Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: August, 2016

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་རྣམ་པས་རྒྱ་གར་གྱི་དཔོན་རིགས་ཁག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུགས་གནང་པ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་དབུ་ཁྲིས་པའི་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་དང་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་བཅས་ཚོགས་མི་གསུམ་ལས་གྲུབ་པའི་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་རྒྱ་གར་གཞུང་གི་ཆེས་མཐོའི་དཔོན་རིགས་ཁག་དང་ལྷན་མཇལ་གྱིས་བོད་དོན་ཞུ་གཏུགས་གནང་འདུག དེའང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་དབུ་ཁྲིས་པའི་སྤྱི་འཐུས་རྒྱུན་ལས་གསུམ་གྱིས་ཟླ་གོང་མའི་ཕྱི་ཚེས་ ༢༥ ནས་དབུ་འཛུགས་གནང་སྟེ་ སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ལྷན་ཚོགས་ཐོག་ཇི་ལྟར་ཐུགས་ཐག་གཅོད་པ་བཞིན། རྒྱ་གར་གྱི་དབུས་གཞུང་གི་ཆེས་མཐོའི་དཔོན་རིགས་ཁག་དང་གྲོས་ཚོགས་གོང་འོག་གི་འ ཐུས་མི་རྣམས་ལ་མཇལ་འཕྲད་ཞུས་པ་ལས། མཁའ་ལམ་འགྲིམ་འགྲུལ་བློན་ཆེན་ཇ་ཝནྷ་སིནྷ་མཆོག་དང་། ཐག་ལས་བློན་ཆེན་ཨ་ཇེ་ཏམ་ཏ་མཆོག་རྣམ་གཉིས་གཙོས་བློན་ཆེན་ ༧ དང་གྲོས་ཚོགས་གོང་འོག་གི་འཐུས་མི་ མི་ཧི་མནྟ་ཏུ་ཀ་རཱམ་ལགས་དང་། མི་ཏ་མ་ར་དི་ཝེ་ས་ཏུ་ལགས། མི་གྷ་ནེ་ཤི་སིངྒ་ལགས། བྷི་ཇེ་པི་གྲོས་འཐུས་མ་ཧེནྡྲ་པནྜེ་ལགས། ཨ་ལོག་སན་ཇཱར་ལགས། རཱམ་སྭ་རུ་ཤརྨ་ལགས་བཅས་གཙོས་འཐུས་མི་ ༤༠ དང་། ལྡི་ལི་ཉེན་རྟོག་སྤྱི་ཁྱབ་པ་དང་མཁས་དབང་སོགས་གནད་ཡོད་མི་སྣ་མང་དག་ཞིག་དང་ལྷན་མཇལ་གྱིས་བོད་དོན་ཞུ་གཏུགས་གནང་འདུག ཐེངས་འདིའི་སྤྱི་འཐས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་ཆེས་མཐོའི་དཔོན་རིགས་དང་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་ལ་བོད་ནང་དུ་བྱུང་བཞིན་པའི་བོད་མིའི་རང་ལུས་མེར་སྲེག་གི་གནད་དོན་གཙོས་པའི་རྒྱ་གཞུང་གི་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་གྱི་སྲིད་བྱུས་རྣམས་སྙན་སེང་ཞུས་འདུག་པ་མ་ཟད། ལྷག་དོན་རྒྱ་གར་གྲོས་ཚོགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་འབྲེལ། ༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་གཞུང་དབར་གྱི་འབྲེལ་མོལ་བསྐྱར་གསོ་ཡོང་རྒྱུ་དང་གཅིག དེ་བཞིན་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་སློང་ཡོང་རྒྱུ་བཅས་ཀྱི་ཐོག་རྒྱ་གར་གྱི་གྲོས་ཚོགས་ནང་དུ་རྒྱབ་སྐྱོར་དང་འབྲེལ་གྲོས་ཆོད་འཇོག་སྐྱོང་ཡོང་བའི་ཞུ་སྐུལ་གནང་འདུག ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་སྐབས ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་སྐུ་ཚབ་ཚོགས་ཆུང་དེས་མུ་མཐུད་ཉིན་ཤས་རིང་རྒྱ་གར་དབུས་གཞུང་གི་བློན་ཆེན་ཁག་དང་དཔོན་རིགས་ཚོར་མཇལ་འཕྲད་གནང་རྒྱུ་རེད་འདུག

