Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: August, 2018

བོད་ཀྱི་བེུད་རྐང་སྤོལ་རུ་ཁག་ལ་ཨ་རིའི་གཞུང་ཚབ་ཁང་གིས་ཡུལ་དེར་བསྐྱོད་ཆོག་པའི་མཐོང་མཆན་སྤྲད་མེད་པ།

བོད་ཀྱི་བེུད་རྐང་རྩེད་སྤོ་ལོའི་རུ་ཁག་ནས་རིང་མིན་ཨ་རིའི་ནིའུ་ཡོག་ནང་གི་རྒྱལ་ཡུམ་ཆེན་མོ་དྲན་རྟེན་གྱི་རྐང་སྤོལ་འགྲན་བསྡུར་དང་བསྟུན་ཁུལ་དེར་མཐུན་སྒྲིལ་གྱི་རྩེད་འགྲན་ཁག་ཅིག་ནང་མཉམ་ཞུགས་བྱ་རྒྱུར་མཐོང་མཆན་ཞུས་འདུག་ཀྱང་། རྒྱ་གར་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས་མཐོང་མཆན་སྤྲད་མི་འདུག དེ་ཡང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་པ་སངས་རྡོ་རྗེ་ལགས་ཀྱིས་རང་གི་ངོ་དེབ་ཐོག་བརྙན་པར་ཞིག་འདོན་སྤེལ་གནང་འདུག་པའི་ནང་། བོད་རྒྱལ་ཚོགས་རྩེད་རིགས་ཚོགས་པས་དེ་སྔོན་བོད་པའི་བེུད་ ༡༦ ལ་རྐང་སྤོལ་རྩེད་འགྲན་གྱི་དམིགས་བསལ་སྦྱོང་བརྡར་ཞིག་ཕུལ་ནས། ཁོང་རྣམས་འཚོག་ལ་ཉེ་བའི་ཨ་རིའི་ནིའུ་ཡོག་ནང་གི་ཕྱི་ལོ་ ༢༠༡༨ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་གསེར་གྱི་གཟེངས་རྟགས་རྩེད་འགྲན་དང་བསྟུན་ཁུལ་དེར་མཐུན་སྒྲིལ་གྱི་རྩེད་འགྲན་ཁག་ཅིག་ནང་མཉམ་ཞུགས་བྱ་རྒྱུར་དམིགས་ཏེ་ཉེ་ཆར་ཟླ་བ་འདིའི་ཚེས་ ༧ ཉིན་རྒྱལ་ས་ལྡི་ལིར་མཐོང་མཆན་ལག་འཁྱེར་ཞུ་བར་བསྐྱོད་ཡོད་ཀྱང་། ཨ་རིའི་གཞུང་ཚབ་ཁང་གིས་བོད་པའི་བེུད་དེ་དག་ལ་ཨ་རིར་བསྐྱོད་ཆོག་པའི་མཐོང་མཆན་སྤྲད་ཐུབ་ཐབས་མེད་པ་གསུངས་སྟབས། པ་སངས་ལགས་ཀྱིས་ཨ་རིའི་གཞུང་ཚབ་ཁང་གིས་ཐག་གཅོད་དེར་བློ་ཕམ་ཡོད་པ་དང་། ད་ཆ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ངོས་ནས་བེུད་རྐང་སྤོལ་རུ་ཁག་རྣམས་ཁེ་ན་ཌའི་གྲོང་ཁྱེར་ Toronto ནང་བསྐྱོད་རྒྱུར་མཐོང་མཆན་ཞུས་བཞིན་པའི་གནས་སྟངས་ཡིན་པ་འགྲེལ་བརྗོད་དང་འབྲེལ། བེུད་ཀྱི་རུ་ཁག་ལ་ད་བར་མཐུན་འགྱུར་དང་རྒྱབ་སྐྱོར་གནང་མཁན་ཨ་རིའི་ཕྱོགས་མཐའ་ཁག་གི་བོད་མིའི་ཚོགས་སྐྱིད་ཁག་དང་ས་གནས་བོད་རིགས་མང་ཚོགས་ཀུན་ལ་ཐུགས་རྗེ་ཆེ་ཞུས་འདུག ད་ལན་བོད་པའི་བེུད་རྐང་སྤོལ་རུ་ཁག་ལ་ཨ་རིར་བསྐྱོད་རྒྱུའི་མཐོང་མཆན་མ་རག་པ་དེ་ནི་ཐེངས་དང་པོ་ཙམ་མིན་པར། དེ་སྔོན་ཕྱི་ལོ་ ༢༠༡༧ ལོའི་ནང་ཨ་རིར་གནས་བཞུགས་ Cassie Childers ལགས་ཀྱིས་གསར་འཛུགས་གནང་བའི་བོད་པའི་བེུད་རྐང་སྤོལ་རུ་ཁག་ལའང་ Dallas Cup ཞེས་རྒྱལ་སྤྱིའི་གྲགས་ཅན་རྐང་སྤོལ་རྩེད་འགྲན་ནང་མཉམ་ཞུགས་གནང་རྒྱུའི་མགྲོན་བརྡ་གནང་ཡོད་ཀྱང་། ཨ་རིའི་གཞུང་གིས་བོད་པའི་བེུད་རུ་ཁག་དེ་དག་ཨ་རིའི་ནང་བསྐྱོད་ཆོག་པའི་བཀའ་ཁྲོལ་ཞུས་པ་དེ་རྒྱུ་མཚན་ལྡན་པ་མཐོང་གི་མིན་འདུག་ཅེས་གསུངས་ཏེ་མཐོང་མཆན་སྤྲད་མེད་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད། གལ་ཏེ་ད་ལན་བོད་ཀྱི་བེུད་རྐང་སྤོལ་རུ་ཁག་ལ་ཨ་རིར་ཕེབས་ཆོག་པའི་མཐོང་མཆན་ཐོབ་ཡོད་ན། ཁོང་རྣམས་དང་ཐོག་ཨ་རིའི་ Chicago གྲོང་ཁྱེར་ནང་ཆེད་བསྐྱོད་ཀྱིས་ཁུལ་དེར་མཐུན་སྒྲིལ་གྱི་རྩེད་འགྲན་ཁག་ཅིག་ནང་མཉམ་ཞུགས་གནང་རྒྱུད་དང་དེ་ནས་རིམ་པའི་ Madison དང་ Minnesota དེ་རྗེས་ཨ་རི་Washington DC དང་ནིའུ་ཡོག་གྲོང་ཁྱེར། མཐར་ཁེ་ན་ཌའི་གྲོང་ཁྱེར་Toronto བཅས་ཀྱི་ནང་ཆེད་བསྐྱོད་གནང་རྒྱུའི་ལས་རིམ་ཁག་ཅིག་བང་སྒྲིག་ཡོད་པ་རེད། རྩ་བའི་ཟླ་བ་འདིའི་ཚེས་༣༠ ནས་ཨ་རིའི་ནིའུ་ཡོག་ཏུ་ཕྱི་ལོ་ ༢༠༡༨ ལོའི་རྒྱལ་ཡུམ་ཆེན་མོ་དྲན་རྟེན་གྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་གཉིས་པ་དེ་འགོ་འཛུགས་གནང་གི་འདུག་པ་དང་། རྩེད་འགྲན་དེའི་ནང་བྱང་ཨ་མི་རི་ཀ་དང་ཡུ་རོབ་ཁུལ་གྱི་བོད་རིགས་རྐང་སྤོལ་རུ་ཁག་ ༡༦ ཙམ་ནས་མཉམ་ཞུགས་གནང་རྒྱུ་རེད་འདུག

