Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: March, 2017

རྒྱ་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཚབས་ཆེ་བཏང་པ་ར་སྤྲོད་གནང་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཁ་ས་རེས་གཟའ་པ་སངས་ཉིན་ཕྱི་ལོ་ ༢༠༡༦ ལོའི་ལོ་འཁོར་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འདོན་སྤེལ་གནང་པའི་ནང་རྒྱ་ནག་གཞུང་གིས་འདས་ལོ་ནང་བོད་རང་སྐྱོང་ལྗོངས་ཟེར་བ་དང་དེའི་ཕྱི་ཕྱོགས་ཀྱི་བོད་མིའི་ས་ཁུལ་ཁག་ཏུ་གནས་སྡོད་ས་གནས་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཚབས་ཆེ་བཏང་ཡོད་པ་ར་སྤྲོད་གནང་འདུག འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་འདྲ་མིན་བསྡོམས་ ༢༠༠ ལྷག་ཙམ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཞིབ་འཇུག་གནང་པའི་སྙན་ཐོའི་ནང་རྒྱ་ནག་དང་བོད་ཅེས་པའི་ཚན་པ་ལས།  རྒྱ་ནག་གཞུང་གིས་མཐའ་མཚམས་སྲུང་སྐྱོབ་དང་སྤྱི་ཚོགས་བརྟན་ལྷིང། ཁ་བྲལ་ལ་གདོང་ལེན་། དེ་བཞིན་གཏེར་ཁ་སྔོག་འདོན་སོགས་ལ་ཁ་གཡར་ཏེ་བོད་མིའི་ཐོུང་མིན་ཆོས་རིག་དང་། སྐད་ཡིག  སྨྲ་བརྗོད་དང་ཆོས་དད། འདུ་འཛོམས། འགྲུལ་བསྐྱོད་བཅས་ཀྱི་མཚོན་པའི་བོད་མིའི་སྤྱི་དམངས་ཐོབ་ཐང་ཡོངས་རྫོགས་ལ་དམ་བསྒྲགས་ཧ་ཅང་ཤུགས་ཆེ་བྱས་ཡོད་སྐོར་འགྲེལ་བརྗོད་གནང་འདུག སྙན་ཐོ་དེའི་ནང་ད་དུང་རྒྱ་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མུ་མཐུད་མཚན་སྨད་སྐུར་འདེབས་ཞུས་པ་དང། ཏཱ་ལའི་རུ་ཚོགས་ཟེར་བ་དང་ཕྱིའི་སྟོབས་ཤུགས་ཁག་ནས་རྒྱ་ནག་གི་བདེ་འཇགས་དང་བརྟན་ལྷིང་དཀྲུགས་ཐབས་ཀྱི་ལས་དོན་བརྒྱུད་སྐུལ་བྱེད་བཞིན་པར་སྐྱོན་བྱས་སྐོར་བཀོད་པ་མ་ཟད། བོད་སྐོར་གྱི་གནས་ཚུལ་མཁོ་སྒྲུབ་དང་བོད་ནང་བསྐྱོད་རྒྱུར་ཡང་བཀག་སྡོམ་ཤུགས་ཆེ་བྱས་རྐྱེན་ཁུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་དཀའ་གནད་ཆ་ཚང་བ་ཞིག་ཤེས་རྟོགས་ཐུབ་པར་འགོག་རྐྱེན་བཟོ་བཞིན་ཡོད་སྐོར་འགྲེལ་བརྗོད་ནན་པོ་གནང་འདུག དེའང་ཕྱི་རྒྱལ་གྱི་གསར་འགོད་པ་ཁག་ཁུལ་དེའི་ནང་བསྐྱོད་རྒྱུར་བཀག་སྡོམ་དང་གསར་འགོད་པ་དེ་དག་ལ་བཀའ་མོལ་གནང་མཁན་གྱི་བོད་མི་དོ་བདག་དང་། ཁ་པར་དང་གློག་འཕྲིན། དྲ་རྒྱ་སོགས་ཀྱི་བརྒྱུད་ནས་བོད་ནང་གི་ཞི་རྒོལ་ལ་སོགས་པའི་གཞུང་དང་ལྟ་སྤྱོད་མི་མཐུན་པའི་གནད་དོན་ཕྱིར་འགྱར་བྱེད་མཁན་རྣམས་བཀག་སྡོམ་གྱིས་སུན་གཙེར་བཟོ་བཞིན་ཡོད་པ་མངོན་གསལ་གནང་འདུག གཞུང་གི་བཀའ་འཁྲོལ་ཡོད་པའི་ཕྱི་རྒྱལ་གཞུང་སྐུ་ཚབ་རྣམས་དང་གསར་འགོད་པ་རྣམས་བོད་ནང་བསྐྱོད་ཐུབ་ཀྱང་ས་གནས་ཀྱི་གཞུང་འབྲེལ་དཔོན་རིགས་ཚོས་ཁོ་རྣམ་པའི་འཚམས་གཟིགས་ལ་དམ་བསྒྲགས་ཤུགས་ཆེ་བྱས་སྟབས། སྙན་ཐོའི་ནང་བོད་མིར་དྲག་གནོན་གྱིས་གནས་ཚུལ་འདྲ་མིན་མང་དག་ཞིག་བཀོད་ཡོད་ཀྱང་དེ་དག་ལ་རང་དབང་གི་ཐོག་ནས་ཁུངས་སྐྱེལ་ར་སྤྲོད་གནང་ཐབས་དཀའ་བ་ཡོད་པར་འགྲེལ་བརྗོད་གནང་ཡོད། གཞི་རྩའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཐེངས་འདིའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་དེ་ནི་ Trump སྲིད་གཞུང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་སྙན་ཐོ་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་ཁ་སང་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོ་འདོན་སྤེལ་གྱི་མཛད་སྒོའི་ཐོག་རྒྱུན་ལྡན་དང་མི་འདྲ་བར་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Tillerson  མཆོག་བཅར་མེད་སྟབས་འགྲོ་མིའི་ཐོབ་ཐང་དང་འབྲེལ་བའི་ཚོགས་པ་ཁག་གིས་སྐྱོན་བརྗོད་ཤུགས་ཆེ་གནང་དང་གནང་མུས་རེད་འདུག ལར་ནས་སྐུ་ཞབས་ Tillerson  མཆོག་གིས་དེ་སྔོན་ཁོང་ཨ་རིའི་ཕྱི་སྲིད་དྲུང་ཆེའི་ལས་གནས་ཐོག་བསྐོ་གཞག་གནང་པའི་བརྒྱུད་རིམ་ཁྲོད་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་དྲི་བ་ཁག་ཅིག་ལ་ལན་འདེབས་གནང་སྐབས། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་འབྲེལ་ལམ་ཁྲོད་གོ་སྐབས་འདྲ་མཉམ་བརྗེ་ལེན་བྱེད་དགོས་རྒྱུ་ཞེས་པ་དེ་ཧ་ཅང་གི་གནད་ཆེ་ཡིན་པ་ལྟར། ཁོང་གིས་རྒྱ་གཞུང་གིས་ཕྱི་རྒྱལ་གསར་འགོད་པ་དང་གཞུང་འབྲེལ་སྐུ་ཚབ་རྣམས་བོད་ལ་བསྐྱོད་རྒྱུར་བཀག་སྡོམ་བྱེད་བཞིན་པའི་གནད་དོན་དེ་དཀའ་ངལ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་པ་དང། གལ་ཏེ་ཁོང་ཨ་རིའི་ཕྱི་སྲིད་དྲུང་ཆེར་བསྐོ་གཞག་བྱུང་ཚེ། རྒྱ་ནག་གི་དཔོན་རིགས་ཚོར