Tibetan Royal Year of 2151 | Year of the Wood Dragon

ARCHIVE

Yearly Archives: 2017

རེས་གཟའ་ཟླ་བ། ༢༠༡༧།༠༡།༠༩

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་སོག་པོའི་དགེ་འདུན་པ་ཚོས་རང་ཡུལ་དུ་བསྟན་པའི་ཞབས་འདེགས་ཞུ་གལ་ཡིན་པ་བཀའ་གནང་སོང། ༸གོང་ས་མཆོག་གིས་༸གང་ཉིད་མཆོག་ལ་དགེ་སློང་མའི་སྡོམ་རྒྱུན་གནང་རྒྱུའི་༸སྐུ་དབང་མེད་ཅེས་བཀའ་བསྩལ་བ། དུས་དབང་དང་བསྟུན་བོད་ཀྱི་ཛ་དྲག་ཁོར་ཡུག་གནས་བབ་གླེང་མོལ་གནང་སོང། པར་འགྲེམས་སྟོན་བརྒྱུད་བོད་ནང་གི་གནས་སྟངས་ངོ་སྤྲོད། Monday 09/01/2017 Dalai Lama inaugurates Mongolian Monastery, calls on Mongolians to preserve Buddhism Dalai Lama speaks on Gelongma vow Panel Discussion on Food and Water Security Tibet awareness through Photo Exhibition

སོག་པོའི་དགེ་འདུན་པ་ཚོས་སོག་ཡུལ་དུ་བསྟན་པའི་ཞབས་འདེགས་བསྒྲུབ་རྒྱུའི་འགན་ཡོད་ཅེས་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་རྟེན་གཞི་བྱས་པའི་སོག་པོའི་དགོན་པ་གསར་པར་དབུ་འབྱེད་རབ་གནས་གནང་པ་དང་འབྲེལ། སོག་པོའི་དགེ་འདུན་པ་ཚོས་ནང་ཆོས་ལ་བསླབ་པ་སློབ་གཉེར་ཡག་པོ་གནང་ནས་རང་ཉིད་ཀྱི་ཕ་ཡུལ་དུ་བསྟན་པའི་ཞབས་འདེགས་བསྒྲུབ་རྒྱུའི་འགན་ཡོད་ཅེས་བསྩལ་སོང། དེ་རིང་ཟླ་ ༡ ཚེས་ ༩ ཉིན་སྔ་དྲོ་ཚོུད་ ༡༡ སྟེང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོག་ཡུལ་དགའ་ལྡན་དགོན་པའི་མཁན་པོ་ཆོས་རྒྱ་མཚོ་མཆོག་གིས་དབུས་པའི་སོག་པོའི་སེར་སྐྱ་མང་ཚོགས་ཚོས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་བསྩལ་མཛད་ཐོག་སྔ་དྲོ་དུས་དབང་གི་སྒྲུབ་བཤག་ལེགས་གྲུབ་གནང་རྗེས་གནས་མཆོག་རྡོ་རྗེ་གདན་གྱི་ཉེ་འདབས་སུ་ཉེ་ཆར་གསར་བཞེངས་ལེགས་གྲུབ་ཟིན་པའི་སོག་ཡུལ་དགའ་ལྡན་ཐེག་ཆེན་དགོན་པའི་ཡན་ལག་པ་ཐཱ་ཚ་གྭང་ལྷ་ཁང་ལ་ཆིབས་བསྒྱུར་མཛད་སྟེ་དབུ་འབྱེད་རབ་གནས་བཀྲིན་བསྐྱངས་ཡོད་པ་རེད། ༸གོང་ས་མཆོག་གིས་སྐབས་དེར་སོག་པོ་དང་བོད་གབར་གྱི་འབྲེལ་ལམ་དེ་ནི་ཚོང་གི་འབྲེལ་ལམ་ལྟ་བུ་ཞིག་མ་ཡིན་པར་༸གོང་ས་༸སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ་མཆོག་སོག་ཡུལ་དུ་སྐུ་འཁྲུངས་པ་དང་ཁོང་ལ་ཏཱ་ལའི་བླ་མ་ཞེས་མཚན་ཐོབ་པ་སོགས་གསུངས་ཏེ་བོད་སོག་གཉིས་ཀྱི་དབར་ད་བར་ཆོས་ཕྱོགས་ཀྱི་དད་པ་དམ་ཚིག་གི་ཐོག་ནས་འབྲེལ་ལམ་དམིགས་བསལ་ཞིག་ཆགས་ཡོད་སྐོར་སོགས་བཀའ་བསྩལ་གནང་པ་མ་ཟད། ལྷག་པར་དུ་དེ་སྔའི་ལོ་རྒྱུས་ཁྲོད་བོད་ཀྱི་གདན་ས་ཁག་ནས་སོག་པོའི་མཁས་དབང་དང་དགེ་བཤེས་མང་པོ་ཞིག་ཐོན་ཐུབ་པ་བྱུང་ཡོད་པ་ལུང་འདྲེན་མཛད་པ་དང་སྦྲགས་ཏེ་ད་ལྟ་བཙན་བྱོལ་ནང་དུའང་གདན་ས་ཁག་ལ་ཡོད་པའི་སོག་པོའི་དགེ་འདུན་པ་ཚོས་ནང་ཆོས་ལ་སློབ་གཉེར་ཧུར་ཐག་གནང་དགོས་པ་དང་། རང་ཉིད་སོ་སོའི་ཕ་ཡུལ་དུ་ཕྱིར་ལོག་གནང་རྗེས་བསྟན་པའི་ཞབས་འདེགས་བསྒྲུབ་རྒྱུའི་འགན་ཡོད་ཅེས་བཀའ་བསྩལ་ཡོད་པ་རེད།  ༸གང་ཉིད་མཆོག་གིས་ད་ལན་གནས་མཆོག་རྡོ་རྗེ་གདན་དུ་སོག་པའི་དགོན་པ་གསར་བཞེངས་བྱུང་བར་བསྔགས་བརྗོད་མཛད་པ་དང་འབྲེལ། སངས་རྒྱས་པོའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུར་གཙ་བོ་ལུང་རྟོགས་གཉིས་ཀྱི་བསྟན་པ་ལ་ཐུག་ཡོད་པ་ལས། ལམ་དང་ལུགས་སྲོལ་ལྟ་བུར་ཕྱིན་ཚེ་སངས་རྒྱས་པའི་བསྟན་པ་བརྟན་པོ་ཡོང་གི་མ་རེད་ཅེས་བཀའ་ནན་མཛད་སོང། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་གིས་དབུ་འབྱེད་རབ་གནས་པའི་སོག་པོའི་དགོན་པ་དེ་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་སོག་པོའི་ནང་པའི་དགོན་པ་ཐོག་མ་དེ་ཆགས་ཡོད་པ་དང་འདི་བཞིན་དགོན་པ་དེ་གཙོ་བོ་སོག་ཡུལ་དགའ་ལྡན་དགོན་པའི་མཁན་པོ་ཆོས་རྒྱ་མཚོ་མཆོག་གིས་ཐུགས་འགན་གཙོ་བཞེས་འོག་ཕྱག་བཏབ་པ་ཞིག་ཡིན་པ་རེད་འདུག དགོན་པ་དེའི་གཤམ་འོག་ཏུ་སོག་ཡུལ་གྱི་ནང་པའི་དགོན་པ་ཁག་དང་སོག་པོའི་རིག་གཞུང་དང་འབྲེལ་བའི་པར་རིས་ཁག་ཅིག་འགྲེམས་སྟོན་ཡང་གོ་སྒྲིག་ཞུས་འདུག ཤེས་རྟོགས་བྱུང་བར་གཞིགས་ཚེ་ད་ལྟའི་ཆར་བྱེས་ཀྱི་གདན་ས་སེ་འབྲས་གཉིས་སུ་སོག་པོའི་དགེ་འདུན་པ་སློབ་གཉེར་གནང་མཁན་ ༧༨༠ ཡོད་པ་དང་། ཐེངས་འདིའི་དུས་འཁོར་དབང་ཆེན་ཐོག་སོག་ཡུལ་ནས་ནང་པའི་དད་ལྡན་ཆོས་ཞུ་བ་ཁྱོན་ ༢༠༠༠ ལྷག་ཆེད་བཅར་གནང་འདུག

