Tibetan Royal Year of 2151 | Year of the Wood Dragon

ARCHIVE

Yearly Archives: 2019

༢༠༡༩ ལོའི་༸གོང་ས་མཆོག་གི་ཆོས་འབྲེལ་མཛད་འཆར་ཁག་ཅིག་ཐུགས་གཏན་ཁེལ་བ།

༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་གནས་ཐོག་གསལ་བའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོ་ ༢༠༡༩ ལོར་བསྐྱང་གཏན་ཁེལ་བའི་མཛད་འཆར་ལྟར་ན། མགོན་པོ་༸གང་ཉིད་མཆོག་ནས་ཕྱི་ཟླ་ ༢ ཚེས་ ༡༩ སྟེ་ལོ་གསར་གྱི་ཚེས་པ་ ༡༥ ཆོ་འཕྲུལ་དུས་ཆེན་ཉིན་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་གསུང་ཆོས་བཀའ་དྲིན་བསྩལ་རྒྱུ་དང་། ཕྱ་ཚེས་ ༢༠ ནས་ ༢༤ བར་ཉིན་གྲངས་བཞིའི་རིང་མུ་མཐུད་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུ་མ་སྙིང་པོའི་གསུང་ཆོས་བཀའ་དྲིན་བསྩལ་རྒྱུ་མ་ཟད། ཕྱི་ཚེས་ ༢༧ ཉིན་ཚོགས་པ་མི་འདྲ་བ་ཁག་བཞི་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད་འདུག དེ་བཞིན་འདི་ལོའི་ཕྱི་ཟླ་དྲུག་པའི་ཕྱི་ཚེས་ ༥ ནས་ ༧ བར་ཉིན་གྲངས་གསུམ་རིང་༸གོང་ས་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་ཀྱི་གསུང་ཆོས་དང་། ཕྱི་ཚེས་ ༡༩ ཉིན་བཞུགས་སྒར་དུ་ཚོགས་པ་ཁག་གཉིས་ནས་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། ཕྱི་ཟླ་བདུན་པའི་ཕྱི་ཚེས་ ༦ ཉིན་བོད་མིའི་སྒྲིག་འཛུགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། མ་ཟད་ཕྱི་ཟླ་དགུ་པའི་ཕྱི་ཚེས་ ༣ ནས་ ༦ བར་ཉིན་བཞིའི་རིང་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨིན་ཌོ་ནེ་ཤིས་ཡ་དང་མཱ་ལེ་ཤིས་ཡ། སིངྒ་པོར། ཐའེ་ལན་ཊི། ཝེ་ཏི་ནམ་སོགས་ཚུད་པའི་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏའི་གསུང་ཆོས་འཕྲོ་སྐྱོང་མཛད་རྒྱུ་མ་ཟད། ཕྱི་ཟླ་བཅུ་པའི་ཕྱི་ཚེས་ ༢ ནས་ ༥ བཅས་ཉིན་གྲངས་བཞིའི་རིང་སླར་ཡང་བཞུགས་སྒར་རྡ་རམ་ས་ལར་ཐེ་ཝན་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་ཆོས་ཁག་ཅིག་བཀའ་དྲིན་བསྩལ་གྱི་ཡོད་པ་རེད། གཞན་ཡང་ཕྱི་ཟླ་ ༡༡ གི་ཚེས་ ༤ ནས་ ༦ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཉིན་གྲངས་གསུམ་རིང་གསུང་ཆོས་བཀའ་དྲིན་བསྩལ་རྒྱུ་དང་། ཕྱི་ལོ་ ༢༠༡༩ ལོའི་ལོ་མཇུག་སྟེ་ཕྱི་ཟླ་ ༡༢ གྱི་ཕྱི་ཚེས་ ༢༨ དང་ ༢༩ ཉིན་༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་དང་། ཕྱི་ཚེས་ ༣༠ ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་བསྩལ་རྒྱུ། གཞན་ཡང་ཕྱི་ཚེས་ ༣༡ ཉིན་གྱི་སྔ་དྲོ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཆར་གཏན་འཁེལ་ཟིན་འདུག

ལྷ་སའི་བོད་རིགས་ལས་བྱེད་རྣམས་ཆོས་ལུགས་བྱེད་སྒོར་ཞུགས་ན་ཚེ་གང་གི་ཐོབ་ཐང་འཕྲོག་རྒྱུ་ཡིན་པའི་ཉེན་བརྡ་བཏང་བ།