་མཐོང་མཆན་སྤྲོད་རྒྱུའི་ཨ་རིའི་གཞུང་གི་སྲིད་བྱུས་ལ་དཔྱད་ཞིབ་གནང་རྒྱུ་ཡིན་པར་ཁས་ལེན་ཞུས་ཡོད་པ་མ་ཟད། བོད་རྒྱ་ཕྱོགས་གཉིས་དབར་བོད་ཀྱི་གནད་དོན་ཐོག་གྲོས་མོལ་ཡོང་ཐབས་དང་༸གོང་ས་མཆོག་བོད་ལ་ཆིབས་བསྒྱུར་བསྐྱང་ཐབས་ཐད་ཁོང་གིས་ཤུགས་སྣོན་རྒྱབ་རྒྱུའི་ཁས་ལེན་ཡང་ཞུས་ཡོད་པ་རེད། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོ་དེའི་ནང་བོད་མི་མང་ཚོགས་ཀྱི་ཁྲོད་ནས་རྒྱ་གཞུང་གི་ངོས་ནས་བོད་མི་ཚོར་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་དབྱེ་འབྱེད་ཤུགས་ཆེ་བྱེད་བཞིན་པའི་འཁོན་འཛིན་ཤུགས་ཆེ་ཡོད་པ་དང། ཐ་ན་ཚོང་གསར་པ་རིགས་འགོ་འཛུགས་བྱེད་སྐབས་བུན་གཡར་དང་འབྲེལ་བའི་ཆོག་མཆན་ཞུ་བར་རྒྱ་རིགས་ལས་བོད་མི་རྣམས་ལ་དཀའ་ངལ་ཆེ་བ་འཕྲད་བཞིན་པ་དང། དེ་བཞིན་བོད་མི་ཚོར་ཕྱིར་བསྐྱོད་ལག་ཁྱེར་བཟོ་རྒྱུར་དཀའ་ངལ་ཤུགས་ཆེ་འཕྲད་པ་མ་ཟད། བོད་མིར་རོགས་རམ་གྱི་ལས་དོན་གཉེར་མཁན་ཕྱི་རྒྱལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལའང་དམ་བསྒྲགས་ཤུགས་ཆེ་བྱས་རྐྱེན་འདས་ལོའི་ནང་། བོད་རང་སྐྱོང་ལྗོངས་ཟེར་བ་དང་དེའི་ཕྱི་ཕྱོགས་ཀྱི་ས་ཁུལ་ཁག་ཏུ་སྤྱི་ཚོགས་ལ་ཕན་པའི་གཞུང་འབྲེལ་མ་ཡིན་པའི་ལས་གཞི་མང་དག་ཞིག་ཆེས་ཉུང་དུ་ཕྱིན་ཡོད་པ་ར་སྤྲོད་གནང་ཡོད། རྩ་བའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོ་དེའི་ནང་འདས་ལོ་ཕྱི་ལོ་ ༢༠༡༦ ལོར་རྒྱ་གཞུང་གིས་བོད་མི་ཚོ་ཁྲིམས་མཐུན་མིན་པའི་ཐོག་ནས་འཛིན་བཟུང་དང་། བཙོན་འཇུག་གིས་མནར་གཅོད་བཏང་པ། བཙོན་པ་ཚོར་ཁྲིམས་རྩོད་པའི་མཐུན་རྐྱེན་མེད་པ་བཟོས་པ། རང་ལུས་མེར་སྲེག་གི་གནད་དོན། སྨྲ་བརྗོད་ཀྱི་རང་དབང་དང་གསར་འགོད་པའི་རང་དབང། དྲ་རྒྱའི་རང་དབང། ཤེས་ཡོན་གི་རང་དབང་སོགས་ལ་དམ་བསྒྲགས་བྱས་དང་བྱས་དང་བྱེད་མུ་ཡིན་སྐོར་དོན་ཚན་རེ་རེ་བཞིན་བཀོད་འདུག སྙན་ཐོ་དེར་གཞིགས་ན། རྒྱ་ནག་གི་བཙོན་ཁང་ཁག་ཏུ་ད་ལྟའི་ཆར་བོད་མི་ཆབ་སྲིད་བཙོན་པ་ ༦༥༠ ལྷག་ཡོད་སྐོར་བཀོད་པ་མ་ཟད། དངོས་ཡོད་གྲངས་འབོར་དེ་ལས་མང་བ་ཡོད་པར་ཚོད་དཔག་གནང་བཞིན་འདུག བོད་མི་མང་དག་ཞིག་བཀག་ཉར་ཁང་འདྲ་མིན་ནང་དོ་དམ་བྱེད་བཞིན་ཡོད་སྐོར་ཡང་དོ་ནན་གྱིས་བཀོད་འདུག