༸གོང་ས་མཆོག་གིས་རིས་མེད་ཆོས་ལུགས་ཕན་ཚུན་དབར་ཐུགས་མཐུན་ཁྲིམས་གཙང་དགོས་གལ་ཡིན་པར་ལམ་སྟོན་བསྩལ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་དབང་ཐེངས་ ༣༤ པའི་ཐོག་སྔོན་འགྲོའི་བཀའ་ཆོས་ལེགས་གྲུབ་མཛད་ཡོད་པ་དང་། དེ་རིང་སྔོན་འགྲོའི་ཆོས་འབྲེལ་ཉིན་མཐའ་མའི་སྐབས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པ་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་བསྒོམ་རིམ་བར་པའི་ཆོས་འབྲེལ་ཡོངས་སུ་ལེགས་གྲུབ་དང་བསྟུན། མགོན་པོ་༸གང་ཉིད་མཆོག་གིས་རིང་མིན་གནས་མཆོག་རྡོ་རྗེ་གདན་དུ་འཚོགས་འཆར་ཡོད་པའི་རིས་མེད་ཆོས་ལུགས་ཀྱི་ཚོགས་འདུ་དེར་འཚམས་འདྲི་གནང་པ་དང་སྦྲགས།  ཆོས་ལུགས་ཕན་ཚུན་དབར་དམ་ཚིག་ཐུགས་མཐུན་ཁྲིམས་གཙང་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེའང་རྒྱུན་ལྡན་ནས་ཆོས་ལུགས་ཕན་ཚུན་བར་ལ་ད་ལྟ་གནས་མཆོག་རྡོ་རྗེ་གདན་དུ་ཚོགས་རྒྱུའི་ཚོགས་འདུ་དེ་ལྟ་བུ་མང་ཙམ་ཚོགས་ཐུབ་པ་ཡིན་ན། ཕན་ཚུན་བར་ངོ་ཤེས་པ་དང་དེའི་བརྒྱུད་ནས་སེམས་ཐག་ཉེ་པོ་ཡོང་གི་རེད། ལྷག་པར་དུ་ས་དགེ་བཀའ་རྙིང་སོགས་ཀྱི་ཆོས་ལུགས་ཚང་མས་སྔོན་གྱི་མཁས་པ་ཚོས་མཛད་པའི་གཞུང་དེ་དག་ལ་དོ་སྣང་བྱེད་དགོས་པ་དང་། ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་ཆོས་བརྒྱུད་ཚང་མ་བཅོམ་ལྡན་འདས་དང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་གཅིག་མཚུངས་ཡིན་སྟབས་ཆོས་བརྒྱུད་ཕན་ཚུན་ཚང་མས་ཆོས་ལུགས་སོ་སོའི་མཁས་པ་ཚོས་མཛད་པའི་གཞུང་ཚང་མར་དོ་སྣང་གནང་དགོས་གལ་ཡིན་པར་ལམ་སྟོན་སོགས་བཀྲིན་བསྩལ་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་བཞིན་སྔོན་འགྲོའི་ཆོས་འབྲེལ་ཁག་ལེགས་པར་གྲུབ་པ་དང་བསྟུན། ཆོས་ཞུ་བ་ཚོས་རྒྱུན་དུ་ཆོས་སེམས་ནས་བྱེད་དགོས་པ་དང་མཆུ་ཏོ་གཅིག་པོར་ལས་ཀ་བསྐུལ་ཏེ་གཟུངས་སྔགས་བགྲངས་བསྡད་པ་ལས་དེ་རེས་སྔོན་འགྲོའི་གསུང་ཆོས་སུ་བསྩལ་བའི་སྤྱོད་འཇུག་ལྟ་བུའི་གཞུང་དེ་ཚོར་དོ་སྣང་ཐུབ་ན་ཁེ་ཕན་ཆེ་བའི་ལམ་སྟོན་སོགས་རྒྱ་ཆེ་མཛད་ཡོད་པ་རེད། ད་རེས་ཀྱི་དུས་འཁོར་དབང་ཆེན་ཐེངས་ ༣༤ པ་འདིའིསྔོན་འགྲོའི་ཆོས་འབྲེལ་ཁག་དེ་རིང་ལེགས་པར་གྲུབ་ཡོད་ཀྱང་། སང་ཚེས་ ༩ ཉིན་མཆོད་གར་དང་ཚེས་ ༡༠ ཉིན་བཀའ་དབང་སྔོན་འགྲོ་སློབ་མ་སྟ་གོན། དེ་རྗེས་དབང་དངོས་དཀྱིལ་འཁོར་དུ་ཞུགས་པ་དང་ཞུགས་ནས་དབང་བསྐུར་བ། དེ་བཞིན་དབང་གོང་མ་དང་གོང་ཆེན་བཞི་བཅས་རིམ་པས་བཀྲིན་བསྩལ་རྒྱུ་མ་ཟད། ༸གང་ཉིད་མཆོག་གིས་ད་རེས་ཀྱི་དུས་དབང་འདིའི་ཆོས་འབྲེལ་གྱི་མཐའ་མར་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་བཀྲིན་བསྩལ་གནང་གི་ཡོད་པ་རེད།

༸གོང་ས་མཆོག་གིས་བོད་དང་རྒྱ་ནག་ནང་གི་ནང་པ་རྣམས་ནམ་ཡང་བརྗེད་ཀྱི་མ་རེད་ཅེས་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དང་རྒྱ་ནག་ནང་གི་ནང་པ་རྣམས་ནམ་ཡང་བརྗེད་རྒྱུ་མིན་པ་དང་། རྒྱ་ནག་གི་རྣམ་འགྱུར་ལ་དུས་ནམ་ཞིག་འགྱུར་བ་འགྲོ་ཚེ་མགོན་པོ་༸གང་ཉིད་མཆོག་བོད་དང་རྒྱ་ནག་ནང་ཕེབས་རྒྱུར་གྲ་སྒྲིག་ཨང་སར་ཡིན་ཅེས་བཀའ་བསྩལ་སོང་། དེ་རིང་ཟླ་ ༡ ཚེས་ ༨ ཉིན་གནས་མཆོག་རྡོ་རྗེ་གདན་དུ་སྔོན་འགྲོའི་ཆོས་འབྲེལ་ཉིན་མཐའ་མའི་ཆོས་ཐུན་དབུ་འཛུགས་མ་གནང་གོང་ལ་ཧོང་ཀོང་དང་མ་ཀའོ་གཙོས་པའི་རྒྱ་ནག་སྐམ་ས་ཆེན་པོ་ནས་བཅར་བའི་དད་ལྡན་ཆོས་ཞུ་བ་ཁག་ཅིག་ལ་དམིགས་བསལ་བཀའ་སློབ་བསྩལ་ཡོད་པ་རེད། སྐབས་དེར་༸གང་ཉིད་མཆོག་གིས་རྒྱ་རིགས་ཆོས་ཞུ་བ་དེ་དག་ལ་བླ་མ་དང་སློབ་མའི་དབར་གྱི་དམ་ཚིག་སྐོར་བཀའ་བསྩལ་ཡོད་པ་རེད། ཁྱེད་ཚོར་ཧ་ཅང་དཀའ་ལས་ཡོད་ཀྱང་ཨུ་ཚུགས་བརྒྱབ་སྟེ་འདི་གར་ཆེད་མངགས་ཡོང་བར་བརྟེན་དམིགས་བསལ་གྱི་འཚམས་འདྲི་ཡོད་ཅེས་བཀའ་གནང་པ་དང་སྦྲགས།  གལ་ཏེ་རྒྱ་ནག་གཞུང་གིས་ཁྱེད་ཚོ་ཕར་ལོག་དགོས་པའི་སྡིག་ར་དང་བསུན་གཙེར་ཤུགས་ཆེ་བཟོ་བཞིན་ཡོད་ན་ཁྱེད་ཚོ་ཕར་ལོག་ན་འགྲིག་གི་རེད་ཅེས་ལམ་སྟོན་མཛད་པ་མ་ཟད། ལྷག་དོན་དུས་འཁོར་དབང་ཆེན་དངོས་གཞིའི་སྐབས་ངས་ཁྱེད་རང་ཚོ་དབང་གི་དམིགས་འོག་ཏུ་བཅུག་ནས་སྨོན་ལམ་རྒྱག་གི་ཡིན་ཅེས་བཀའ་བསྩལ་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་ཆོས་ཞུ་བ་ཚོའི་ངོས་ནས་ཆོས་དད་ལ་དད་པ་གཅིག་པོ་