འབྱུང་འགྱུར་བོད་ཀྱི་མདུན་ལམ་དང་འབྲེལ་བའི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་དབུ་འཛུགས།

དེ་རིང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་བཞུགས་སྒར་ཉེ་འདབས་སུ་ Khanyara ས་ཁུལ་དུ་རྟེན་གཞི་བྱས་པའི་ Imperial གསོལ་མགྲོན་ཁང་དུ་འབྱུང་འགྱུར་བོད་ཀྱི་མདུན་ལམ་དང་འབྲེལ་བའི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་དེ་དབུ་འཛུགས་གནང་སོང་། དེ་ཡང་དེ་རིང་ཉིན་རྒྱབ་ཕྱག་ཚོད་ ༢།༣༠ ཐོག་ Imperial གསོལ་མགྲོན་ཁང་གི་ཚོགས་ཁང་ནང་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དེ་བཞིན་ཐེངས་འདིའི་ཚོགས་འདུའི་ཐོག་མཉམ་ཞུགས་གནང་མཁན་རྒྱ་བལ་འབྲུག་གསུམ་དབུས་པའི་འཛམ་གླིང་ཡུལ་གྲུ་འདྲ་མིན་ ༡༥ ཙམ་ནས་ཕེབས་པའི་བོད་པའི་གཞོན་སྐྱེས་ཁྱོན་མི་གྲངས་ ༡༠༠ ཙམ་བཅས་ལྷན་འཛོམས་ཐོག་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་གནང་སོང་། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་རིང་གི་ཚོགས་འདུ་དེའི་གལ་གནད་སྐོར་གསུངས་པ་དང་འབྲེལ། འབྱུང་འགྱུར་སྲིད་སྐྱོང་མཆོག་གི་ལས་ཡུན་ལོ་གསུམ་ལྷག་ཡོད་པའི་ནང་དུ་ལས་དོན་གཙོ་བོ་གཅིག་དེ། མ་འོངས་བོད་ཀྱི་གཞོན་སྐྱེས་འགོ་ཁྲིད་སྐྱེས་བསྲིངས་བྱ་རྒྱུ་དེ་ཡིན་པ་དང་། དེ་རིང་གི་ཚོགས་ཁང་དེའི་ནང་དུ་མ་འོངས་པའི་སྲིད་སྐྱོང་ཡང་ཡོད་སྲིད་པའི་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག་བོད་པའི་གཞོན་སྐྱེས་ཚོས་ངོས་ནས་བོད་དོན་འཐབ་རྩོད་ཀྱི་འགན་ཁུར་བཞེས་དགོས་པ་གསུངས་སོང་། སྲིད་སྐྱོང་མཆོག་གི་ད་དུང་སྔ་ལོའི་ཕྱི་ཟླ་ ༡༠ པའི་ནང་དུ་མཁས་དབང་གི་ ༥ དང་ ༥༠ ཚོགས་ཆེན་རྗེས་ད་རེས་ཀྱི་ཚོགས་འདུ་དེ་བཞིན་ ༥ དང་ ༥༠ འཆར་སྣང་གི་རིམ་པ་གཉིས་པ་དེ་ཡིན་པ་དང་། དེའི་ཐོག་གཞོན་སྐྱེས་རྣམས་ནས་བོད་མིའི་རང་དབང་འཐབ་རྩོད་དེ་ཤུགས་ཆེ་རུ་གཏང་རྒྱུའི་ཐབས་ལམ་འཚོལ་རྒྱུ་དང་། རང་ཉིད་ཀྱི་དགོངས་ཚུལ་བཤད་རྒྱུ་དང་བསམ་ཚུལ་བརྗེ་རེས་སོགས་ཀྱི་བརྒྱུད་ནས་མ་འོངས་བོད་མིའི་འཐབ་རྩོད་སྐོར་གྲོས་བསྡུར་གནང་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡིན་པ་གསུངས་སོང་། དེ་བཞིན་དམིགས་གསལ་སྐུ་མགྲོན་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ལོ་ངོ་ཁྲི་ ༥ ལྷག་གི་ལོ་རྒྱུས་ཡོད་པའི་བོད་མི་རིགས་དེ་བཞིན་རྒྱ་གཞུང་གི་དྲག་གནོན་དང་མི་རིགས་རྩ་གཏོར་གྱི་སྲིད་བྱུས་འོག་རྩ་བརླག་འགྲོ་བཞིན་པའི་གཉན་ཕྲང་ཅན་གྱི་དུས་སྐབས་ཞིག་ཆགས་ཡོད་པ་ལྟར། ད་བར་བོད་མི་ ༡༥༢ ལྷག་གི་རང་ལུས་མེར་བསྲེགས་བཏང་མཁན་རྣམས་ཀྱི་གཙོས་པའི་བོད་ཀྱི་དཔའ་བོ་དཔའ་མོ་མང་པོས་སྲོག་གི་འགྲོ་སོང་བཏང་ནས་བོད་མིའི་འཐབ་རྩོད་དེ་རྒྱུན་སྐྱོང་བྱེད་བཞིན་ཡོད་པ་ལྟར། མ་འོངས་བོད་མིའི་ཆབ་སྲིད་ཀྱི་འགན་ཁུར་བཞེས་མཁན་གཞོན་སྐྱེས་རྣམས་ནས་ཀྱང་བོད་མི་དཔའ་བོ་དཔའ་མོ་དེ་དག་གི་གློད་བཏང་རྣམས་ཆུད་ཟོས་སུ་མི་འགྲོ་བར་ལམ་ལྷོང་ལྡན་པ་བཟོ་རྒྱུའི་འབད་རྩོན་གནང་དགོས་གལ་ཡིན་པ་གསུངས་སོང་། ལྷག་པར་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་གཞི་བཞིན། མང་གཙོའི་སྒྲིག་འཛུགས་འདི་མུ་མཐུད་གནས་དགོས་རྒྱུ་གལ་ཆེན་པོ་ཡིན་སྟབས་གཞོན་སྐྱེས་རྣམས་ནས་དེའི་ཐོག་དགོངས་པ་ངེས་པར་དུ་བཞེས་དགོས་པ་དང་། ལྷག་པར་དུ་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་རྣམས་སྲུང་སྐྱོབ་བྱེད་རྒྱུའི་ཐད་ཚང་མས་འགན་ངེས་པར་དུ་བཞེས་དགོས་པའི་སྐུལ་མ་གནང་སོང་། དེ་རིང་ཕྱི་ཟླ་ ༨ པའི་ཚེས་ ༡༧ ནས་དབུ་འཛུགས་ཀྱིས་ཚེས་ ༢༠ བར་ཉིན་གྲངས་བཞིའི་རིང་གི་ཚོགས་འདུ་དེའི་ཐོག་ ༡༽བོད་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དབར་གྱི་ལོ་རྒྱུས་ཐོག་འབྲེལ་ལམ་གྱི་གལ་གནད་དང་དོན་ཕན་གྱི་འབྲེལ་ལམ་དང་གྲོས་མོལ་བསྐྲུན་ཐབས་དང། ༢༽བོད་ཕྱི་ནང་གཉིས་ཀྱི་བོད་མི་ཐུན་མོང་ནས་བོད་ཀྱི་གནད་དོན་ཐོག་ཡ་ལན་བྱེད་ཕྱོགས། ༣༽བོད་མིའི་རང་དབང་འཐབ་རྩོད་ཐོག་ན་གཞོན་རྣམས་ཀྱི་ལས་འགན། ༤༽དེ་བཞིན་ལྔ་དང་ལྔ་བཅུའི་འཆར་སྣང་ཐད་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ནས་འགན་ཁུར་བཞེས་ཕྱོགས་དང། འཆར་སྣང་ལྡན་པའི་དབུ་ཁྲིད་བསྐྲུན་ཐབས་དང། ནུས་པ་མཉམ་སྤུང་ཅེས་གཙོ་བོ་བརྗོད་གཞིའི་ལྔའི་ཐོག་གཏམ་བཤད་དང་ཚོགས་བཅར་བ་ཕན་ཚུན་གྲོས་བསྡུར་སྦྱང་ཤེས་གནང་རྒྱུ་ཡིན་པ་རེད།