གསེར་རྟ་བླ་རུང་སྒར་གཏོར་བཤིག་ལ་ཞི་རྒོལ་གྱི་ཕྱག་འཚལ་ལས་འགུལ་སྤེལ་བ།

ཁ་སང་ཟླ་ ༧ ཚེས་ ༣༡ ཉིན་སྔ་དྲོ་ཚོུད་ ༡༠།༤༥ ནས་དབུ་འཛུགས་ཀྱིས་ཉིན་རྒྱབ་ཚོུད་ ༤ བར་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀའི་གྲོང་ཁྱེར་སྦེང་ལོར་དུ་བོད་པའི་གཞོན་སྐྱེས་གསུམ་གྱིས་བོད་ཁྱིམ་སྡོད་ཁང་ནས་མང་ཚོགས་འདུ་འཛོམས་བྱེད་ཡུལ་དང་ཚོང་གཉེར་ལྟེ་གནས་ Brigade Road བར་དུ་བརྐྱང་ཕྱག་འཚལ་ཏེ་རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པར་མཚམས་འཇོག་དགོས་པའི་རྐྱང་ཕྱག་གི་ལས་འགུལ་སྤེལ་གནང་ཡོད་པ་རེད། དེའང་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀའི་གྲོང་ཁྱེར་སྦེང་ལོར་ནང་མཐོ་སློབ་ཏུ་སྐྱོད་བཞིན་པའི་བོད་པའི་གཞོན་སྐྱེས་འཇིགས་མེད་འོད་ཟེར་ལགས་དང་ལུང་རིགས་རྡོ་རྗེ་ལགས། རྒྱ་གར་སྐྲན་ནད་ཚོགས་པའི་ལས་འཆར་བཀོད་སྒྲིག་པ་དང་བོད་པའི་སྐྲན་ཚོགས་པ་གསར་སྐྲུན་པ་བསྟན་འཛིན་ཚུལ་ཁྲིམས་ལགས་བཅས་རྣམ་པ་གསུམ་གྱིས་བོད་ཁྱིམ་སྡོད་ཁང་ནས་མང་ཚོགས་འདུ་འཛོམས་བྱེད་ཡུལ་གཙོ་བོ་དང་ཚོང་གཉེར་ལྟེ་གནས་ཆེ་གྲས་ Brigade Road བར་དུ་བརྐྱང་ཕྱག་འཚལ་བ་དང་། དེ་བཞིན་བོད་མི་གཞན་གསུམ་གྱིས་ཡིག་འགྲེམས་ཀྱིས་མང་ཚོགས་རྣམས་ལ་རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་རིག་པའི་སློབ་གཉེར་ཁང་གཙོ་གྲས་གསེར་རྟ་བླ་རུང་སྒར་གཏོར་བཤིག་ཚབས་ཆེན་གཏོང་བཞིན་པ་དེས་བོད་མིའི་ཆོས་དད་རང་དབང་ལ་དམ་དྲག་དང་ཚོད་འཛིན་ཤུགས་ཆེ་བྱས་སྟབས། རྒྱལ་ཚོགས་དང་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པས་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག ཐེངས་འདིའི་ལས་འགུལ་དེ་བཞིན་རྐྱང་ཕྱག་གི་ལམ་ནས་སྤེལ་དོན་ནི་རྒྱ་གཞུང་གིས་གཏོར་བཤིག་གཏོང་བཞིན་པའི་གསེར་རྟ་བླ་རུང་སྒར་དེ་ཆོས་ཕྱོགས་དང་འབྲེལ་བའི་གནད་དོན་ཞིག་ཡིན་སྟབས། དེ་ནི་བོད་མིའི་རིག་གཞུང་དང་ཁྱད་པར་དུ་ཆོས་ཕྱོགས་དང་ཆེས་འབྲེལ་བ་ཡོད་པས་ད་ལན་ཆོས་དང་འབྲེལ་བའི་རྐྱང་ཕྱག་གི་ལམ་ནས་ལས་འགུལ་སྤེལ་བ་ཞིག་ཡིན་འདུག གཞི་རྩའི་བླ་རུང་ཆོས་སྒར་དུ་རྒྱ་གཞུང་གིས་ཟླ་གོང་མའི་ཚེས་ ༢༠ ནས་འགོ་འཛུགས་ཀྱིས་ཉིན་རེར་གྲྭ་ཤག་ ༡༠༠ ནས་ ༡༥༠ བར་གཏོར་བཤིག་གཏོང་བཞིན་ཡོད་པས་ད་བར་ཁྱོན་གྲྭ་ཤག་ ༦༠༠ ཡས་མས་ཙམ་གཏོར་བཤིག་བཏང་ཟིན་པ་དང་། ད་དུང་ཉིན་རེ་བཞིན་གཏོར་བཤིག་གཏོང་མུས་ཡིན་འདུག

Latest news