ཙམ་མ་ཡིན་པར་ཕྱག་དཔེ་ཁག་ཉིན་རེའི་མི་ཚེའི་ནང་བལྟ་ཀློག་ཐུབ་པ་ཞིག་དང་ལྷག་པར་དུ་ཕྱག་དཔེ་དེ་དག་ནང་བཀའ་འགྲེལ་གང་གནང་པ་དེ་དག་ཐོག་ལ་ཡང་ཡང་བསམ་བློ་གཏོང་དགོས་པ་དང་དེ་བཞིན་ཆོས་གྲོགས་ཕན་ཚུན་དབར་བགྲོ་གླེང་གནང་བའི་བརྒྱུད་སོ་སོའི་སེམས་ལ་འགྱུར་བ་ཞིག་ཐེབས་ཐབས་གནང་དགོས་གལ་ཡིན་པར་ལམ་སྟོན་མཛད་ཡོད། ༸གང་ཉིད་མཆོག་གིས་རྒྱ་ནག་སྐམ་ས་ཆེན་པོ་ནང་གི་ནང་པ་ཚོ་དུས་ནམ་ཡང་བརྗེད་ཐབས་མེད་སྐོར་བཀའ་སྩལ་བ་དང་འབྲེལ་ཏེ་རྒྱ་གཞུང་གི་རྣམ་འགྱུར་ལ་དུས་ནམ་ཞིག་འགྱུར་བ་འགྲོ་ཚེ་ ༸གང་ཉིད་མཆོག་བོད་དང་རྒྱ་ནག་སྐམ་ས་ཆེན་པོ་གཉིས་ནང་ཕེབས་རྒྱུར་གྲ་སྒྲིག་ཨང་སར་ཡིན་ཅེས་བཀའ་བསྩལ་མཛད་ཡོད་པ་རེད། རྩ་བའི་ཐེངས་འདིའི་དུས་འཁོར་དབང་ཆེན་ཐོག་རྒྱ་ནག་སྐམ་ས་ཆེན་པོ་གཙོས་པའི་ཧོང་ཀོང་དང་ཐེ་ཝན་སོགས་ཀྱི་རྒྱ་རིགས་ ༩༠༠ ལྷག་ཙམ་ཆེད་བཅར་ཞུས་འདུག

དུས་འཁོར་དབང་ཆེན་ཞུ་བར་བཀག་སྡོམ་བྱེད་མེད་ཅེས་བརྗོད་པ་དེ་ཁུངས་ལུང་མེད་པའི་ཧམ་བཤད་རེད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་ནག་གཞུང་ནས་བོད་མི་ཚོ་དུས་འཁོར་དབང་ཆེན་ཞུ་བར་བཀག་སྡོམ་བྱེད་མེད་ཅེས་བརྗོད་པ་དེ་ཁུངས་ལུང་མེད་པའི་ཧམ་བཤད་རང་རེད་ཅེས་གསུངས་ཡོད་པ་རེད། དེ་རིང་ཟླ་ ༡ ཚེས་ ༨ ཉིན་སྔ་དྲོ་ཚོུད་ ༡༡། ༠༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཞོན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་བཅས་རྣམ་གཉིས་དབུ་བཞུགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐེངས་འདིའི་དུས་དབང་གོ་སྒྲིག་ཞུས་པའི་དགོས་དམིགས་དང་། ད་བར་དུས་དབང་སྤྱི་ཡོངས་ཀྱི་ལས་དོན་སོགས་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སོང་། སྐབས་དེར་སྲིད་སྐྱོང་མཆོག་གིས་གསར་འགོད་པའི་དྲི་བར་བཀའ་ལན་གནང་པར་ཉེ་ཆར་རྒྱ་ནག་གཞུང་གིས་ཕྱིར་བསྐྱོད་ལག་འཁྱེར་ཡོད་མཁན་བོད་མི་ཚོ་དུས་འཁོར་དབང་ཆེན་ཞུ་བར་བཀག་སྡོམ་བྱེད་མེད་ཅེས་བརྗོད་བཞིིན་པ་དེ་ནི་ཁུངས་ལུང་མེད་པའི་ཧམ་བཤད་རང་རེད་ཅེས་གསུངས་པ་མ་ཟད། ད་ལྟའི་ཆར་བོད་མི་སྟོང་ཕྲག་མང་པོ་ཞིག་འདིར་གནས