Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: October, 2016

༸གོང་ས་མཆོག་གིས་བོད་མི་ཚོས་བོད་ཀྱི་སྐད་ཡིག་ཉར་ཚགས་ཐུབ་པ་གནང་རྒྱུ་གལ་ཆེ་ཡིན་པ་བཀའ་བསྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲི ད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཚོས་བོད་ཀྱི་སྐད་ཡིག་ཉར་ཚགས་ཐུབ་པ་གནང་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། ཕ་མ་ཚོའི་ངོས་ནས་རྒྱུན་དུ་རང་ཉིད་ཀྱི་ཁྱིམ་དུ་བུ་ཕྲུག་ཚོ་དང་བོད་སྐད་བསྐྱོན་རྒྱུ་གལ་ཆེ་ཡིན་པར་ལམ་སྟོན་མཛད་འདུག དེའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་ ༢༠ ནས་ ༢༢ བར་ཨི་ཊ་ལི་ནང་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་དང་རྟེན་འབྲེལ་བསྟོད་པ་སོགས་ཀྱི་ཆོས་འབྲེལ་ཁག་ཅིག་གཙོ་བོར་གྱུར་པའི་མང་ཚོགས་རྣམས་ལ་བཀའ་སློབ་སྩལ་པའི་ཁྲོད། ཕྱི་ཚེས་ ༢༡ ཉིན་མགོན་པོ་༸གང་ཉིད་མཆོག་གིས་ཨི་ཊ་ལི་གཙོས་པའི་ཉེ་འཁོར་ཡོ་རོབ་ས་གནས་ཁག་ནས་ཆེད་བཅར་ཞུས་པའི་བོད་རིགས་རྣམས་ལ་དམིགས་བསལ་གྱི་བཀའ་སློབ་བཀྲིན་ཆེ་བ་བསྐྱངས་གནང་ཡོད་པ་རེད། སྐབས་དེར་༸གང་ཉིད་མཆོག་གིས་ད་བར་བོད་མི་རྣམས་བཙན་བྱོལ་བ་ཆགས་ཏེ་ལོ་ངོ་ ༥༧ ལྷག་འགྲོ་བཞིན་པའི་དུས་སྐབས་འདིར་རྒྱ་ནག་གཞུང་གིས་དྲག་གནོན་ཇི་བྱས་ལ་མ་ལྟོས་པར་བོད་ནང་ལོག་ལ་ཡོད་པའི་བོད་མི་རྣམས་གཙོ་བོར་གྱུར་པའི་བོད་རིགས་རྒྱ་ཆེ་མང་ཚོགས་ཀྱི་ཞུམ་པ་མེད་པའི་ལྷག་བསམ་དང་སྙིང་སྟོབས་བཅས་རྒྱུན་གནས་ཐུབ་ཡོད་སྐོར་གསུངས་པ་དང་ཆབས་ཅིག བོད་མི་ཚོས་མུ་མཐུད་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་ཉར་ཚགས་གནང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་ཡིན་པ་ལམ་སྟོན་བསྩལ་འདུག     ད་དུང་མགོན་པོ་མཆོག་གིས་ད་བར་རྒྱ་ནག་ནང་ལོག་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པ་མ་ཟད། ལྷག་པར་དུ་དེང་སྐབས་རྒྱ་རིགས་མི་ཉུང་བ་ཞིག་བོད་ཀྱི་ས་ཁུལ་ཁག་གཙོ་བོར་གྱུར་པའི་རྒྱལ་སྤྱིའི་རང་དབང་ལུང་པའི་ནང་ཡུལ་སྐོར་སྤྲོ་འཆམ་དང་སློབ་སྦྱོང་སོགས་ཀྱི་ཆེད་དུ་བསྐྱོད་མཁན་ལོ་རེ་བཞིན་ཇི་མང་དུ་འགྲོ་བཞིན་ཡོད་སྟབས། བོད་དང་རྒྱ་ནག་གི་དངོས་ཡོད་གནས་ཚུལ་ཐོག་ལ་ཤེས་རྟོགས་ཡོད་མཁན་མང་དུ་འགྲོ་མུས་ཡིན་པ་བཀའ་སྩལ་དང་འབྲེལ། འགྱུར་བ་ལ་བཀག་ཐབས་མེད་པས་རྒྱ་ནག་ཕྱོགས་ནས་བོད་ཀྱི་གནད་དོན་ལ་ཤ་ཚ་ཡོད་མེད་ལ་མ་ལྟོས་པར་རྒྱ་ནག་རང་ཉིད་ཀྱི་ཆེ་མཐོང་དང་མ་འོངས་མདུན་ལམ་སླད་དུ་འགྱུར་བ་ཞིག་གཏན་གཏན་འགྲོ་ངེས་ཡིན་པ་ཡང་བཀའ་བསྩལ་མཛད་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ནང་པའི་གཞུང་ལུགས་ནང་ཡོད་པའི་ཚད་མ་རིག་པའི་རྣམ་གཞག་དེ་དག་བོད་ཀྱི་སྐད་ཐོག་ལ་མ་གཏོགས་སྐད་ཡིག་གཞན་གྱི་ཐོག་ལ་ད་ལྟའི་ཆར་གསལ་པོ་མཇལ་རྒྱུ་མེད་སྐོར་བཀའ་སྩལ་དང་འབྲེལ་བོད་ཀྱི་སྐད་ཡིག་ཐོག་ཡོད་པའི་བཀའ་བསྟན་དེ་དག་ལ་སློབ་དེབ་ལྟ་བུར་འདུ་ཤེས་འཛིན་ནས་སློབ་གཉེར་གནང་གལ་ཡིན་པ་མ་ཟད། ལྷག་དོན་སངས་རྒྱས་པའི་བསྟན་པ་དེ་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུ་བོད་པ་ཞེས་བྱེ་བྲག་པ་གཅིག་ཁོ་ནའི་འོས་འགན་ཙམ་མིན་པར་མང་ཚོགས་ཚོས་དེ་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུའི་དུས་ལ་བབ་ཡོད་སྐོར་བཀའ་བསྩལ་འདུག མཐར་༸གོང་ས་མཆོག་གིས་མང་ཚོགས་རྣམས་ནས་ནང་ཆོས་ལ་དད་པ་ཁོ་ནའི་རྗེས་སུ་མ་འབྲངས་པར་དེར་བསླབ་པ་སློབ་གཉེར་གནང་སྟེ་ཞིབ་འཇུག་དང་དཔྱད་པ་ཡང་དག་ཞིག་གནང་གལ་ཆེ་བ་ཡིན་པ་བཀའ་བསྩལ་ནན་པོ་མཛད་འདུག