སྲིད་བློན་ཟུར་པ་ Vajpayee མཆོག་དགོངས་པ་རྫོགས་པར་མྱ་ངན་གུས་བཏུད་དང་འབྲེལ་གཞུང་འབྲེལ་མཆོད་འབུལ་གནང་བ།

ཁ་སང་ཕྱི་ཟླ་ ༨ ཚེས་ ༡༦ ཉིན་གྱི་ཕྱི་དྲོར་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ Atal Bihari Vajpayee མཆོག་དགུང་ལོ་ ༩༣ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་བསྟུན། དེ་རིང་སྔ་དྲོ་ཚོུད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་བཀའ་ཤག་གི་ཚོགས་ཁང་གསར་པའི་ནང་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་པ་ཁག་ཅིག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྲི་ཞུ་ལས་བྱེད་ཡོངས་ནས་སྲིད་བློན་དམ་པ་ཁོང་ལ་མྱ་ངན་གུས་བཏུད་ཞུ་ཕྱིར་ལྷན་འཛོམས་ཀྱིས་བསྔོ་སྨོན་གསུང་འདོན་གནང་བ་མ་ཟད། དེ་རིང་གི་ཉིན་མོར་དབུས་ལས་ཁུངས་ཁག་ནས་ལས་མཚམས་བཞག་ཡོད་པ་རེད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དམ་པ་དེ་ཉིད་ནི་བོད་དོན་ལ་རྒྱབ་སྐྱོར་ཚད་མཐོ་བོ་གནང་མཁན་ཞིག་ཡིན་པ་དང་འབྲེལ། རྒྱ་གར་གྲོས་ཚོགས་ཀྱི་ནང་མི་ལོ་ ༤༠ ལྷག་ཕྱག་ལས་གནང་བའི་རིང་གྲོས་ཚོགས་སུ་བོད་དོན་སྐོར་རྟག་ཏུ་གླེང་མཁན་གྱི་མི་སྣ་ཞིག་ཡིན་པ་མ་ཟད། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་སྐབས་རྒྱ་གར་སྲིད་བློན་ལ་གནད་དོན་དེའི་ཐོག་དྲི་རྩད་དང་བོད་ཀྱི་རང་དབང་དང་རྒྱ་གར་གྱི་བདེ་འཇགས་གཉིས་ཐད་ཀར་འབྲེལ་བ་ཡོད་སྐོར་ཞུ་མྱོང་ཡོད་པ་སོགས་བོད་མིར་ཧ་ཅང་བཀྲིན་ཆེ་བའི་རླབས་ཆེན་སྐྱེ་བོ་ཞིག་ཡིན་པ་འགྲེལ་བརྗོད་དང་འབྲེལ། དམ་པ་དེ་ཉིད་ཀྱི་ཆེད་དུ་ཐུགས་སྨོན་གནང་རོགས་ཞེས་གསུངས་སོང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ཀྱང་སྐུ་ཞབས་ Vajpayee མཆོག་གི་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོའི་གསུངས་འཕྲིན་བསྩལ་བའི་ནང་དམ་པ་དེ་ཉིད་ཀྱིས་ཕྱི་ལོ་གཅིག་སྟོང་དགུ་བརྒྱ་ལྔ་བཅུ་ང་གྲངས་ནས་བོད་དོན་ལ་ཐུགས་བརྩེ་བ་ཆེན་པོས་རྒྱབ་སྐྱོར་གནང་བའི་བཀའ་དྲིན་རྣམས་ནམ་ཡང་དྲན་བཞིན་ཡོད་སྐོར་བརྗོད་འདུག རྩ་བའི་དགུང་གྲངས་ ༩༣ ལ་ཕེབས་པའི་རྒྱ་གར་སྲིད་བློན་ཟུར་པ་སྐུ་ཞབས་དམ་པ་ Atal Bihari Vajpayee མཆོག་ཁ་སང་ཕྱི་ཟླ་༨ ཚེས་ ༡༦ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་ ༥ པའི་ཐོག་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ AIMS སྨན་ཁང་དུ་སྨྱུང་གཞིའི་རྐྱེན་པས་དགོངས་པ་རྫོགས་ཡོད་པ་རེད། དམ་པ་ཁོང་སྐུ་འཚོ་བཞུགས་སྐབས་རྒྱ་གར་སྲིད་བློན་ཐེངས་གསུམ་གནང་མྱོངས་ཡོད་པ་དང་། རྒྱ་གར་ཕྱི་སྲིད་བློན་ཆེན་དང་རྒྱ་གར་གྲོས་ཚོགས་སུ་མི་ལོ་༤༠ རིང་ཕྱག་ལས་གནང་ཡོད་པ་མ་ཟད། ལྷག་པར་དུ་༸གོང་ས་མཆོག་དང་ལྷན་དུ་ལན་མང་མཇལ་མོལ་གནང་མྱོང་ཡོད་པ་དང་། བོད་དོན་ལ་ཐུགས་བརྩེ་བ་ཆེན་པོས་རྒྱབ་སྐྱོར་གནང་མཁན་གྱི་མི་སྣ་གལ་ཆེན་ཞིག་ཡིན་པ་རེད།  