བོད་ནང་གི་ས་གནས་འབྲེལ་ཡོད་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་བརྗོད་པར་གཞིགས་ན། རྒྱ་ནག་གཞུང་གིས་ཉེ་ལམ་ལྷ་ས་གྲོང་ཁྱེར་ཁྱབ་ཁོངས་ཀྱི་བོད་རིགས་རྒྱ་གཞུང་ལས་བྱེད་རྣམས་ལ་ཆོས་ལུགས་བྱེད་སྒོ་ཁག་ལ་ཞུགས་མི་ཆོག་པ་མ་ཟད་གལ་སྲིད་ཆོས་ལུགས་བྱེད་སྒོ་ཁག་ལ་ཞུགས་པ་ཤེས་རྟོགས་བྱུང་ཚེ་མི་ཚེ་གཅིག་གི་ཐོབ་ཐང་ཡོངས་རྫོགས་འཕྲོག་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་ཅིང་། གཞུང་ཕྱོགས་ནས་དགོན་པར་ཆོས་མཇལ་འགྲོ་བ་དང་ལྷ་སའི་བར་སྐོར་དུ་བསྐོར་ར་འགྲོ་བ་སོགས་དེ་དག་གི་གནས་ཚུལ་རྒྱུས་ལོན་ཆེད་གང་སར་པར་ཆས་ཆེད་འཛུགས་བྱས་ཡོད་ཅིང་གལ་ཏེ་བརྙན་པར་ནང་ཐེབས་ཚེ་མི་ཚེ་ཧྲིལ་པོའི་ཐོབ་ཐང་ལག་འཁྱེར་འཕྲོག་རྒྱུ་མ་ཟད། ད་དུང་གང་བྱུང་ལ་འགྲོ་མི་ཆོག་པ་བཟོ་རྒྱུ་ཡིན་ཞེས་བསྒྲགས་ཡོད་པ་རེད་འདུག ཕྱོགས་མཚུངས་འདི་ལོའི་དགའ་ལྡན་ལྔ་མཆོད་དང་བཞི་མཆོད་ཀྱི་གོང་དུའང་དེ་མཚུངས་ཀྱིས་དམ་དྲག་བཀའ་རྒྱ་བཏང་ཡོད་པ་རེད་འདུག གནས་ཚུལ་ངོ་སྤྲོད་པས་མུ་མཐུད་བརྗོད་དོན་བཞི་མཆོད་དང་དགའ་ལྡན་ལྔ་མཆོད་ཉིན་བོད་རིགས་མང་ཚོགས་ཚོས་ལྷ་སའི་བར་སྐོར་ནང་མཆོད་མེ་སྒྲོན་པ་དང་མྱ་ངན་གྱི་བྱེད་སྒོ་སྤེལ་ཚེ་གུང་ཁྲན་ཏང་ཡོན་དང་ལས་ཁུངས་ཁག་གི་གཞུང་ཞབས་པ་རྣམས་མཆོད་མེ་སྒྲོན་རྒྱུར་འགྲོ་མི་ཆོག་པའི་བཀའ་རྒྱ་བཏང་བ་མ་ཟད་ད་དུང་གྲོང་གསེབ་ཁག་ལ་ཡང་མང་ཚོགས་རྣམས་རང་རང་གི་ས་གནས་ལ་སྡོད་པ་ལས་མཆོད་མཇལ་ལ་འགྲོ་མི་ཆོག་ཅེས་བརྗོད་འདུག དེ་བཞིན་བཞི་མཆོད་དང་ལྔ་མཆོད་ཉིན་རྒྱ་ནག་གཞུང་གིས་ལྷ་ས་གྲོང་ཁྱེར་ཕྱི་ནང་ཡོངས་སུ་དམ་དྲག་ཤུགས་ཆེ་བྱས་པ་མ་ཟད་ལྷ་ས་གྲོང་ཁྱེར་གྱི་སྲང་ལམ་ཡོད་ཚད་ནང་དམག་མི་དང་ཉེན་རྟོགས་པ་འགྲེམས་འཇོག་བྱས་པ་དང་གཞུང་ལམ་དང་ས་ཚུགས་གང་སར་དམག་གི་རླངས་འཁོར་མང་པོ་ཞིག་སྐོར་བསྐྱོད་དང་འཛིན་བཟུང་དྲག་གནོན་བྱེད་རྒྱུར་གྲ་སྒྲིག་ཨང་གསར་བྱས་ཏེ་སྒུག་ནས་བསྡད་ཡོད་ཀྱང་བོད་མི་ཚོས་དེ་ལྟ་བུའི་འཇིགས་སྣང་གི་གནས་སྟངས་འོག་ལྔ་མཆོད་དང་བཞི་མཆོད་སྲུང་བརྩི་ཞུས་ཡོད་པ་རེད་ཅེས་གནས་ཚུལ་འགྲེལ་བརྗོད་གནང་འདུག

ཨ་རིའི་ངོས་ནས་བོད་དོན་རྒྱབ་སྐྱོར་གྱི་རྣམ་པ་བསྟན་པར་རྒྱ་གཞུང་བློ་འཚབ་སྐྱེ་བཞིན་ཡོད་པ་ཐེར་འདོན་གནང་འདུག