ཀརྨ་པ་རིན་པོ་ཆེ་མཆོག་གིས་བོད་མི་ཚོས་རང་མི་རིགས་ཀྱི་རིག་གཞུང་ལ་མཐའ་གཅིག་ཏུ་བློ་དཀར་སེམས་དཀར་བྱེད་དགོས་ཅེས་གསུངས་སོང་།

བཙན་བྱོལ་བོད་མིའི་ཤེས་ཡོན་ལྟེ་གནས་ཁང་ཆེ་ཤོས་རྡ་སྟེང་བོད་ཁྱིམ་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༥༦ འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ། དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་བོད་མི་ཚོས་རང་མི་རིགས་ཀྱི་རིག་གཞུང་དང་སྲོལ་རྒྱུན་ལ་མཐའ་གཅིག་དུ་བློ་དཀར་སེམས་དཀར་བྱེད་དགོས་ཅེས་གསུངས་སོང་། ཁ་སང་ཟླ་ ༡༠ ཚེས་ ༢༣ ཉིན་བོད་ཕྲུག་ཁྱིམ་སྡེའི་ཤེས་ཡོན་ལྟེ་གནས་ཁང་དབུ་བརྙེས་ནས་མི་ལོ་ ༥༦ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་མགྲོན་གྱི་གཙོ་བོ་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་༸རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། ༡༩༩༡ ལོའི་རྡ་སྟེང་བོད་ཁྱིམ་སློབ་ཟུར་ཁག་ཅིག་དང་བོད་ཕྲུག་ཁྱིམ་སྡེའི་དགེ་ལས་སློབ་ཕྲུག་རྣམས། དེ་བཞིན་བཞུགས་སྒར་ཁུལ་གྱི་སེར་སྐྱ་མང་ཚོགས་སྟོང་ཕྲག་ལྷག་འདུ་འཛོམས་ཐོག་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད། སྐབས་དེར་སྐུ་མགྲོན་གཙོ་བོ་ཀརྨ་པ་རིན་པོ་ཆེ་མཆོག་གིས་བོད་མིའི་རིག་གཞུང་ནི་བོད་མིའི་བླ་སྲོག་དང་བོད་མི་རིགས་དབར་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པ་གསུངས་པ་དང་འབྲེལ། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོར་བོད་མི་ཞིག་ཡིན་པའི་ཆ་ནས་བོད་མི་རིགས་ཀྱི་རིགས་གནས་དང་སྲོལ་རྒྱུན་ལ་སྲུང་སྐྱོབ་བྱ་རྒྱུ་ནི་དོར་ཐབས་མེད་པའི་འགན་ཁྲི་ཞིག་ཡོད་པར་བརྟེན།  དེང་གི་དུས་རབས་དང་ཁོར་ཡུག་གི་འཕོ་འགྱུར་དེའི་ནང་བོད་མི་རིགས་ཀྱི་གཟི་བརྗིད་དང་དོན་སྙིང་མ་བརླག་པར་འཚོ་གནས་ཐུབ་པའི་ཐོག་བོད་མིའི་རིག་གཞུང་སྙིང་པོ་རྣམས་མི་རབས་གཅིག་ནས་གཅིག་བར་བརྒྱུད་སྤྲོད་བྱ་དགོས་གལ་ཡིན་པའི་ལམ་སྟོན་བསྩལ་བ་མ་ཟད། ལྷག་པར་དུ་ཆབ་སྲིད་ཀྱི་དམིགས་ཡུལ་དང་སྒྲིག་འཛུགས་ནི་འགྱུར་བ་འགྲོ་བཞིན་ཡོད་ཀྱང་། བོད་མི་ཚོས་འགྱུར་བ་མེད་པའི་ཐོག་རང་མི་རིགས་ཀྱི་རིག་གཞུང་དང་སྲོལ་རྒྱུན་ལ་མཐའ་གཅིག་དུ་བློ་དཀར་སེམས་དཀར་བྱེད་དགོས་ཅེས་གསུངས་སོང་། སྲིད་ཚབ་ཆོས་རིགས་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཉེ་བའི་ཆར་བོད་ཁྱིམ་གཙོ་བོར་