་མཇལ་དུ་འབྱོར་ཡོད་ཀྱང་། རྒྱ་ནག་གཞུང་གི་གནོན་ཤུགས་རྐྱེན་པས་གློ་བུར་དུ་བོད་ལ་ཕྱིར་ལོག་གནང་དགོས་བྱུང་ཡོད་པ་བཅས་བོད་མིའི་སྒྲིག་འཛུགས་ལ་བདེན་དཔང་ར་སྤྲོད་བྱེད་རྒྱུ་ཡོད་སྟབས། རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱེད་བཞིན་པ་དེར་ངོས་ལེན་ཞུ་ཐབས་རྩ་བ་མེད་ཅེས་གསུངས་པ་དང་སྦྲགས། ལྷག་དོན་རྒྱ་ནག་གཞུང་གི་བྱ་སྤྱོད་དེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་རྒྱ་ནག་གི་རྩ་ཁྲིམས་དང་ཡོངས་སུ་འགལ་བ་མངོན་གསལ་ཆགས་ཀྱི་ཡོད་ཅེས་གསུངས་ཡོད། དེ་བཞིན་སྲིད་སྐྱོང་མཆོག་གིས་ད་ལྟའི་ཆར་བོད་ནང་གི་བོད་མི་བརྒྱ་ཆ་ ༩༠ ལ་ཕྱིར་བསྐྱོད་ལག་འཁྱེར་མེད་པ་རེད་ཅེས་གསུངས་སོང་། རྩ་བའི་ཟླ་བ་འདིའི་ཕྱི་ཚེས་ ༥ ཉིན་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་མི་རིགས་དང་ཆོས་རིག་ལྷན་ཁང་གི་འགན་འཛིན་ཀྲུ་ཝན་ཇན་གྱིས་བོད་མིའི་སྒྲིག་འཛུགས་ནས་བོད་ནས་ཡོང་མཁན་བོད་མི་མང་པོ་ཞིག་དུས་དབང་ཞུ་མ་ཐུབ་པར་ཕྱིར་ལོག་གནང་དགོས་བྱུང་བའི་གནས་ཚུལ་དེ་དྲང་བདེན་རྩ་བ་ནས་མིན་པ་མ་ཟད། རྒྱ་གཞུང་གི་ངོས་ནས་བོད་མིར་དུས་བཀག་ཚོད་འཛིན་འོག་བོད་ལ་ཕྱིར་ལོག་དགོས་པའི་ཉེན་བརྡ་བཏང་བ་སོགས་སྐྱོན་བརྗོད་བྱས་ཡོད་པ་རེད། འོན་ཀྱང་འདི་ག་རླུང་འཕྲིན་ཁང་ལ་སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གལ་ཏེ་རྒྱ་ནག་དབུས་གཞུང་གིས་བོད་མིར་བཀག་སྡོམ་བྱས་མེད་བརྗོད་ཀྱི་ཡོད་ན། བོད་ནས་ཕེབས་པའི་བོད་མི་མང་དག་ཞིག་ཐེངས་འདིའི་དུས་དབང་ཞུ་མ་ཐུབ་པའི་དོན་གནད་གང་ཡིན་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་པའི་བོད་མིའི་ས་གནས་ཁག་གི་ས་གནས་དཔོན་རིགས་སོ་སོར་འདྲི་བརྩད་ཀྱིས་རྒྱུ་རྐྱེན་རྩད་གཅོད་བྱེད་དགོས་ཀྱི་རེད་ཅེས་ནན་བརྗོད་གནང་ཡོད། དེ་རིང་གི་གསར་འགོད་ལྷན་ཚོགས་དེའི་ཐོག་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐེངས་འདིའི་དུས་འཁོར་དབང་ཆེན་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་གཙོ་བ་ནི། འཛམ་གླིང་སྤྱི་ལ་ཞི་བདེ་ཡོང་ཐབས་དང་བོད་མིའི་སྤྱི་མཐུན་བསོད་ནམས་གསོག་སྒྲུབ་གནང་པའི་བརྒྱུད་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཇི་ཆེ་ཡོང་བར་ཆེད་དམིགས་གནང་པ་ཞིག་ཡིན་ཅེས་སོགས་འགྲེལ་བརྗོད་གནང་ཡོད་པ་རེད། གཞན་ཡང་སྲིད་སྐྱོང་མཆོག་གིས་བོད་མི་ཚོའི་རྒྱུད་ལ་ནང་པ་སངས་རྒྱས་པའི་རིག་གཞུང་བཟང་པོ་དེ་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་བཟང་པོའི་འོག་ད་ལྟའི་ཆར་འཛམ་གླིང་འདིའི་ཁྲོད་ཡོད་པའི་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་དང་ཚགས་ཚུད་ཤོས་ཤིག་ཆགས་ཡོད་སྐོར་སོགས་གསུངས་སོང་། སྲིད་སྐྱོང་མཆོག་གིས་བོད་མིར་ཡོད་བསྡད་པའི་ནང་པ་སངས་རྒྱས་པའི་ཆོས་དང་འབྲེལ་བའི་རིག་གཞུང་འདིར་མ་འོངས་པའི་བོད་མིའི་འཐབ་རྩོད་ལ་མདུན་ལམ་དང་རེ་བ་ཆེན་པོ་ཡོད་པ་གསུངས་པ་དང་ཆབས་ཅིག ད་བར་ལོ་ངོ་ ༡༠༠ མན་ཙམ་ཕྱིན་པའི་དམར་ཤོག་རིང་ལུགས་དང་འདི་བཞིན་ལོ་ངོ་ ༢༥༠༠ ལྷག་ཙམ་ཕྱིན་པ་ནང་པ་སངས་རྒྱས་པའི་ཆོས་གཉིས་དབར་རྩ་བ་ནས་བསྡུར་ཐབས་མེད་ཅེས་གསུངས་པ་དང་འབྲེལ་ཏེ་ང་ཚོར་མ་འོངས་པར་རེ་བ་ཆེན་པོ་ཡོད་པ་དང་གཏན་གཏན་རྒྱལ་ཁ་ཐོབ་ཀྱི་རེད་ཅེས་སོགས་གསུངས་ཡོད་པ་རེད།

རེས་གཟའ་ཉི་མ། ༢༠༡༧།༠༡།༠༨

ཉན་པ།: Listen ཕབ་ལེན། Download ༧གོང་ས་མཆོག་གིས་བོད་དང་རྒྱ་ནག་ནང་གི་ནང་པ་རྣམས་དུས་ནམ་ཡང་བརྗེད་རྒྱུ་མིན། ༧གོང་ས་མཆོག་གིས་ཆོས་བརྒྱུད་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་དགོས་གལ་སྐོར་གསུངས་པ། སྲིད་སྐྱོང་མཆོག་གིས་རྒྱ་གཞུང་ནས་དུས་དབང་ལ་བཀག་སྡོམ་བྱེད་མེད་བཤད་པ་དེ་ཧམ་བཤད་རེད་ཅེས་གསུངས་སོང་། བལ་ཡུལ་གྱི་ནང་པ་ཚོས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། Sunday 08/01/2017 I will never forget you: Dalai Lama to Buddhists in China and Tibet Dalai Lama concludes preliminary teaching, stresses on the importance of religious harmony Sikyong slams China’s denial of restriction on Kalachakra devotees Nepal Buddhists to offer ‘Tenshug’ to the Dalai Lama

Latest news