ཉེ་ཆར་ཟླ་བ་སྔོན་མའི་ཚེས་ ༡༩ ཉིན་ཨ་རིའི་སྲིད་མཛིན་མཆོག་གི་མཚན་རྟགས་བཀོད་པ་དང་སྦྲགས་ནས་ཨ་རིའི་གཞུང་གི་ངོས་ནས་ Reciprocal Access to Tibet Act ཞེས་བོད་ནང་འདྲ་མཉམ་ཐོག་འགྲུལ་བསྐྱོད་ཆོག་པའི་ཁྲིམས་གཞི་གཏན་འབེབས་བྱེད་སྐབས་རྒྱ་ནག་གཞུང་གིས་དགག་པ་ཤུགས་ཆེར་བསྐྱོན་པ་དང། ཁྲིམས་གཞི་གཏན་འབེབས་ཀྱི་སྔོན་ཚུད་དུ་༸གོང་ས་མཆོག་གིས་སྐུ་པར་ལ་དམ་དྲག་དང། ༸གོང་ས་མཆོག་ལ་མཚན་སྨད་ཀྱི་བྱ་སྤྱོད་སྤེལ་རྒྱུ་ཤུགས་ཆེ་རུ་བཏང་བ་སོགས་བྱས་ནས། ད་ལན་ཨ་རིའི་གཞུང་མང་གཉིས་ནས་བོད་དོན་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེར་བསྟན་པར་རྒྱ་ནག་གཞུང་ལ་བློ་འཚབ་ཆེན་པོ་སྐྱེ་བཞིན་ཡོད་པ་གསལ་པོ་མངོན་རྒྱུ་ཡོད་པ་གསུངས་འདུག དེ་ཡང་ཁ་སང་ཚེས་ ༧ ཉིན་ཨ་རིའི་ནང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གིས་དྲ་གནས་ཐོག  ཨ་རིའི་གཞུང་གི་བོད་ནང་འདྲ་མཉམ་ཐོག་འགྲུལ་བསྐྱོད་ཆོག་པའི་ཁྲིམས་གཞི་གཏན་འབེབས་བྱས་པའི་སྔ་རྗེས་སུ་རྒྱ་ནག་གཞུང་གིས་བྱ་སྤྱོད་སྤེལ་ཕྱོགས་རིམ་པའི་སྙན་ཐོ་ཞིག་འདོན་སྤེལ་བྱས་པ་བརྒྱུད་ནས། རྒྱ་ནག་གཞུང་བློ་འཚབ་ཆེན་པོ་སྐྱེ་བཞིན་པ་གསལ་སྟོན་གནང་འདུག དེའང་ཚེས་ ༡༩ ཉིན་ཨ་རིའི་སྲིད་འཛིན་གྱིས་མཚན་རྟགས་བཀོད་དེ་ཁྲིམས་གཞི་གསར་པ་དེ་གཏན་འབེབས་བྱས་པའི་ཉིན་གཅིག་རྗེས།  རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ Hua Chunyin གྱིས་རྒྱ་གཞུང་ངོས་ནས་ཨ་རིའི་ཁྲིམས་གཞི་གསར་པ་དེར་དགག་པ་མཐའ་གཅིག་ཏུ་ཡོད་པ་དང་། དེའང་ཁྲིམས་གཞི་དེས་བོད་མི་ཁ་བྲལ་བ་ཚོར་བརྡ་ལན་ནོར་བ་ཞིག་འགྲོ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།  ལྷག་པར་དུ་ཟླ་བ་སྔོན་མའི་ཚེས་ ༡༢ གཡས་གཡོན་ནས་རྒྱལ་སྤྱིའི་བརྒྱུད་ལམ་ཐོག་ཨ་རིའི་ཁྲིམས་གཞི་གསར་པ་དང་འབྲེལ་བའི་གནས་ཚུལ་རིམ་པ་ཐོན་པ་དང་དུས་མཚུངས་སུ། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གི་ཐོག་ལ། ༸གོང་ས་མཆོག་གི་བརྒྱུད་སྐུལ་འོག་ཕྱི་ལོ་ ༢༠༠༨ ལོའི་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོའི་སྒེར་ལངས་དང་བོད་མིའི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་བྱུང་བའི་འཁྱོག་བཤད་དྲིལ་བསྒྲགས་ཀྱི་གནས་ཚུལ་སྤེལ་རྒྱུ་མང་དུ་ཕྱིན་པའི་ཁྲོད།  Global Times བརྒྱུད་ལམ་གྱིས་དྲ་གནས་ཐོག་ཨ་རིའི་ཁྲིམས་གཞི་གསར་པ་གཏན་འབེབས་བྱས་པའི་གནས་ཚུལ་སྤེལ་བའི་ནང་དུ་༸གོང་ས་མཆོག་གི་མཚན་ཆེད་མངགས་བསྟན་ཏེ་སྐྱོན་བརྗོད་བྱས་པ་མ་ཟད། གནས་ཚུལ་དེར་མཆན་བསྐྱོན་མཁན་གྱི་ཁོངས་སུ།  དུས་རྒྱུན་༸གོང་ས་མཆོག་ལ་སྐྱོན་བརྗོད་ཤུགས་ཆེར་བྱེད་མཁན་གཙོ་བོ་གཅིག་གིས་ཨ་རིའི་ཁྲིམས་གཞི་གསར་པས། བོད་ནང་དུ་འགྲུལ་བསྐྱོད་བཀག་སྡོམ་བྱེད་མཁན་དཔོན་རིགས་ཚོར་ཤུགས་རྐྱེན་ཇི་ཐེབས་སྐོར་བློ་འཚབ་ཡོད་པར་བསྟན་པའི་གནད་དོན་བྱུང་ཡོད་པ་ཐེར་འདོན་གནང་འདུག དེའི་ཁྲོད་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་གཙོ་འཛིན་གཞོན་པ་ཟུར་པ། Zhu Weiqun