གྱུར་བའི་སློབ་གྲྭ་ཁག་ཏུ་༸གོང་ས་མཆོག་གི་བཀའ་དགོངས་བཞིན་རིགས་ལམ་སློབ་ཁྲིད་གནང་བཞིན་ཡོད་པ་ལྟར་རིགས་ལམ་སློབ་ཁྲིད་གནང་པའི་བརྒྱུད་སློབ་མའི་རིགས་པ་རྣོ་པོ་ཞིག་མ་ཆགས་ཚེ་༸གོང་མཆོག་གི་བཀའ་སློབ་སྙིང་དོན་བསྒྲུབ་ཀྱི་མེད་པ་རེད་ཅེས་གསུངས་ཡོད། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དུས་དྲན་དང་འབྲེལ་བའི་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱང་གནང་པ་དང་འབྲེལ་བོད་ཕྱི་ནང་གཉིས་ནས་ཤེས་ལྡན་མི་སྣ་གང་མང་སྐྱེད་སྲིང་ཐུབ་པ་གནང་དགོས་ཅེས་གསུངས་ཡོད་པ་རེད། གཞི་རྩའི་རྡ་ས་བོད་ཕྲུག་ཁྱིམ་སྡེ་ནི། ཕྱི་ལོ་ ༡༩༦༠ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལམ་སྟོན་འོག་མ་འོངས་པའི་བོད་ཕྲུག་ཚོར་གནའ་དེང་གཉིས་ཀྱི་ཤེས་ཡོན་སྤྲོད་ཕྱིར་ཆེད་དམིགས་གནང་པར་གཞིགས་ཏེ་སྐུ་གཅེན་མོ་ཞིང་གཤེགས་དམ་པ་ཚེ་རིང་སྒྲོལ་མ་མཆོག་ནས་ཐུགས་འགན་གཙོ་བཞེས་ཀྱིས་ཆེས་ཐོག་མར་བཞུགས་སྒར་དུ་ཆེད་བཙུགས་གནང་པ་དང་རྗེས་སུ་སྐུའི་གཅུང་མོ་རྗེ་བཙུན་པདྨ་མཆོག་གིས་ཤེས་ཡོན་ལྟེ་གནས་ཁང་དེའི་ལས་གཞི་རྒྱུན་སྐྱོང་གནང་པར་བརྟེན་ད་ཆ་བོད་ཕྲུག་ཁྱིམ་སྡེ་ཡན་ལག་སློབ་ཁག་ ༧ གཙོས་པའི་ལས་རིགས་སྦྱོང་བརྡར་ལྟེ་གནས་ཁང་དང། བྱིས་གསོ་ཁང། མཐོ་སློབ། དེ་བཞིན་རྒས་གསོ་ཁང་བཅས་ཁྱོན་དགེ་ལས་སློབ་ཕྲུག་གྲངས་ ༡༣༠༠༠ ལྷག་ཡོད་པའི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བོད་པའི་ཤེས་ཡོན་ལྟེ་གནས་ཁང་ཆེ་ཤོས་ཤིག་ཡིན་པ་རེད། རྩ་བའི་ལོ་ལྟར་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་པའི་མཛད་སྒོ་ནང་ཚོགས་ལ་དེ་སྔ་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་ནས་སློབ་ཐོན་ཟིན་པའི་ཡུལ་གྲུ་འདྲ་མིན་ནང་ཡོད་པའི་སློབ་ཟུར་རྣམས་ལ་སློབ་ཐོན་རིམ་པ་བཞིན་འདུ་འཛོམས་གནང་སྲོལ་ཡོད་པ་ལྟར། འདི་ལོའི་དུས་སྟོན་སྐབས་དེ་སྔ་ ༡༩༩༡ ལོར་སློབ་ཐོན་ཟིན་པའི་སློབ་ཟུར་རྣམས་ཕེབས་ཡོད་པ་རེད། དེའང་ཟླ་ ༡༠ ཚེས་ ༢༣ ནས་ ༢༦ བར་ཉིན་བཞིའི་རིང་ཚོགས་གནང་གི་ཡོད་པ་དང་། ཉིན་གཉིས་པའི་སྐབས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་མཆོག་དབུ་བཞུགས་ཐོག་བཞུགས་སྒར་ཉེ་འཁོར་དུ་ཡོད་པའི་བོད་ཁྱིམ་སློབ་གྲྭ་ནང་ཁུལ་དབར་རྒྱུག་མཆོང་འཕེན་གསུམ་གྱི་རྩེད་འགྲན་གནང་རྒྱུ་མ་ཟད། རིག་གཞུང་འཁྲབ་སྟོན་དང་བགྲོ་གླེང་སོགས་ཀྱང་གནང་རྒྱུ་ཡིན་པ་རེད།