རེས་གཟའ་པ་སངས། ༢༠༡༨།༠༨།༡༧

ཉན་པ།: Listen ཕབ་ལེན། Download རྒྱ་གར་སྲིད་བློན་ཟུར་པ་ Vajpayee མཆོག་དགོངས་པ་རྫོགས་པར་ཐུགས་གསོའི་གསུང་འཕྲིན་བསྩལ་བ། བཞུགས་སྒར་དུ་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་དབུ་འཛུགས། ཆབ་སྲིད་བཙོན་པ་གཉིས་གློད་བཀྲོལ་བཏང་ཀྱང་གནས་སྟངས་ཇི་ཆགས་ཤེས་རྟོགས་མེད་པ། དམིགས་བསལ་ལེ་ཚན། བྱང་སེམས་ཚོགས་པའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྐོར། Friday 17/08/2018 India has lost an eminent national leader: Dalai Lama on the Death of Atal Vajpayee CTA hosts Five Fifty Youth Forum on Shaping Tibet’s Future 2 Tibetan political prisoners released DIASPORA FEATURE: Jangsem Youth Club

རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ཝཱ་ཇ་པཱ་ཡི་མཆོག་དགོངས་པ་རྫོགས་པར་ཐུགས་གསོའི་གསུང་འཕྲིན་བསྩལ་བ།

ཁ་སང་ཟླ་ ༨ ཚེས་ ༡༦ ཕྱི་དྲོ་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ Atal Bihari Vajpayee མཆོག་དགུང་ལོ་ ༩༣ ཐོག་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གི་ཐུགས་གསོའི་གསུང་འཕྲིན་དེ་ནི་སྐུ་ཞབས་ Atal Bihari Vajpayee མཆོག་དམ་པ་དེ་ཉིད་ཀྱི་གསོས་ཕྲུག་ལྕམ་སྐུ་ Namita Bhattacharya ལགས་ཀྱི་མཚན་ཐོག་ཏུ་བསྩལ་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་གིས་དམ་པ་ཁོང་དང་ངོ་ཤེས་མཛའ་གྲོགས་གྱུར་བ་ནི་གཟི་བརྗིད་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཅེས་དང་། ང་ཚོ་དབར་དམ་པ་ཁོང་གིས་ ཕྱག་ལས་གནང་སྐབས་སུ་རྒྱུན་ལྡན་ཐུག་འཕྲད་ཡོང་གི་ཡོད་པ་མ་ཟད་༸གང་ཉིད་མཆོག་དམ་པ་དེ་ཉིད་རྒས་ཡོལ་གནང་རྗེས་བཞུགས་ཤག་ཏུ་བསྟུད་མར་ཆིབས་བསྒྱུར་མཛད་ཀྱི་ཡོད་པའང་བཀའ་བསྩལ་འདུག སྐུ་ཞབས་ Atal Bihari Vajpayee མཆོག་ནི་ལྷག་བསམ་ཅན་གྱི་ཆབ་སྲིད་པ་ཞིག་དང་། དམ་པ་དེ་ཉིད་སྐུ་ཚེ་མ་ཟིན་པ་ནི་རྒྱ་གར་རྒྱལ་ཁབ་ལ་ཆེས་མངོན་པར་བསྟོད་འོས་པའི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཞིག་མེད་པ་གྱུར་བ་ཞིག་ཆགས་ཡོད་པ་རེད། ཁོང་གིས་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་གྲངས་ནས་བཟུང་བོད་མིའི་བདེན་དོན་ཐོག་རྒྱབ་སྐྱོར་གནང་འགོ་བཙུགས་ཡོད་པ་དང་། ད་བར་རྒྱ་གར་གྱི་གྲོས་ཚོགས་སུ་རྒྱ་གར་དབུས་གཞུང་གི་གནད་ཡོད་དབུ་ཁྲིད་ཚོར་བོད་དོན་ཐོག་བཞེངས་ཕྱོགས་བརྟན་པོ་གནང་དགོས་པར་ཞུ་སྐུལ་ལན་མང་གནང་མཁན་ཞིག་ཡིན་སྐོར་བཀའ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་སྐུ་ཞབས་ Atal Bihari Vajpayee མཆོག་དམ་པ་དེ་ཉིད་སྐུ་ཚེ་མ་ཟིན་པར་བསྔོ་སྨོན་ཞུ་རྒྱུ་དང་། ཤུལ་ལུས་དགའ་གཉེན་སྤུན་མཆེད་ཡོངས་དང་ཕྱག་སྦྲེལ། ལྷག་དོན་རྒྱ་གར་གཞུང་མང་བཅས་ལ་གདུང་སེམས་མཉམ་བསྐྱེད་དང་ཐུགས་གསོ་ཡོད་ཅེས་བཀའ་བསྩལ་འདུག

རེས་གཟའ་ཕུར་བུ། ༢༠༡༨།༠༨།༡༦

ཉན་པ།: Listen ཕབ་ལེན། Download ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་རིག་པའི་བགྲོ་གླེང་ཐེངས་ ༡༢ པ་དབུ་འཛུགས། འཇར་མན་ཕྱི་སྲིད་བློན་ཆེན་མཆོག་ལ་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་སློང་དགོས་པའི་ཞུ་འབོད་ལས་འགུལ། འདི་ལོའི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་ནང་ཚན་རིག་སློབ་ཚན་གསར་དུ་བཞག་པ། བོད་མིའི་སྤྱི་ཚོགས་ཁྲོད་དཔེ་ཀློག་གནང་རྒྱུའི་གོམས་གཤིས་ཉུང་དྲག་འདུག དམིགས་བསལ་ལས་རིམ། རིན་ཆེན་རིལ་བུ་བསྟེན་ཚུལ་དང་ངོ་སྤྲོད། Thursday 16/08/2018 CHTS Sarah’s youth group hosts 12th Tibetan Studies Conference German Foreign Minister urged to take up Tibet at China UPR Monks take science exam at Annual Gelugpa University examination Book Launch: lack of reading habit in Tibetan community lamented HEALTH and WELLNESS: Tibetan Precious Pills (Rinchen Rilbu)

དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་ནང་ཚན་རིག་སློབ་ཚན་གསར་དུ་བཞག་པ།

འདི་ལོ་ཕྱི་ལོ་ ༢༠༡༨ ལོའི་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ཟླ་ ༨ ཚེས་ ༡༣ ཉིན་ནས་དབུ་འཛུགས་ཀྱིས་ཟླ་ ༩ ཚེས་ ༨ བར་དུས་ཡུན་ཟླ་བ་གཅིག་ཙམ་རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཁུལ་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་འཚོགས་གནང་བཞིན་ཡོད་པ་རེད། འདི་ལོ་དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་ནང་སྔར་ཡོད་གཞུང་ཆེན་བཀའ་པོད་ལྔའི་ཐོག་རྩོད་རྒྱུགས་དང་འབྲི་རྒྱུགས། ཐུན་མོང་བའི་རིག་གནས་བཅས་ཀྱི་ཐོག་འདི་ལོ་ནས་བཀའ་རམས་ལོ་རིམ་དང་པོ་ནས་དེང་དུས་ནུབ་ཕྱོགས་པའི་ལུགས་ཀྱི་ཚན་རིག་ཀྱི་སློབ་ཚན་གསར་དུ་ཁ་སྣོན་གནང་ཡོད་པ་དང་སློབ་ཚན་ནང་ཚན་རིག་ལྟ་གྲུབ་དང་དངོས་ཁམས་ཚན་རིག སྐྱེ་དངོས་ཚན་རིག། དབང་རྩ་ཚན་རིག་བཅས་ཡོད་པ་རེད་འདུག དེ་བཞིན་རྒྱུགས་སྤྲོད་ཀྱི་བསླབ་གཞི་ཁག་ནི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང་བོད་ཀྱི་ཚན་རིག་ལས་རིམ་གཉིས་ནས་བོད་ཡིག་ཐོག་གཏན་འབེབས་དང་འགྲེམས་སྤེལ་གནང་བའི་སློབ་དེབ་ཁག་ཡིན་པ་རེད། འདི་ལོའི་རྒྱུགས་སྤྲོད་ཆེན་མོར་མཉམ་ཞུགས་གནང་མཁན་ནང་གདན་ས་ཆེན་པོ་གསུམ་གྱི་གྲྭ་ཚང་དྲུག་དང་། བཀྲ་ཤིས་ལྷུན་པོ། རྭ་སྟོད་གྲྭ་ཚང་བཅས་ཀྱི་ཆ་རྐྱེན་ཚང་བའི་སློབ་གཉེར་བ་ཁྱོན་ ༨༦༢ ནས་སྙན་ཞུ་ཕུལ་འདུག དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཞུགས་མཁན་ལ་ཚང་དགོས་པའིི་ཆ་རྐྱེན་ནི་གདན་སའི་གྲྭ་ཚང་དུ་ཆོས་གྲྭར་བཞུགས་ནས་བསྡུས་གྲྭ་ནས་འདུལ་བ་དང་མཛོད་བར་ཉུར་མཐར་ལོ་ ༡༧ ཧྲིལ་པོར་སློབ་གཉེར་ཚུལ་བཞིན་གནང་ནས་གྲྭ་ཚང་སོ་སོའི་དགེ་ལུགས་རྒྱུགས་སྤྲོད་དུ་ཞུགས་རྒྱུའི་མིང་མཚམས་སུ་སོན་པ་དང་། ལོར་དེར་གཞུང་ཆེན་རྩོད་རྒྱུགས་དང་། འབྲི་རྒྱུགས་གཉིས་ཀར་རྩ་བའི་བརྒྱ་ཆ་ ༡༠༠ ནས་བརྒྱ་ཆ་ ༦༦ ངེས་པར་དུ་ལོན་དགོས་འདུག

ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་རིག་པའི་བགྲོ་གླེང་ཐེངས་ ༡༢ པ་དབུ་འཛུགས།