ཡིས་བོད་གཅིག་སྒྲིལ་གྱི་ཆེད་དུ་ང་ཚོས་༸གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་པར་ཧ་ལས་རྒྱུ་གང་ཡང་མེད་པ་དང་། ལྷག་པར་དུ་ཏཱ་ལའི་ཁ་བྲལ་རུ་ཚོགས་ནས་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ། རྒྱ་ནག་ཐོག་གནོན་ཤུགས་ཆེ་རུ་གཏོང་་བཞིན་པའི་གོ་སྐབས་འཛིན་སྲིད་པ་ལྟར། མང་ཚོགས་ལ་ཏཱ་ལའི་བླ་མའི་བྱ་སྤྱོད་སྐོར་གོ་རྟོགས་སྤེལ་རྒྱུ་གལ་ཆེན་པོ་ཡིན་སྐོར་བརྗོད་པ་ལུང་འདྲེན་བྱས་འདུག སྙན་ཐོའི་ནང་ད་དུང། རྒྱ་གཞུང་གི་ཨ་རིའི་ཁྲིམས་གཞི་གཏན་འབེབས་ལ་ཡ་ལན་སྤྲོད་ཕྱོགས་དང་། བོད་ཀྱི་ས་ཁུལ་གང་སར་༸གོང་ས་མཆོག་གི་སྐུ་པར་ལ་དམ་དྲག་གིས་སྔོག་བཤེར་བྱས་པ་བརྒྱུད། སྐུ་པར་གཞུང་བཞེས་སོགས་ཀྱི་ལས་དོན་ཤུགས་ཆེ་རུ་བཏང་བ་དང་། ལྷག་པར་དུ་ཀན་ལྷོ་ཁུལ་དུ་རྒྱ་གཞུང་གི་རྒྱ་སྒོར་ས་ཡ་བཞི་ཙམ་འགྲོ་གྲོན་བཏང་སྟེ། བོད་མི་གནས་སྡོད་ས་ཁུལ་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཐང་ཀའི་གཟུགས་དབྱིབས་སུ་མའོ་ཙེ་ཏུང་གི་འདྲ་པར་ཆེན་པོ་ཞིག་བཀོད་དེ་འགྲེམས་སྤེལ་བྱས་ཡོད་པའི་གནད་དོན་ལུང་འདྲེན་དང་སྦྲགས་ནས།  རྒྱ་ནག་དམར་པོའི་གཞུང་བཟུང་ནས་ལོ་ ༧༠ འཁོར་བའི་དུས་དྲན་སྲུང་བརྩི་བྱེད་ཆེད་དུ་ཡིན་པར་བསྒྲགས་ཡོད་ནའང་། དོན་དངོས་སུ་རྒྱ་ནག་དམར་པོས་བོད་དོན་ཐོག་ཤུགས་རྐྱེན་ཆེ་རུ་བཏང་སྟེ། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་བོད་དང་བོད་རྒྱུད་ནང་བསྟན་བཟོ་ཐབས་བྱས་པ་ཞིག་ཡིན་སྐོར་གསུངས་འདུག ལས་དོན་དེ་དག་ལམ་ལྷོང་དེ་ཙམ་མ་བྱུང་ཚེ།  ༢༠༡༩ ལོའི་སྟོང་ལོ་གསར་པའི་རྒྱ་ནག་གི་དུས་ཆེན་འདྲ་མིན་ཐོག་༸གོང་ས་མཆོག་ལ་མཚན་སྨད་ཞུ་རྒྱུའི་ལས་འཆར་བསྒྲིགས་ཡོད་པ་སོགས་ཀྱི་མཚོན་པའི་སྔ་རྗེས་ཀྱི་བྱེད་ཕྱོགས་མང་དག་ཅིག་ཀྱང་ལུང་འདྲེན་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོས་ནས་ད་དུང་། རྒྱ་གཞུང་གི་དེ་སྔ་བོད་རང་སྐྱོང་ཟེར་བའི་ས་ཁུལ་དང་བསྡུར་ན། ༸གོང་ས་མཆོག་གི་སྐུ་པར་སོགས་ལ་དམ་དྲག་ཉུང་བ་ཡོད་པའི་ས་ཁུལ་དང་། ལྷག་པར་དུ་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་མང་བ་བྱུང་སའི་ཨ་མདོ་དང་ཁམས་ཀྱི་ས་ཁུལ་དུ།  དེང་སྐབས་རིམ་པའི་༸གོང་ས་མཆོག་གི་སྐུ་པར་ལ་དམ་དྲག་བྱེད་འགོ་བཙུགས་ཡོད་པ་སོགས་དང་། དེ་བཞིན་ཕྱི་ལོ་ ༢༠༡༣ ལོར་རྒྱ་གཞུང་གི་ས་བགོས་བྱས་པའི་མཚོ་སྔོན་ཞིང་ཆེན།  ཚོ་ལྷོ་ས་ཁུལ་དང་། ༢༠༡༤ ལོར་བོད་དཀར་མཛེས་ཁུལ་དང་། ཆབ་མདོ་ཁུལ། དེ་བཞིན་ ༢༠༡༥ ལོར་དཀར་མཛེས་ཁུལ་གྱི་ཉག་རོང་ས་ཁུལ། དེ་བཞིན་འདི་ལོ་ཡུ་ཤུལ་ས་ཁུལ་གྱི་གཙོས་པའི་ས་ཁུལ་ཁག་ཅིག་གི་ནང་དུ།  ཏཱ་ལའི་ཁ་བྲལ་རུ་ཚོགས་ལ་གདོང་ལེན་བྱེད་དགོས་པ་དང་། ༸གོང་ས་མཆོག་གི་སྐུ་པར་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བ་དང་བསྟུན།  རྒྱ་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་ལ་དམ་དྲག་དང་གནོན་བཙིར་གྱི་ལས་དོན་ཤུགས་ཆེ་རུ་སྤེལ་བཞིན་ཡོད་པ་གསལ་པོ་མངོན་རྒྱུ་ཡོད་པ་ཡང་ཐེར་འདོན་གནང་འདུག