རེས་གཟའ་ཉི་མ། ༢༠༡༦།༡༠།༢༣

ཉན་པ།: Listen ཕབ་ལེན། Download འབུམ་རམས་པའི་སློབ་མ་རིག་འཛིན་ལྷུན་གྲུབ་ལགས་དང་ལྷན་དུ་ཁོང་གི་ཉམས་ཞིབ་དཔྱད་རྩོམ་<བཙན་བྱོལ་བོད་མིའི་རྒྱལ་ཞེན་> ཐོག་གླེང་མོལ། Sunday 23/10/2016 Interview with Rigzin Lhundup on his paper ‘Tibetan Nationalism in Exile’

རེས་གཟའ་སྤེན་པ། ༢༠༡༦།༡༠།༢༢

ཉན་པ།: Listen ཕབ་ལེན། Download བཀའ་ཤག་གི་ལྔ་དང་ལྔ་བཅུའི་ཐབས་བྱུས་དང་བོད་མིའི་གཞིས་ཆགས་ཀྱི་གནས་བབ་གླེང་བ། Saturday 22/10/2016 Kashag’s Five-Fifty Strategy and Tibetan Settlements: Panel Discussion

༸གོང་ས་མཆོག་གིས་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་དགའ་ལྡན་ཁྲི་ཐོག་ ༡༠༣ པར་བསྐོ་གཞག་མཛད་འདུག

འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་རི་རྫོང་སྲས་ཐུབ་མཆོག་དགའ་ལྡན་ཁྲི་པའི་ལོ་བདུན་གྱི་དུས་ཡུན་ཚང་ཡོད་སྟབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤར་པ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགའ་ལྡན་ཁྲི་ཐོག་ ༡༠༣ པར་བསྐོ་གཞག་མཛད་པའི་བཀའ་ཡིག་བསྩལ་འདུག ཟླ་ ༡༠ ཚེས་ ༡༩ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་རི་རྫོང་སྲས་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་ནུ་མཆོག་དགའ་ལྡན་ཁྲི་པའི་ལོ་བདུན་གྱི་དུས་ཡུན་ཚང་གི་ཡོད་པར་བརྟེན་ཤར་པ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགའ་ལྡན་ཁྲི་ཐོག་ ༡༠༣ པར་བསྐོ་གཞག་མཛད་འདུག འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་ཤར་པ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་ཁོང་རང་ཉིད་༸གོང་ས་མཆོག་གིས་དགའ་ལྡན་ཁྲི་པར་བསྐོ་གཞག་མཛད་པ་དེས་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་བཀའ་ལན་བསྩལ་སོང་བ་དང་། དེ་བཞིན་དགའ་ལྡན་ཁྲི་པའི་མཛད་འགན་གཙོ་བོ་ནི་རི་བོ་དགེ་ལུགས་པ་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་བྱ་བ་མཐའ་དག་དང་བསླབ་པ་སློབ་གཉེར་ཡར་རྒྱས་གཏང་རྒྱུར་ཐུགས་འགན་གཙོ་བཞེས་གནང་དགོས་ཀྱི་ཡོད་པ་སོགས་བཀའ་ལན་བསྩལ་སོང་། ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ལ་ཟླ་བ་འདིའི་ཕྱི་ཚེས་ ༡༩ ཉིན་བཀའ་ཡིག་ཕེབས་དོན་ལྟར་དགའ་ལྡན་ཁྲི་ཐོག་ཁང་དུ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་མཇལ་མོལ་གྱིས་སྙན་སེང་ཞུས་གནང་འདུག འདི་ལོ་བོད་ཟླ་ ༩ ཚེས་ ༦ དང་ཕྱི་ཟླ་ ༡༡ ཚེས་ ༥ ཉིན་དངོས་སུ་དགའ་ལྡན་ཁྲི་པའི་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་ཚོགས་ཐུགས་གཏན་ཁེལ་ཡོད་པ་རེད། དགའ་ལྡན་ཁྲི་ཐོག་ ༡༠༣ རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ནི་རྒྱ་གཞུང་གིས་དབྱེ་བའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཁམས་ཡ་ར་ཞེས་པར་སྐུ་འཁྲུངས་པ་དང་། ཆུང་དུས་ཡ་ར་ཚེམ་དགོན་པར་རབ་ཏུ་བྱུང་ཞིང་། དགུང་ལོ་ ༡༦ ཐོག་དབུས་ཕྱོགས་སུ་ཕེབས་ནས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་དག་ལ་བསླབ་པ་སློབ་གཉེར་གནང་འདུག ༡༩༥༩ ལོར་བོད་ལ་དུས་འགྱུར་བྱུང་སྐབས་བཙན་བྱོལ་དུ་ཕེབས་ནས་སྦག་ས་ཆོས་སྒར་དུ་མུ་མཐུད་སློབ་གཉེར་གནང་པ་དང་། དེ་རྗེས་མོན་གྷོ་བོད་མིའི་གཞིས་ཆགས་ཀྱི་གཞིས་གྲོང་དང་པོ་ནང་དུ་གང་ཙམ་བཞུགས་རྗེས་༸གོང་ས་མཆོག་གིས་བཀའ་འབྲེལ་ལྟར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་སྒྲིག་ཁོངས་སུ་ཞུགས་ནས་མུ་མཐུད་སློབ་གཉེར་གནང་པ་མ་ཟད། སྔ་ཕྱིར་གྲྭ་ཚང་གི་ཕྱག་མཛོད་དང་གྲྭ་ཚང་གི་ཞིང་ལས་བྱེད་མཁན་གྱི་རྒྱ་དཔོན་དང་བཅུ་དཔོན། དགེ་བསྐོས་སོགས་ལས་གནས་མང་དག་གི་ཐུགས་འགན་བཞེས་མྱོང་ཡོད་པ་རེད། དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་གནང་སྟེ་རྒྱུད་སྟོད་ཚང་དུ་ལོ་གཅིག་རིང་སྔགས་ཀྱི་སློབ་གཉེར་གནང་རྗེས་སྔགས་རམས་པའི་མཚན་རྟགས་བཞེས་གནང་འདུག་པ་མ་ཟད། སླར་འབྲས་སྤུངས་ལ་ཕེབས་ནས་སློབ་བུ་མང་པོར་དཔེ་ཁྲིད་གནང་ནས་བཞུགས་འདུག  དེ་རྗེས་༸གོང་ས་མཆོག་གིས་རྒྱུད་སྟོད་བླ་མ་དབུ་མཛད་ཀྱི་ཕྱག་རྟགས་ཕེབས་དོན་ལྟར་བླ་མ་དབུ་མཛད་ལོ་གསུམ་དང་མཁན་པོ་ལོ་གསུམ་བཅས་གནང་ཡོད་པ་རེད་འདུག གཞན་ཡང་རིན་པོ་ཆེ་མཆོག་ཨོ་སི་ཊོ་ལི་ཡ་དང་ཧྥ་རན་སི། སུད་སི་སོགས་ཕྱིའི་ཡུལ་གྲུ་ཁ་ཤས་ལ་གདན་ཞུ་ཕུལ་བ་བཞིན་ཕེབས་ནས་ནང་ཆོས་འཆད་ཁྲིད་གནང་འདུག ཕྱི་ལོ་ ༢༠༠༣ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཤར་པ་ཆོས་རྗེའི་མཚན་གནས་བསྩལ་འདུག་པ་དང་། དུས་དེ་ནས་བཟུང་ཉེ་ཆར་དགའ་ལྡན་ཁྲི་པའི་ཕྱག་རྟགས་མ་བསྩལ་བར་ལོ་ངོ་ ༡༤ རིང་ཤར་པ་ཆོས་རྗེའི་མཚན་གནས་བཞེས་གནང་ཡོད་པ་རེད། རྩ་བའི་ཤར་པ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་བོད་ལུགས་ལྟར་ན་ད་ལོ་དགུང་ལོ་ ༨༠ པར་ཕེབས་ཀྱི་ཡོད་པ་རེད་འདུག    