བོད་ཀྱི་བེུད་རྐང་སྤོལ་རུ་ཁག་ལ་མཐོང་མཆན་གནང་དགོས་པའི་ཞུ་འབོད་གནང་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ལ་བོད་ཀྱི་བེུད་རྐང་སྤོལ་རུ་ཁག་ཨ་རིར་བསྐྱོད་ཆོག་པའི་མཐོང་མཆན་གནང་དགོས་པའི་ཞུ་གཏུགས་གནང་འདུག དེའང་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Christopher Smith ལགས་དང་། Thomas Macarthur ལགས་རྣམ་གཉིས་ཀྱིས་ཁ་སང་ཚེས་ ༣ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ Rex Tillerson མཆོག་གི་མཚན་ཐོག་ཏུ་ཞུ་ཡིག་ཞིག་ཕུལ་ཏེ། བོད་ཀྱི་བེུད་རྐང་སྤོལ་རུ་ཁག་ལ་ Dallas Cup ཞེས་རྒྱལ་སྤྱིའི་གྲགས་ཅན་རྐང་སྤོལ་རྩེད་འགྲན་ནང་མཉམ་ཞུགས་གནང་རྒྱུའི་མགྲོན་བརྡ་གནང་ཡོད་ཀྱང་། ཉེ་འཆར་རྐང་སྤོལ་རུ་ཁག་དེར་ཨ་རིར་བསྐྱོད་རྒྱུའི་མཐོང་མཆན་རག་མེད་སྟབས། ཕྱི་སྲིད་དྲུང་ཆེ་མཆོག་གིས་གནད་དོན་དེའི་ཐོག་བསྐྱར་ཞིབ་གནང་སྟེ་བེུད་དེ་དག་ལ་ཟླ་བ་རྗེས་མའི་ནང་ཨ་རིར་བསྐྱོད་ཆོག་པའི་མཐོང་མཆན་གནང་དགོས་པའི་རེ་སྐུལ་ཞུས་འདུག གཞི་རྩའི་ Dallas Cup ཟེར་བ་དེ་ནི་འཛམ་གླིང་ནང་སྙན་གྲགས་ཆེ་བའི་རྒྱལ་སྤྱིའི་རྩེད་འགྲན་ཞིག་ཡིན་པ་དང་། རྩེད་འགྲན་གོ་སྒྲིག་གནང་མཁན་གི་ངོས་ནས་ཐེངས་འདིའི་རྩེད་འགྲན་སྐབས་བོད་ཀྱི་བེུད་རྐང་སྤོལ་རུ་ཁག་གི་རྩེད་འགྲན་པ་ ༢༢ དང་ལས་བྱེད་ ༤ བཅས་དམིགས་བསལ་སྐུ་མགྲོན་དུ་མགྲོན་འབོད་གནང་ཡོད་པ་རེད། དེ་སྔ་རྩེད་འགྲན་དེའི་ནང་ Israel དང་ Palestine, Iraq, གཞན་ཡང་ལྷོ་ཨཕ་རི་ཀའི་རྩེད་འགྲན་རུ་ཁག་འདྲ་མིན་དང། Ireland གྱི་ཡི་ཤུའི་རྣམ་དག་དང་གྲུབ་མཐའ་གསར་མ་བའི་ཆོས་བརྒྱུད་ཀྱི་རུ་ཁག་བཅས་ནས་མཉམ་ཞུགས་གནང་མྱོང་ཡོད་པ་རེད། ད་ལན་རྩེད་འགྲན་གོ་སྒྲིག་པས་བོད་པའི་བེུད་ཀྱི་རྐང་སྤོལ་རུ་ཁག་དེའི་རྩེད་འགྲན་པའི་འགྲིམ་འགྲུལ་དང་བཞུགས་གནས། དེ་བཞིན་མཁོ་ཆས་སོགས་ཀྱི་མཐུན་འགྱུར་ཆ་ཚང་གནང་གི་ཡོད་པ་མ་ཟད། རྩེད་འགྲན་དབུ་འབྱེད་ཀྱི་ཉིན་མོར་བོད་པའི་བེུད་ཀྱི་རུ་ཁག་དེར་Cotton Bowl རྩེད་རར་རུ་སྒྲིག་སྣེ་ཁྲིད་དང་ལྷག་པར་ Dallas གྲོང་ཁྱེར་སྤྱི་ཁྱབ་མཆོག་དང་མཇལ་འཕྲད་རྒྱུའི་གོ་སྐབས་སོགས་བསྐྲུན་ཡོད་པ་རེད་འདུག སྐུ་ཞབས་ Christopher Smith ལགས་དང་། Thomas Macarthur ལགས་རྣམ་གཉིས་ཀྱིས་ཕྱི་སྲིད་དྲུང་ཆེ་མཆོག་ལ་བོད་ཀྱི་བེུད་རྐང་སྤོལ་རུ་ཁག་དེ་ནི་སེམས་འགུལ་ཐེབས་གཞིའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལྡན་ཞིང་། ཆབ་སྲིད་དང་སྤྱི་ཚོགས་བཅས་ཀྱི་དཀའ་ངལ་སྣེ་མང་ལ་གདོང་ལེན་ཤུགས་ཆེ་གནང་ནས་གཅིག་ཏུ་སྒྲིལ་བའི་རུ་ཁག་ཞིག་ལ་འགྲེལ་བརྗོད་གནང་པ་དང་འབྲེལ། རུ་ཁག་དེར་མཐོང་མཆན་གནང་ཚེ་དེ་ནི་ཨ་རིའི་གཞུང་ལ་གོ་སྐབས་བཟང་པོ་ཞིག་ཆགས་ཀྱི་རེད་ཅེས་གསུངས་འདུག རྩ་བའི་ཐེངས་འདི་ Dallas Cup རྩེད་འགྲན་འདི་བཞིན་ལོདེའི་ཕྱི་ཟླ་ ༤ ཚེས་ ༩ ཉིན་དབུ་འཛུགས་ཀྱིས་ཚེས་ ༡༦ བར་ཁྱོན་ཉིན་གྲངས་བརྒྱད་རིང་ཚོགས་ཀྱི་ཡོད་པ་རེད་འདུག བོད་པའི་བེུད་རྐང་རྩེད་སྤོ་ལོའི་རུ་ཁག་དེ་ནི་ཨ་རིར་གནས་བཞུགས་ Cassie Childers ལགས་ཀྱིས་ཕྱི་ལོ་ ༢༠༡༡ ལོར་གསར་བཙུགས་གནང་པ་ཞིག་ཡིན་པ་དང། འབྲེལ་ཡོད་གནས་ཚུལ་གཞན་ཞིག་ཏུ་གསལ་བར་གཞིགས་ཚེ། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ངོས་ནས་ཁ་སང་གསར་འགོད་གསལ་བསྒྲགས་ཤིག་འདོན་སྤེལ་དང་འབྲེལ། རྩེད་འགྲན་རུ་ཁག་དེ་ནི་རྩེད་རིགས་ཚོགས་པ་དེ་དང་འབྲེལ་བ་མེད་པ་ཞིག་ཡིན་པ་དང། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པར་བོད་པའི་བེུད་རྐང་སྤོལ་རུ་ཁག་ལོགས་སུ་ཡོད་སྐོར་འགྲེལ་བརྗོད་གནང་འདུག