རྒྱ་གཞུང་གིས་ནང་ཆོས་བེད་སྤྱོད་བྱས་ཏེ་བོད་མིའི་བསམ་བློ་འགུག་ཐབས་བྱེད་བཞིན་པ་གསུངས་འདུག

ཁ་སང་དབྱིན་ཡུལ་ནང་ལ་རྟེན་གཞི་བྱས་པའི་ Free Tibet ཞེས་བོད་རང་དབང་ཚོགས་པའི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་ནས་འདས་པའི་ལོ་དུས་མང་པོའི་རིང་ནས་བོད་ནང་གི་བོད་མི་ཚོའི་བསམ་བློ་འགུག་ཐབས་སུ་བཙན་ཤུགས་ཅན་གྱི་ཐབས་བྱུས་འདྲ་མིན་བེད་སྤྱོད་བྱེད་བཞིན་པ་མ་ཟད། ཉེ་བའི་ལོ་ཤས་ནས་བོད་པའི་ནང་ཆོས་བེད་སྤྱོད་བྱས་ཏེ་རྒྱལ་ཞེན་གྱི་སློབ་གསོ་དང་ཆབ་སྲིད་དྲིལ་བསྒྲགས་ཀྱི་ཟབ་སྦྱོང་སོགས་བརྒྱུད་བོད་མིའི་བསམ་བློ་འགུག་ཐབས་བྱེད་བཞིན་ཡོད་པ་གསུངས་འདུག  དེ་ཡང་ཚོགས་པ་དེའི་ངོས་ནས་ཉེ་ཆར་ཟླ་བ་སྔོན་མའི་ཕྱི་ཚེས་༢༡ ཉིན་རྒྱ་གཞུང་གིས་རྒྱལ་ས་ལྷ་སའི་ནང་དུ་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁུལ་གྱི་བོད་པའི་གྲྭ་བཙུན་གྱི་དགོན་སྡེ་གྲྭ་ཚང་བདུན་ཅུ་ལྷག་གི་སྐུ་ཚབ་བསྡུ་སྐོང་གིས་ལྷན་ཚོགས་ཤིག་ཚོགས་པ་མ་ཟད། སྐབས་དེར་བཅར་བའི་གྲྭ་བཙུན་བདུན་སྟོང་ལྷག་ལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་སོགས་ཕུལ་བའི་གནས་ཚུལ་ལུང་འདྲེན་དང་སྦྲགས། བོད་པའི་དགོན་སྡེ་གྲྭ་ཚང་ཁག་ནི་བོད་མིའི་སྤྱི་ཚོགས་ཀྱི་ལས་དོན་ཁྲོད་ཤུགས་རྐྱེན་ཆེ་ཤོས་བཟོ་མཁན་ཞིག་ཡིན་པ་ཙམ་མ་ཟད། ལྷག་པར་དུ་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་ལ་གདོང་ལེན་དང་ཁ་གཏད་གཅོག་མཁན་གྱི་ཚོགས་སྡེ་ཆེ་གྲས་དེ་ཡིན་སྟབས། རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་རྒྱུན་དུ་བོད་ནང་གི་ཆོས་ཕྱོགས་ཀྱི་ལས་དོན་ལ་དམ་དྲག་དང་། ཕྱོགས་གཞན་ཞིག་ནས་གྲྭ་བཙུན་རྣམས་ལ་དངུལ་དང་ཕྱག་འཁྱེར་སོགས་སྤྲད་དེ་རྒྱ་ནག་རང་ཉིད་ཀྱི་ལྟ་སྤྱོད་དང་མཐུན་པའི་ཕྱོགས་སུ་བློ་འགུག་ཐབས་བྱེད་བཞིན་པ་དེ་ནི། རྒྱ་ནག་གཞུང་གི་ནང་ཆོས་བེད་སྤྱོད་བྱས་ཏེ་བོད་མིའི་བསམ་བློ་འགུག་ཐབས་བྱེད་བཞིན་པ་གསལ་པོ་རེད་ཅེས་འཁོད་འདུག དེ་བཞིན་དེ་སྔ་ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཚོགས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩ པའི་ཐོག་ཆོས་ཕྱོགས་ལས་དོན་རྣམས་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་སྤྱོད་དང་མི་འགལ་བ་ཞིག་དགོས་སྐོར་གྱི་གྲོས་བསྡུར་དང་སྒྲིག་ཁྲིམས་གཏན་འབེབས་བྱས་པ་དེ་ཡང་། རྒྱ་ནག་གཞུང་གིས་བོད་པའི་ནང་ཆོས་ལ་སྟངས་འཛིན་དང་དེའི་རྗེས་འབྲངས་པ་རྣམ་པའི་བསམ་བློ་བསྒྱུར་ཐབས་སོགས་ལ་དམིགས་པ་ཞིག་ཡིན་སྐོར་སོགས་ཀྱང་གསུངས་འདུག གཞི་རྩའི་རྒྱ་ནག་གཞུང་ནས་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཙམ་མ་ཟད། བོད་ས་ཁྱོན་ཡོངས་ཀྱི་བོད་མིའི་ཆོས་ཕྱོགས་ཀྱི་ལས་དོན་ལ་དམ་དྲག་མུ་མཐུད་བྱེད་བཞིན་པ་མ་ཟད། ཆོས་སྡེ་ཁག་གི་དབུ་ཁྲིད་གཙོས་པའི་གྲྭ་བཙུན་རྣམ་པའི་བསམ་བློ་འགུག་ཐབས་སུ་ནང་ཆོས་དང་འབྲེལ་བའི་ལས་གཞི་ཁག་ཅིག་སྤེལ་བཞིན་ཡོད་པ་ལྟར། ཉེ་ཆར་ཕྱི་ཚེས་༢༨ ཉིན་རྒྱ་ནག་ནང་པའི་ལྷན་ཚོགས་དང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གཉིས་ནས་རྒྱ་ནག་གི་West Huangsi འགྲེམས་སྟོན་ཁང་དུ་ནང་ཆོས་དང་འབྲེལ་བའི་འགྲེམས་སྟོན་ཞིག་གོ་སྒྲིག་བརྒྱུད་རྒྱ་ནག་གཞུང་གི་ལྟ་སྤྱོད་དང་མཐུན་པའི་ཐོག་ལས་དོན་བྱེད་མཁན་ཁག་ཅིག་ལ་ཆེ་བསྟོད་སོགས་བྱས་ཡོད་པ་རེད།  