༸གོང་ས་མཆོག་གིས་ཨི་ཊ་ལིའི་ནང་དུ་བཀའ་ཆོས་དབུ་འཛུགས་མཛད་འདུག

ཨི་ཊ་ལིའི་གྲོང་ཁྱེར་མི་ལན་དུ་རྟེན་གཞི་བྱས་པའི་དགེ་འཕེལ་གླིང་ཆོས་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་སྔ་ཐོག་ཁུལ་དེའི་དད་ལྡན་མང་ཚོགས་སྟོང་ཕྲག་ལྷག་ལ་ཁ་སང་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་དང་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་དབུ་འཛུགས་བསྐྱངས་འདུག སྐབས་དེར་མགོན་པོ་མཆོག་གིས་ཐོག་མར་འཆད་པར་བྱ་བའི་གཞུང་གཉིས་པོའི་སྐོར་ལ་ངོ་སྤྲོད་སྤྱི་བཤད་མཛད་པ་དང་འབྲེལ། སྔོན་འགྲོའི་གསུང་ཆོས་སྐབས་༸གོང་ས་མཆོག་གིས་འཛམ་གླིང་འདིའི་ནང་ཆོས་དད་ཡོད་མེད་ལ་མ་ལྟོས་པར་མི་དུང་ཕྱུར་བདུན་ཅུ་ཡོད་པ་ཚང་མ་མི་ཡིན་པ་གཅིག་གྱུར་གྱི་འདུ་ཤེས་འཛིན་ཏེ་བདེ་སྐྱིད་ཀྱི་རྩ་བ་བྱམས་བརྩེ་ལྡན་པའི་མི་ཞིག་བྱ་ཐབས་གནང་དགོས་གལ་ཡིན་པ་དང་། དེ་བཞིན་འཛམ་གླིང་འདིའི་ནང་གི་ཆོས་ལུགས་གཙོ་ཆེ་ཚང་མར་བྱམས་པ་དང་བརྩེ་བ། བཟོད་བསྲན་སོགས་གོང་འཕེལ་གཏང་རྒྱུའི་ནུས་པ་གཅིག་མཚུངས་ཡོད་སྟབས། འཛམ་གླིང་འདིའི་སྟེང་ཡོད་པའི་ཆོས་ལུགས་དེ་དག་ནང་ཕན་ཚུན་དབར་མཐུན་སྒྲིལ་གནང་རྒྱུ་ནི་ཧ་ཅང་གི་གནད་ཆེ་ཞིག་ཆགས་ཡོད་པ་སོགས་བཀའ་བསྩལ་འདུག མཛད་འཆར་ལྟར་ན། སང་ཉིན་ཚེས་ ༢༢ ཉིན་སྔ་ཐོག་མགོན་པོ་༸གང་ཉིད་མཆོག་གིས་ཁུལ་དེའི་དད་ལྡན་མང་ཚོགས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་། ཉིན་རྒྱབ་ཏུ་བདེ་སྐྱིད་རྩ་བ་ཞེས་པའི་བརྗོད་གཞིའི་ཐོག་ལ་བཀའ་སློབ་བཀྲིན་བསྐྱང་རྒྱུ་རེད་འདུག