རེས་གཟའ་པ་སངས། ༢༠༡༧།༠༣།༠༣

ཉན་པ།: Listen ཕབ་ལེན། Download འདས་པའི་མེ་སྤྲེལ་ལོ་དེའི་ནང་རྒྱལ་སྤྱིའི་བོད་དོན་དང་འབྲེལ་བའི་གནད་ཆེ་གསར་འགྱུར་ཁག་ལ་བསྐྱར་ཞིབ། Friday 03/03/2017 Tibet International: Year in review

རེས་གཟའ་ཕུར་བུ། ༢༠༡༧།༠༣།༠༢

ཉན་པ།: Listen ཕབ་ལེན། Download ལོ་གསར་ཚེས་པ་བཞི་པའི་དམིགས་བསལ་ལས་རིམ། འདས་ལོ་དེའི་ནང་བཙན་བྱོལ་ནང་གི་གལ་ཆེའི་གནས་ཚུལ་ཁག་ཕྱོགས་སྒྲིག་ཞུས་པ། Thursday 02/03/2017 Exile Tibet: A Year In Review

རེས་གཟའ་ལྷག་པ། ༢༠༡༧།༠༣།༠༡

ཉན་པ།: Listen ཕབ་ལེན། Download འདས་ལོ་དེའི་ནང་བོད་ནང་གི་གསར་འགྱུར་གལ་ཆེ་ཁག་ལ་བསྐྱར་ཞིབ། Wednesday 01/03/2017 Inside Tibet: Year in Review

Latest news