རེས་གཟའ་ཟླ་བ། ༢༠༡༩།༠༡།༠༧

ཉན་པ།: Listen ཕབ་ལེན། Download སྤྱི་འཐུས་ལྷན་ཚོགས་ནས་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་བར་ཐུགས་རྗེ་ཆེ་ཞུའི་གསོལ་སྟོན་འདེགས་འབུལ། རྩེད་ཐང་ཁུལ་གྱི་བོད་ཕྲུག་རྣམས་གུང་གསེང་སྐབས་བཟང་བཙོན་ལྟ་བུའི་གནས་སྟངས་འོག་ལུས་ཡོད་པ་གསུངས་སོང་། བོད་ནང་ལོ་ངོ་ ༤༠༠༠ གོང་གི་གནའ་ཤུལ་བྲག་ཕུག་རྙེད་སོན། རྒྱ་གཞུང་གི་གནོན་ཤུགས་ཁྲོད་ཐེ་ཝན་སྲིད་འཛིན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱབ་སྐྱོར་གྱི་རེ་འདུན་བཏོན་པ། སྦེལ་ཀོབ་གཞིས་ཆགས་སུ་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་ཞུགས་མཁན་ཉུང་དུ་སོང་བ། དམིགས་བསལ་ལས་རིམ། ༸རྒྱལ་མཆོག་སྐུ་ཕྲེང་བརྒྱད་པའི་སྐོར། Monday 07/01/2019 TPiE hosts thank you dinner to Indian Parliament group for Tibet House arrest like situation for Tibetan children in Lhokha 4,000-year-old cave site unearthed on Tibetan plateau Taiwan president calls for international support to defend democracy Decrease in TMS Enrolment in Bylakuppe HISTORY FEATURE: 8th Dalai Lama Jamphel Gyatso

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བར་གསོལ་སྟོན་འདེགས་འབུལ་ཞུས་པ།