༸གོང་ས་མཆོག་ལ་མི་ལན་གྲོང་ཁྱེར་གྱི་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་ཕུལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་ཚེས་ ༢༠ ཉིན་ཨི་ཊ་ལིའི་གྲོང་ཁྱེར་མི་ལན་ནང་༸ཞབས་སོར་བདེ་བར་འཁོད་བསྟུན། ཉིན་དང་པོའི་སྐབས་མགོན་པོ་མཆོག་ལ་མི་ལན་གྲོང་ཁྱེར་གྱིས་ཆེ་བསྟོད་ཚུལ་དུ་ཆེས་མཐོའི་མི་སེར་གྱི་ཕྱག་འཁྱེར་ཕུལ་འདུག ཆེ་བསྟོད་ཕྱག་འཁྱེར་དེ་ནི་ཁ་སང་ཉིན་རྒྱབ་ Milan Bicocca གཙུག་ལག་སློབ་གཉེར་ཁང་དུ་དགེ་ལས་སློབ་མ་ ༢༥༠༠ ཙམ་འདུ་འཛོམས་ཀྱིས་འབུལ་བཞེས་བསྐྱངས་འདུག་པ་དང་། མི་ལན་གྲོང་སྡེ་ལྷན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་ Lamberto Bertole མཆོག་ནས་༸གོང་ས་མཆོག་ད་རེས་ཁུལ་དེར་ཆིབས་སྒྱུར་མཛད་པར་འཚམས་འདྲི་དང་བཅས་འབུལ་ལམ་ཞུས་འདུག   མགོན་པོ་མཆོག་གིས་ཆེ་བསྟོད་ཕྱག་འཁྱེར་དེ་འབུལ་བཞེས་མཛད་སྐབས་གྲོང་སྡེ་ལྷན་ཚོགས་ཀྱི་གཙོ་འཛིན་མཆོག་ལ་སྐུ་རྩེད་དང་སྦྲགས། ཕྱག་འཁྱེར་དེས་༸གང་ཉིད་མཆོག་ལ་ཐོབ་ཐང་དང་ལས་འགན་ག་རེ་གནང་ཡོད་པ་མཁྱེན་འདོད་ཡོད་པ་དང་། ༸སྐུ་ཉིད་མཆོག་ལ་ཐོབ་ཐང་གཙོ་བོ་ཁ་ཤས་ལས་ལས་འགན་མི་དགོས་ཞེས་བཀའ་བསྩལ་མཛད་འདུག ཁ་སང་ཉིན་རྒྱབ་ Milan Bicocca གཙུག་ལག་སློབ་གཉེར་གྱི་ཚོགས་ཁང་དུ་ཁུལ་དེའི་སྒྲིག་འཛུགས་དང་མང་ཚོགས་ནས་༸གོང་ས་མཆོག་གི་མཛད་འཕྲིན་ལ་ཆེ་བསྟོད་བླ་ན་མེད་པ་ཞུས་པའི་དུས་མཚམས་དེར། ཚོགས་ཁང་གི་ཕྱི་ལ་རྒྱ་རིགས་བརྒྱ་སྐོར་ཙམ་ཞིག་ནས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག་པ་མ་ཟད། ལྷག་པར་དུ་པེ་ཅིང་གཞུང་ནས་ Italy དང་རྒྱ་ནག་དབར་གྱི་འབྲེལ་ལམ་དོ་ཕོག་ཡོང་རྒྱུའི་ཉེན་བརྡ་ཡང་བཏང་འདུག Euronews གསར་སྤེལ་ཁང་གིས་༸གོང་ས་མཆོག་ལ་རྒྱ་རིགས་ངོ་རྒོལ་བ་ཚོའི་ཐད་ལ་བཅར་འདྲི་པར་༸གང་ཉིད་མཆོག་གིས་རྒྱ་ནག་གཞུང་ཚབ་ཁག་ནས་༸སྐུ་ཉིད་མཆོག་ལ་ཡང་ཡང་ངོ་རྒོལ་སྤེལ་གྱི་ཡོད་ཅིང་། འོན་ཀྱང་མཚམས་རེ་ངོ་རྒོལ་བ་ཚོ་ག་རེ་བྱེད་ནས་ངོ་རྒོལ་བྱེད་ཀྱི་ཡོད་མེད་ཤེས་ཀྱི་མེད་པ་རེད་ཅེས་བཀའ་ལན་མཛད་འདུག