བཞུགས་སྒར་དྷ་ས་ཉེ་འདབས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བཙན་བྱོལ་བོད་མིའི་རིག་གནས་སློབ་གསོའི་ཐོག་མཛད་རྗེས་ཆེ་བའི་སྔོན་བྱོན་མི་སྣར་རྗེས་དྲན་ཞེས་པའི་བརྗོད་གཞིའི་ཐོག་བོད་རིག་པའི་བགྲོ་གླེང་ཐེངས་ ༡༢ པ་དབུ་འཛུགས་གནང་སོང་། དེ་རིང་ཟླ་ ༨ ཚེས་ ༡༦ ཉིན་སྔ་དྲོ་ཚོུད་ ༩༌༠༠ སྟེང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ས་རཱ་བོད་ཀྱི་མཐོ་སློབ་ཀྱི་སློབ་མའི་གཞོན་ནུ་རུ་ཁག་གིས་གོ་སྒྲིག་འོག་བོད་རིག་པའི་བགྲོ་གླེང་ཐོག་སྐུ་མགྲོན་གཙོ་བོ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་འགན་འཛིན་དང་ལོ་རྒྱུས་ཉམས་ཞིབ་པ་མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གཙོསཔའི་ཕྱོགས་མཐའ་ཁག་ནས་ཕེབས་པའི་མཁས་དབང་དང་བགྲོ་གླེང་བ་རྣམ་པ་དང་། ས་རཱ་མཐོ་སློབ་ཀྱི་དབུ་འཛིན་དབུས་པའི་དགེ་ལས་སློབ་གཉེར་བ་བཅས་ནས་མཉམ་ཞུགས་གནང་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཕྱི་ལོ་ ༡༩༦༠ ལོར་བཙན་བྱོལ་སྤྱི་ཚོགས་ནང་དེང་དུས་ཀྱི་ཤེས་ཡོན་སློབ་གསོ་དབུ་འཛུགས་གནང་སྟངས་དང་རྒྱ་གར་གཞུང་ནས་བོད་པའི་སློབ་གྲྭ་ཁག་ཇི་ལྟར་གསར་འཛུགས་གནང་ཡོད་སྐོར། དེ་བཞིན་ཕྱི་ལོ་ ༡༩༦༣ ལོར་དགེ་རྒན་འོས་སྦྱོང་ཐེངས་དང་པོ་དེ་ཚུགས་པ་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་བ་མ་ཟད། སྔར་གྱི་བླ་སྤྲུལ་དང་དགེ་བཤེས་ བོད་རིག་པའི་ཐོག་གི་མཁས་དབང་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་དང་རིག་གནས་ཐད་ཕྱག་དེབ་དཔར་སྐྲུན་གནང་མཁན་དང།  གནད་ཆེ་བའི་ཡིག་ཆ་ཁག་ཉར་ཚགས་ཀྱིས་བོད་ཀྱི་རིག་གནས་སློབ་གསོའི་ཐོག་མཛད་རྗེས་རླབས་ཆེན་བཞག་ཡོད་སྐོར་ངོ་སྤྲོད་གནང་སོང་།མཛད་སྒོའི་ཐོག་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས་ནས་མཐོ་སློབ་ཀྱི་ལོ་རྒྱུས་དང་སྦྲགས།  མཐོ་སློབ་ཀྱི་ལས་གཞི་ཁག་དང་སློབ་སྦྱོང་གི་བརྒྱུད་རིམ་སོགས་ཀྱི་སྐོར་ངོ་སྤྲོད་ཀྱང་གནང་སོང་། ས་རཱ་གཞོན་ནུ་རུ་ཁག་གི་ཚོགས་གཙོ་བསྟན་འཛིན་ཆོས་སྐྱིད་ལགས་ནས་གཞོན་ནུ་རུ་ཁག་གི་ལས་གཞི་ངོ་སྤྲོད་དང།  བགྲོ་གླེང་གི་བརྗོད་གཞི་དང་འབྲེལ་བའི་གཏམ་བཤད་གནང་བ་མ་ཟད་ཁོང་གིས་རྒྱ་གར་མཐོ་སློབ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་བོད་ཕྲུག་རྣམས་ནས་བོད་མིའི་རིག་གནས་སློབ་གསོའི་མཁས་དབང་དང་ཁོང་རྣམ་པའི་མཛད་རྗེས་ཐོག་མཁྱེན་རྒྱ་ཞན་སྟབས། དེ་དག་ཐོག་མཁྱེན་རྟོགས་ཡོང་རྒྱུ་དང་མཁྱེན་རྟོགས་ཡོད་པ་རྣམས་ལ་དྲན་སྐུལ་ཞུ་ཕྱིར་བརྗོད་གཞི་དེ་བཞག་སྐོར་གསུངས་སོང་། གཞི་རྩའི་བགྲོ་གླེང་གི་དུས་ཡུན་ཉིན་གྲངས་གསུམ་རིང་མཁས་དབང་རག་ར་རིན་པོ་ཆེ་ཐུབ་བསྟན་ཆོས་དར་མཆོག་དང།  མཁས་དབང་བར་གཞི་ཕུན་ཚོགས་དབང་རྒྱལ་མཆོག  པད་ནོར་རིན་པོ་ཆེ་མཆོག རྒྱལ་བའི་ཡོངས་འཛིན་རྣམ་པ། ༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རིག་པའི་རྡོ་རྗེ་མཆོག་སོགས་ཀྱི་མཛད་རྣམ།  རྩིས་དཔོན་ཞྭ་སྒབ་པའི་སྐུ་ཚེས་ལོ་རྒྱུས་སོགས་བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་གནང་གི་འདུག

འཇར་མ་ནི་ཕྱི་སྲིད་བློན་ཆེན་མཆོག་ལ་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་སློང་དགོས་པའི་ཞུ་འབོད་ལས་འགུལ།