རྒྱ་གར་གྱི་དགུན་དུས་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན་། ཁ་ས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་ཐུགས་རྗེ་ཆེ་ཞུའི་གསོལ་སྟོན་ཞིག་འདེགས་འབུས་ཞུས་ཡོད་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་རྣམ་པ་གཉིས་ཀྱི་དབུས་པའི་སྤྱི་འཐུས་རྒྱུན་ལས་ཚོས་རྒྱ་གར་གྲོས་ཚོགས་ཀྱི་ཚོགས་མི་རྣམས་ནས་མ་འོངས་པར་ཡང་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་སོགས་ཀྱང་ཞུས་ཡོད་འདུགདེ་ཡང་ཕྱི་ཟླ་ ༡༢ ཀྱི་ཚེས་ ༡༡ ནས་འགོ་བཙུགས་གནང་བའི་རྒྱ་གར་གྲོས་ཚོགས་ཀྱི་འདི་ལོའི་དགུན་དུས་ཚོགས་ཐེངས་འདི་ཕྱི་ཚེས་ ༨ ཉིན་མཇུག་སྒྲིལ་རྒྱུ་དང་། དེའི་རྗེས་རྒྱ་གར་གྱི་འོས་བསྡུ་ཆེན་མོ་བསླེབ་ཀྱི་ཡོད་སྟབས། རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་མི་མང་སྤྱི་འཐུས་རྣམ་པ་ཚོས་སྐབས་འདིའི་རྒྱ་གར་གྱི་གྲོས་ཚོགས་ཚོགས་མི་ཚོ་དང་ལྷན་དུ་མཐའ་མའི་མཇལ་འཕྲད་ཅིག་གནང་ཐུབ་པའི་དགོས་འདུན་ལྟར། ཚོགས་པ་དེའི་གོ་སྒྲིག་འོག་ཁ་ཉིན་ཕྱི་ཚེས་ ༢ ཉིན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་རྣམ་པ་གཉིས་ཀྱི་དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམས་ནས་རྒྱ་གར་གྱི་གྲོས་ཚོགས་ཚོགས་མི་ ༢༣༠ ལྷག་ཙམ་ཞིག་དང་མཇལ་མོལ་གནང་ཡོད་པ་མ་ཟད། ཁ་ས་ཕྱི་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ Shangrila མགྲོན་ཁང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱི་དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པས་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་ཐུགས་རྗེ་ཆེ་ཞུའི་དགོངས་དྲོའི་གསོལ་སྟོན་ཞིག་འདེགས་འབུལ་ཞུས་ཡོད་པ་རེད། གསོལ་སྟོན་དེར་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་དང་། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སོགས་གནང་མྱོང་ཡོད་པའི་སྐུ་ཞབས་ Shanta Kumar མཆོག་གི་དབུས་པའི་གཞན་ཡང་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་ཚོགས་མི་ཁག་ཅིག་ཕེབས་འདུགགསོལ་སྟོན་དེའི་སྐབས་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ Shanta Kumar མཆོག་ནས། རྒྱ་གར་དང་རྒྱ་ནག་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་དབར་འབྲེལ་བ་གོང་འཕེལ་བརྒྱུད་བོད་དོན་དཀའ་རྙོག་སེལ་རྒྱུའི་ཐུགས་རེ་ཡོད་པ་དང་། ལྷག་པར་བོད་མའི་དབུ་ཁྲིད་༸གོང་ས་༸ཏཱ་ལའི་བླ་མ་མཆོག་གི་གཉིས་སྨན་དབུ་མའི་ལམ་གྱི་དགོངས་གཞི་དེ་ལ་གཞི་རྩའི་བོད་པའི་གཞོན་སྐྱེས་ཁག་ཅིག་གི་མོས་མཐུན་གནང་གི་མེད་པ་ཡིན་ནའང་། རྒྱལ་སྤྱིའི་དངོས་ཡོད་ཀྱི་གནས་སྟངས་ལ་གཞིགས་པའི་ཁོང་གི་རླབས་ཆེའི་དགོངས་གཞི་དེར་ང་ཚོ་ཚང་མས་རྒྱབ་སྐྱོར་ཞུ་དགོས་པ་མ་ཟད། བོད་མི་ཚོར་རང་ཉིད་ཀྱི་ཆོས་དང་རིག་གཞུང་བཅས་པ་རང་དབང་ཐོག་ནས་ལོངས་སྤྱོད་ཐུབ་པའི་རང་དབང་དེ་དགོས་ཀྱི་རེད་ཅེས་གསུངས་པ་དང་། ལྷག་པར་དུ་ཁོང་གིས་བོད་ཀྱི་གནད་དོན་དེ་ཆབ་སྲིད་ཀྱི་དཀའ་རྙོག་ཅིག་མིན་པར། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་གནད་དོན་དང་འབྲེལ་བ་ཡོད་པ་ཞིག་རེད།  དེ་བཞིན་ཞི་བདེ་ལ་དགའ་བའི་མི་མང་ཚོས་སྡུག་སྦྱོང་འདི་ལྟ་བུ་ཞིག་མྱོང་དགོས་པ་དེ་ནི།  ང་རང་གི་ངོས་ནས་མིའི་ལོ་རྒྱུས་ནང་གི་ལོ་རྒྱུས་ཐབས་སྐྱོ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་སོགས་གསུངས་གནང་སོང་།གཞི་རྩའི་རྒྱལ་སྤྱིའི་ཁྱོན་དུ་ཡོད་པའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཁོངས་ནས་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ནི་ཚོགས་པ་རྙིང་ཤོས་དེ་ཡིན་པ་དང་། དེ་ཡང་ཕྱི་ལོ་ ༡༩༧༠ ནང་སྐབས་དེའི་རྒྱ་གར་གྱི་གྲོས་ཚོགས་ཀྱི་ཚོགས་མི་དང་ཕྱི་སྲིད་བློན་ཆེན་སོགས་གནང་མྱོང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་པ་སྐུ་ཞབས་ MC Chagla མཆོག་གི་སྣེ་ཁྲིད་འོག་རྒྱ་གར་གྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་བྱུང་ཡོད་པ་དང་། དེ་རྗེས་རིམ་པའི་སྤྱི་ཚོགས་རིང་ལུགས་པ་དང་རྒྱ་གར་གྱི་བདེ་སྲུང་བློན་ཆེན་སོགས་གནང་མྱོང་ཡོད་པའི་སྐུ་ཞབས་ Goerge Fernandes མཆོག་སོགས་ནས་སྣེ་ཁྲིད་གནང་སྟེ་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་མུ་མཐུད་རྒྱུན་སྐྱོང་གནང་བཞིན་པ་ཞིག་ཡིན་པ་རེད།