རྩ་བའི་༸གོང་ས་མཆོག་ཁ་སང་སྔ་དྲོ་ Milan གྲོང་ཁྱེར་དུ་༸ཞབས་སོར་བདེ་བར་འཁོད་སྐབས་གྲོང་ཁྱེར་སྤྱི་ཁྱབ་མཆོག་གིས་༸གང་ཉིད་མཆོག་གི་ཕེབས་བསུར་བཅར་ཡོད་པ་དང་། དེ་བཞིན་གྲོང་ཁྱེར་མི་ལན་གྱི་ཡི་ཤུའི་བླ་ཆེན་ Cardinal Angalo Scola མཆོག་གིས་མགོན་པོ་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་ཡོད་པ་རེད། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་རྒྱལ་ཁབ་ཁག་ལྔའི་ནང་དུ་ཆིབས་སྒྱུར་མཛད་འཕྲིན་བཀྲིན་བསྐྱངས་པའི་ཁྲོད་རྒྱ་གཞུང་ནས་སྔར་ལྟར་གནོན་ཤུགས་དང་ངོ་རྒོལ་སྐྱོན་བརྗོད་རིགས་བྱས་ཡོད་ཀྱང་། ༸གང་ཉིད་མཆོག་ཆིབས་སྒྱུར་བསྐྱང་ཡུལ་རྒྱལ་ཁབ་སོ་སོའི་གཞུང་འབྲེལ་མི་སྣ་དང་གྲོས་ཚོགས་མི་མང་དག་ཅིག་གིས་པེ་ཅིང་གི་གནོན་ཤུགས་ལ་ལྟོས་མེད་༸གོང་ས་མཆོག་དང་མཇལ་མོལ་ཞུས་ཡོད་པ་རེད། དེའི་ཁོངས་ནས་ཟླ་བ་འདིའི་ཚེས་ ༡༦ ཉིན་ Slovakia འི་སྲིད་འཛིན་སྐུ་ཞབས་ Andrej Kiska མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་ཏེ་༸གང་ཉིད་མཆོག་ལ་ཆེ་བསྟོད་ཞུས་ཡོད་པ་དང་། དེ་མཚུངས་སུ་ཚེས་ ༡༠ ཉིན་ Latvia དང་ Estonia དེ་བཞིན་ Lithuania སོགས་ Baltic མངའ་ཁུལ་གྱི་གྲོས་ཚོགས་འཐུས་མི་བཅོ་ལྔ་དང་མཇལ་མོལ་མཛད་པ་དང་། ཚེས་ ༡༨ ཉིན་ Czech གྲོས་ཚོགས་ཀྱི་ཚོགས་གཞོན་མཆོག་གིས་དབུས་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་ ༤༨ ནས་༸གོང་ས་མཆོག་གི་མཇལ་ཁ་ལམ་སྟོན་བཀའ་སློབ་ཞུས་ཡོད་པ་རེད། གཞན་ཡང་ཁུལ་དེའི་རིག་ཞུང་བློན་ཆེན་སྐུ་ཞབས་ Daniel Herman མཆོག་ནས་ཀྱང་མགོན་པོ་མཆོག་དང་མཇལ་འཕྲད་ཞུས་ཡོད། རྩ་བའི་ད་ལན་གྱི་མཛད་འཆར་ཁྲོད་མགོན་པོ་༸གང་ཉིད་མཆོག་ལ་སུད་སིའི་རྒྱལ་ས་ Bern གྱི་གྲོང་ཁྱེར་སྤྱི་ཁྱབ་པ་མཆོག་དང་། ཨི་ཊ་ལིའི་གྲོང་ཁྱེར་Milan གྱི་སྤྱི་ཁྱབ་པ་སོགས་ཀྱིས་ཁུལ་དེ་དག་ནང་ཆིབས་སྒྱུར་མཛད་པར་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཐོག་མཇལ་འཕྲད་ཀྱང་ཞུས་ཡོད་པ་རེད།

