕྲག་ལྔ་བཅུའི་ཉེས་ཆད་བཏང་ཡོད་པ་རེད།  

རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་ Guwahati ནང་ཚོགས་རྒྱུ་རེད་འདུག

རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་འདི་བཞིན་རྒྱ་གར་བྱང་ཕྱོགས་ཨ་རུ་ན་ཅལ་མངའ་སྡེའི་གྲོང་ཁྱེར་ Guwahati ནང་ཚོགས་རྒྱུ་ཡིན་པ་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་རེད།     དེ་རིང་ཟླ་ ༡༠ ཚེས་ ༢༣ཉིན་རྒྱབ་ཏུ་བཞུགས་སྒར་མེག་གྷན་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབས་ཚོགས་གཙོ་སྐུ་ཞབས་ Anand Kumar ལགས་དང། ཚོགས་གཙོ་ N.K. Trikha ལགས། དེ་བཞིན་ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ R.K.Khrimey ལགས་དབུ་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་པ་དང་སྦྲགས། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་འདི་བཞིན་རྒྱ་གར་བྱང་ཕྱོགས་ཨ་རུ་ན་ཅལ་མངའ་སྡེའི་གྲོང་ཁྱེར་ Guwahati ནང་ཚོགས་རྒྱུ་ཡིན་པ་ཡོངས་ཁྱབ་གསལ་བསྒྲགས་གནང་སོང།   ཚོགས་ཆེན་དེ་ཡང་ཕྱི་ཟླ་ ༡༡ པའི་ཚེས་ ༢ དང་ ༣ བཅས་སུ་ཚོགས་རྒྱུ་ཡིན་པ་རེད་འདུག་པ་དང། ད་ལན་གྱི་ཚོགས་ཆེན་དེའི་ནང་དུ་རྒྱ་གར་རྒྱལ་ཡོངས་ནས་བོད་དོན་རྒྱབ་སྐྱོར་ཚོགས་མི་ ༡༨༠ ལྷག་འདུ་འཛོམས་བྱུང་གི་ཡོད་པ་རེད་འདུག ཚོགས་འདུ་དེའི་ཁྲོད་བོད་མཐོ་སྒང་གི་ཁོར་ཡུག་གནད་དོན་གཙོས། ད་ལྟའི་བོད་ནང་གི་རང་ལུས་མེར་བསྲེག་དང། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། དེ་བཞིན་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་འཛིན་བཞིན་པའི་སྲིད་བྱུས་བརྒྱུད་རྒྱ་གར་བདེ་འཇགས་ཐོག་ཤུགས་རྐྱེན་ཐེབས་པ་སོགས་ཀྱི་སྐོར་གྲོས་བསྡུར་གནང་རྒྱུ་ཡིན་པ་རེད་འདུག  རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ R.K.Khrimey ལགས་ཀྱིས་ཐེངས་དེའི་ཚོགས་ཆེན་དེ་གྲོང་ཁྱེར་Guwahati ནང་ཚོགས་དགོས་ཇི་ཡིན་གསུངས་པར་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་སྲིད་བྱུས་གང་འདྲ་ཞིག་ལག་བསྟར་བྱས་པ་དེའི་ཤུགས་རྐྱེན་དང་པོ་དེ་རྒྱ་གར་བྱང་ཤར་ས་ཁུལ་ཁག་ནང་བྱུང་གི་ཡོད་སྟབས། ས་གནས་དེའི་མང་ཚོགས་ཁྲོད་ལ་བོད་ཀྱི་གནད་དོན་དེ་རྒྱ་གར་བདེ་འཇགས་ལ་ཇི་ཙམ་གལ་གནད་ཆེ་བ་ཆགས་ཡོད་མེད་གོ་རྟོགས་དང་ཚོགས་ཆེན་དེའང་འབྲས་སྨིན་སོན་པ་ཞིག་ཡོང་ཆེད་ཡིན་པ་གསུངས་སོང།  རྩ་བའི་ཁོང་རྣམ་པས་གསར་འགོད་ལྷན་ཚོགས་མ་བསྐོང་གོང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ནས་ཚོགས་ཆེན་དང་འབྲེལ་བའི་གནད་དོན་ཁག་སྙན་སེང་ཞུས་ཡོད་པ་རེད། ད་ལན་གྱི་ཚོགས་ཆེན་དེའི་ཐོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་ཐུགས་རེ་ཆེན་པོ་གནང་གི་ཡོད་པ་རེད།

Latest news