རྩེད་ཐང་ཁུལ་གྱི་བོད་ཕྲུག་རྣམས་བཟང་བཙོན་ལྟ་བུའི་གནས་སྟངས་འོག་ལུས་པ།

རྒྱ་གཞུང་གིས་ལྷོ་ཁ་རྩེད་ཐང་ས་ཁུལ་གྱི་སློབ་ཕྲུག་ཚོ་དགུན་ཁའི་གུང་གསེང་སྐབས་སུ་ཟབ་སྦྱོང་དང་ཆོས་ལུགས་ཀྱི་བྱེད་སྒོ་ཁག་གི་ནང་ཞུགས་མི་ཆོག་པའི་བཀག་སྡོམ་བྱས་པར་བོད་ཕྲུག་རྣམས་བཟང་བཙོན་ལྟ་བུའི་གནས་སྟངས་འོག་དཀའ་ངལ་ཤུགས་ཆེར་འཕྲད་བཞིན་འདུག དེ་ཡང་བཙན་བྱོལ་ཁུལ་དུ་གནས་བཞུགས་བྱམས་པ་ངག་དབང་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བར་གཞིགས་ན།  ཉེ་ཆར་དགུན་ཁའི་གུང་གསེང་དང་སྟབས་བསྟུན་རྒྱ་གཞུང་གིས་ལྷོ་ཁ་རྩེད་ཐང་ས་ཁུལ་གྱི་སློབ་གྲྭ་ཁག་དགུན་དུས་ཀྱི་གུང་གསེང་ཟླ་བ་གཅིག་ལྷག་ཙམ་རིང་། བོད་རིགས་སློབ་ཕྲུག་རྣམས་ཟབ་སྦྱོང་རིགས་དང་དེ་བཞིན་ཆོས་ལུགས་ཀྱི་བྱེད་སྒོ་གང་གི་ནང་ཞུགས་མི་ཆོག་པའི་དམ་དྲག་བཀག་སྡོམ་བྱས་པ་དང་ཆབས་ཅིག  བཀོད་ཁྱབ་དེ་ཡང་རྒྱ་གཞུང་གིས་སློབ་གྲྭ་ནས་ཁྱིམ་བདག་ཕ་མ་ཚོར་ཕྲུ་གུའི་རྒྱུགས་ཤོག་ཐོག་བྲིས་ནས་བཏང་འདུག  ད་ཆ་དགུན་ཁའི་གུང་གསེང་རིང་ཟབ་སྦྱོང་འཛིན་གྲྭ་དང་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པ་དེས་རྩེད་ཐང་ཁུལ་གྱི་བོད་མི་རྣམས་བཟང་བཙོན་ལྟ་བུའི་གནས་སྟངས་འོག་དཀའ་ངལ་མྱོང་བཞིན་ཡོད་པ་རེད་འདུག མ་ཟད་བྱམས་པ་ལགས་ཀྱིས་སྤྱིར་རྒྱ་གཞུང་གིས་བོད་ནང་ཆོས་དད་རང་དབང་ཡོད་ལུགས་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་ཀྱང་། དོན་དངོས་ཐོག་བོད་ནང་གི་བོད་མི་ཚོར་ཆོས་དད་རང་དབང་རྩ་ནས་མེད་པ་ནི་ཐ་ན་སློབ་ཕྲུག་ཚོར་ཆོས་མཇལ་དང་ཆོས་ལུགས་ཀྱི་བྱེད་སྒོ་སོགས་ནང་ཞུགས་རྒྱུར་ཡང་ཆེས་དམ་དྲག་ཡོད་པ་དེས་གསལ་སྟོན་བྱེད་ཀྱི་ཡོད་པར་ནན་བརྗོད་གནང་སོང་བ་དང་།  ལྷག་དོན་ཁོང་གིས་མཁྱེན་རྟོགས་ཡོད་པའི་ལྷོ་ཁ་རྩེད་ཐང་ས་ཁུལ་དུ་དེང་སྐབས་རྒྱ་ནག་གཞུང་གིས་གཞུང་ལམ་སོགས་འཛུགས་སྐྲུན་གྱི་ལས་གཞི་འདྲ་མིན་སྤེལ་བཞིན་ཡོད་པ་དང་ལས་གཞི་དེ་སྤེལ་ཡུལ་གྱི་ས་ཁོངས་སུ་ཚུད་པའི་ས་གནས་བོད་མིའི་ས་ཁང་ལ་གུན་གསབ་མ་སྤྲད་པར་གཞུང་བཞེས་གཏོང་བཞིན་པའི་དཀའ་ངལ་དུ་མ་འཕྲད་བཞིན་པའི་སྐོར་ལའང་ངོ་སྤྲོད་དེ་ལྟར་གནང་གི་འདུག  

རེས་གཟའ་ཉི་མ། ༢༠༡༩།༠༡།༠༦

ཉན་པ།: Listen ཕབ་ལེན། Download ཁྱེད་ཀྱིས་རང་ཉིད་ཀྱི་བློ་འདོད་ལྟར་སློབ་ཚན་འདམ་ཡོད་དམ་ཞེས་པའི་བརྗོད་གཞིའི་ཐོག་གླེང་མོལ། Sunday 06/01/2019 Yound Minds : Have you chosen the right stream?

རེས་གཟའ་སྤེན་པ། ༢༠༡༩།༠༡།༠༥

ཉན་པ།: Listen ཕབ་ལེན། Download བོད་རིགས་པར་ལེན་གསར་འགོད་པ་བཀྲིས་སྟོབས་རྒྱས་ལགས་སུ་ Ramnath Goenka ཡི་གསར་འགོད་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་པ། དགུན་ཁའི་གུང་གསེང་ལ་མ་ཕེབས་པའི་སློབ་མ་ ༡༨༠ ལྷག་ཉེ་འདབས་ཀྱི་གྲོང་ཁྱེར་དུ་སྐོར་བསྐྱོད་ལ་ཁྲིད་བཞིན་འདུག ཨ་རིའི་མི་སེར་རྒྱ་ནག་ནང་བསྐྱོད་རྒྱུར་ཡིད་གཟབ་དགོས་པའི་ཉེན་བརྡར་རྒྱ་གཞུང་གིས་ལན་འདེབས་བྱས་པ། རྒྱ་ནག་གི་སྟོང་ལོ་གསར་པའི་དུས་སྟོན་དང་ལོ་རྒྱུས་ཀྱི་རྨ་ཁ་རྙིང་པ། སྦེལ་ཀོབ་གཞིས་ཆགས་ནང་གཞུང་ལམ་བསྐྱར་གསོ་འགོ་འཛུགས་གནང་བཞིན་པ། Saturday 05/01/2019 Tibetan journalist wins prestigious Ramnath Goenka Excellence in Journalism awards Around 185 Children with nowhere to go on winter break taken on education tour US issues China travel advisory warning of exit bans, China rebukes Time for China to acknowledge difficult past: Cary Huang Road construction work begins in Bylakuppe Tibetan settlement

Latest news