ཅེཀ་ནང་གི་གཙུག་ལག་སློབ་གཉེར་ཁང་ཁག་ཅིག་ཏུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཀྱིས་༸གོང་ས་མཆོག་ལ་རྒྱབ་སྐྱོར་ཞུས་འདུག

ཉིན་ཤེས་སྔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ནང་དུ་ཆིབས་སྒྲུར་མཛད་སྐབས། ཡུལ་དེའི་ནང་གི་གཙུག་ལག་སློབ་གཉེར་ཁང་ཁག་ཅིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་མཚོན་ཕྱིར་སློབ་གཉེར་ཁང་དེ་དག་གི་འཛིན་སྐྱོང་ལས་ཁུངས་མདུན་དུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་འདུག རྩ་བའི་ཟླ་བ་འདིའི་ཚེས་ ༡༨ ཉིན་༸གོང་ས་མཆོག་ཅེཀ་རྒྱལ་ས་ Prague ནང་དུ་ཆིབས་སྒྱུར་མཛད་པ་དང་བསྟུན་༸གང་ཉིད་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གཞུང་བློན་ཆེན་སྐུ་ཞབས་ Daniel Herman མཆོག་དང་སྲིད་བློན་གཞོན་པ་ Pavel Bělobrádek དེ་བཞིན་ཡུལ་དེའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་གཞོན་དབུས་པའི་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་མཛད་པ་མ་ཟད། ཡུལ་དེའི་གྲོས་ཚོགས་གོང་མའི་ནང་ཆིབས་སྒྱུར་གྱིས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ ༤༨ ལྷག་དང་མཇལ་མོལ་གནང་ཡོད་པ་རེད། འོན་ཏང་ཡུལ་དེའི་སྲིད་འཛིན་ Milos Zeman མཆོག་དང། སྲིད་བློན་ Bohuslav Sobotka མཆོག དེ་བཞིན་གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་གཙོ་གཙོས། ད་རེས་ཀྱི་མཇལ་མོལ་གནང་པ་དེས་ Cezch རྒྱལ་ཁབ་ཀྱི་ངོས་ནས་རྒྱ་ནག་དང་འབྲེལ་བའི་སྲིད་བྱུས་ལ་འགྱུར་བ་ཐེབས་པ་མཚོན་གྱི་མེད་པ་མ་ཟད། ཅེཀ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་འོག་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད་བཅས་པའི་བསྒྲགས་གཏམ་ཞིག་འདོན་སྤེལ་བྱས་ཡོད་པ་རེད། དེའང་ཁ་སང་ཚེས་ ༢༠ ཉིན་ Prague Daily Monitor ཞེས་པའི་ཡུལ་དེའི་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཅེཀ་གཞུང་གིས་སྤེལ་བའི་བསྒྲགས་གཏམ་དེར་ངོ་རྒོལ་གྱི་ཚུལ་དུ་ཚེས་ ༡༨ ཉིན་གུང་ཙམ་ལ་ Masaryk གཙུག་ལག་སློབ་གཉེར་ཁང་དང། Charles, Palacky, Pardubice དེ་བཞིན་ West Bohemian དང་ Hradec Kralove སོགས་ཡུལ་དེའི་གཙུག་ལག་སློབ་གཉེར་ཁང་ཆེ་གྲས་ཁག་ཅིག་གིས་རང་སོ་སོའི་འཛིན་སྐྱོང་ལས་ཁུངས་ཀྱི་མདུན་དུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཀྱིས་༸གོང་ས་མཆོག་ལ་རྒྱབ་སྐྱོར་ཞུས་འདུག བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་འགུལ་སྣེ་ཁྲིད་པ་སྐུ་ཞབས་ Masaryk གཙུག་ལག་སློབ་གཉེར་ཁང་གི་ Rector འམ་གཙོ་འཛིན་སྐུ་ཞབས་ Mikulas Bek ལགས་ཀྱིས་ཚེས་ ༡༨ ཉིན་རང་གི་ལས་ཁུངས་མདུན་དུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་སྐབས། ཅེཀ་གཞུང་གི་བསྒྲགས་གཏམ་དེ་ལ་སློབ་གྲྭ་ཆེན་མོའི་དགེ་སློབ་ཕོན་ཆེ་བ་ཧང་སང་ནས་ལུས་ཡོད་སྐོར་གསུངས་པ་མ་ཟད། ཤེས་ལྡན་པ་མང་དག་ཞིག་གིས་གནད་དོན་དེ་ནི་རྒྱལ་ཁབ་ཕྱོགས་གཉིས་ཀྱི་རྒྱུན་དུ་འབྲེལ་མོལ་བྱེད་སྟངས་དང་ཡོངས་འགལ་བ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་པ་གསུངས་འདུག

རེས་གཟའ་པ་སངས། ༢༠༡༦།༡༠།༢༡

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ཨ་ཊ་ལིའི་དད་ལྡན་མང་ཚོགས་སྟོང་ཕྲག་ཁ་ཤས་ལ་ཆོས་འབྲེལ་དབུ་འཛུགས་བསྐྱངས་འདུག ༸གོང་ས་མཆོག་ལ་གྲོང་ཁྱེར་མི་ལན་གྱི་ཆེ་བསྟོད་མི་སེར་ཕྱག་འཁྱེར་ཕུལ་འདུག ཅེཀ་ནང་གི་གཙུག་ལག་སློབ་ཁང་ཁག་ཅིག་ཏུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་འདུག ཤར་པ་ཆོས་རྗེ་རིན་པོ་ཆེ་དགའ་ལྡན་ཁྲི་ཐོག་༡༠༣བསྐོ་གཞག་གནང་འདུག བཞུགས་སྒར་དུ་ཁོར་ཡུག་གཙང་བཟོ་བརྒྱུད་བོད་དོན་གོ་རྟོགས་སྤེལ་བ། དམིགས་བསལ་ལེ་རིམ། སྐེ་རགས་བོད་ཀྱི་དཔེ་གསར་གྱོན་ཆས་བཟོ་ཚོང་། Friday 21/10/2016 Milan honors Dalai Lama with Citizenship amidst China protests Dalai Lama begins Teaching in Milan Czech Universities raise Tibetan flag in support to Tibet Kyabje Sharpa Choeje Rinpoche appointed 103rd Gaden Tripa Mass Clean up and Tibet Awareness Campaign in Dharamsala TCCR holds Mediation Workshop for Tibetan Settlement officers DIASPORA FEATURE: KERAA, a Tibetan clothing designer and manufacturer

Latest news