འཇར་མ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཡུལ་དེའི་ཕྱི་སྲིད་བློན་མཆོག་ལ་དྲྭ་ཐོག་བརྒྱུད་འཇར་མན་གཞུང་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལྷན་ཚོགས་ཐོག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་མངོན་གསལ་དོད་པོས་གུས་བརྩི་ཞུ་ཐོག་གནད་དོན་དེ་གཙོ་གྲས་སུ་གླེང་སློང་གནང་དགོས་པའི་ཞུ་སྐུལ་གནང་བཞིན་འདུག རིང་མིན་ཕྱི་ཟླ་ ༡༡ ཚེས་ ༥ ནས་ ༡༦ བར་སུད་སི་ཇི་ནི་ཝ་གྲོང་ཁྱེར་དུ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་དུས་བཀག་བསྐྱར་ཞིབ་ཐེངས་ ༣༡ སྟེང་རྒྱ་ནག་གིས་གཙོས་པའི་རྒྱལ་ཁབ་ ༡༣ གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐོག་བསྐྱར་ཞིབ་གནང་གཏན་ཁེལ་བ་དང་བསྟུན། Tibet Initiative Deutschland འམ་འཇར་མ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པས་རང་གི་དྲྭ་གནས་ཐོག་ཡུལ་དེའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Heiko Maas མཆོག་གི་མཚན་ཐོག་ལ་ཞུ་ཡིག་ཞིག་ཕུལ་རྒྱུའི་ལས་འགུལ་འགོ་འཛུགས་གནང་སྟེ་འཇར་མ་ནི་གཞུང་ལ་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཀྱི་ལས་རིམ་ཐོག་འཛམ་གླིང་གི་རྒྱལ་ཁབ་ཚང་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་དོན་ཁག་ལ་གུས་བརྩི་ཞུ་ཐོག་རྒྱ་གཞུང་གིས་ཡུལ་དེའི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཤུགས་ཆེ་གཏོང་བཞིན་པའི་བྱ་སྤྱོད་ཁག་མངོན་གསལ་དོད་པོས་ཐེར་བཏོན་གྱིས་སྐྱོན་བརྗོད་བྱ་རྒྱུའི་དམིགས་བསལ་འགན་ཡོད་པ་ལྟར་འཇར་མན་ནས་ཀྱང་དེ་ལྟར་གནང་སྐྱོང་ཡོང་བ་དང་ལྷག་དོན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེའི་ཐོག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་ཐག་རང་གཅོད་གཉིས་ལ་ཡོངས་བསྒྲགས་སྒོ་ནས་ངོ་བཞེས་གནང་ཐོག་རྒྱ་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ཐུག་སྐབས་འགྲིག་འཇགས་སོགས་རྩ་བ་ནས་མེད་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་དགོས་པར་འབོད་སྐུལ་ཞུས་འདུག དེ་བཞིན་འཇར་མ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པས་ད་ཆ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་ཉིན་རེ་བཞིན་ཆེས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་མུས་ཁར་ཁུལ་དེར་ཉིན་མཚན་ལྟོས་མེད་ཐོག་དྲག་ཆས་དམག་མི་འགྲེམས་འཇོག་བྱས་ནས་བོད་མིའི་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་ཡོངས་ལ་དམ་དྲག་ཀྱིས་ཚོད་འཛིན་ཤུགས་ཆེ་བྱེད་བཞིན་པ་དང་བོད་མི་རྣམས་གང་བྱུང་འཛིན་བཟུང་བཙོན་འཇུག བོད་ཀྱི་དགོན་སྡེ་ཁག་གི་ཐོག་སྟངས་འཛིན། བོད་མི་འབྲོག་པ་ཚོར་བཙན་དབང་གིས་གཞིས་སྤོས་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་ཀྱང་། བོད་མི་ཚོས་མུ་མཐུད་འཚེ་མེད་ཞི་བའི་ལམ་ནས་སོ་སོའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་སྲུང་སྐྱོབ་བྱ་རྒྱུའི་ཐབས་ཤེས་འདྲ་མིན་གནང་མུས་ཡིན་པ་སོགས་ཆེས་མངོན་གསལ་གནང་འདུག ལར་ནས་ཚོགས་པ་དེས་ཞི་ཅིང་ཕིང་རྒྱ་ནག་གི་སྲིད་འཛིན་ཆགས་པ་ནས་བཟུང་ད་བར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་བཟང་པྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པའི་ཁར་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་སྟབས། ད་ཆ་རྒྱ་ནག་གཞུང་ནས་ངེས་པར་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འབྲུ་དོན་ཁག་ལ་བརྩི་བཀུར་དང་ལེན་ཞུ་ཐོག་ཡུལ་དེའི་མང་ཚཽགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་རྒྱུའི་ལས་དོན་ཁག་འཕྲལ་མར་མཚམས་འཇོག་དགོས་པ་དང་ རྒྱལ་ཚོགས་ཀྱི་ཚོགས་མི་རྣམས་ནས་རྒྱབ་སྐྱོར་དགོས་གལ་ཡིན་པ་བཀོད་ཡོད་པ་རེད། རྩ་བའི་ད་ལྟའི་ཆར་དྲྭ་ཐོག་གི་ཞུ་སྙན་དེར་མང་ཚོགས་ ༡༤༠༠ ལྷག་གིས་རྒྱབ་སྐྱོར་ཡོད་པའི་མཚན་རྟགས་བཀོད་འདུག

Latest news