Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: September, 2022

ཕ་རན་སིར་བོད་ཀྱི་དུས་སྟོན་ཐེངས་ཉེར་གཅིག་པ་ཚོགས་པ། 

ཕ་རན་སིའི་རྒྱལ་ས་པེ་རིས་ནང་བོད་དང་ཧི་མཱ་ལ་ཡའི་དུས་སྟོན་སྲུང་བརྩི་བརྒྱུད་ས་གནས་མང་ཚོགས་ལ་བོད་དོན་དྲིལ་བསྒྲགས་གནང་ཡོད། ཟླ་བ་འདིའི་ཕྱི་ཚེས་ ༣ དང་ ༤ བཅས་ཉིན་གཉིས་རིང་ཕ་རན་སི་བོད་ཀྱི་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་རྒྱལ་ས་པེ་རིས་ནང་བོད་དང་ཧི་མཱ་ལ་ཡའི་རིག་གཞུང་གི་དུས་སྟོན་ཐེངས་ ༢༡ པ་སྲུང་བརྩི་གནང་ཡོད་པ་རེད།སྐབས་དེར་དུས་སྟོན་གྱི་སྐུ་མགྲོན་དུ་པེ་རི་སི་གྲོང་སྡེའི་སྤྱི་ཁྱབ་ལྕམ་ Emanuelle Pierre Marie ལགས་དང་རི་སི་གྲོང་སྡེའི་གྲོས་ཚོགས་འཐུས་མི་ལྕམ་ Geneviève Garrigos ལགས། དེ་བཞིན་བེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཆེད་ཕེབས་ཀྱིས་དུས་སྟོན་དབུ་འབྱེད་གནང་ཡོད་པ་དང་། དུས་སྟོན་གྱི་བརྗོད་སྙིང་ནི་བོད་ཀྱི་གཙང་པོ་ནི་ཆིག་སྒྲིལ་གྱི་ནུས་པ་ཡིན་ཞེས་པ་དེ་ཆགས་ཡོད།དེ་བཞིན་ད་ལྟའི་བོད་ཀྱི་གནས་བབ་ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་ཞིག་གོ་སྒྲིག་གནང་འདུག་པ་དང་། བགྲོ་གླེང་དེར་བེལ་ཇམ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་དང་ AFP གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐུ་ཞབས་ Pierre Amroine Donnet ལགས་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་སྐུ་ཞབས་ Pierre ལགས་དང་ཁོང་གི་ཕྱག་རོགས་ཚོས་བརྩམས་གནང་བའི་རྒྱ་ནག་གི་ཡིག་ཆ་ Chinese Files ཞེས་པ་དེ་འགྲེམས་སྤེལ་གནང་ཡོད་པ་རེད།དུས་སྟོན་ཐོག་བོད་མིའི་རིག་གཞུང་དང་ཞལ་ལག གོམས་སྲོལ་དང་འབྲེལ་བའི་ཚོང་རིགས། ནང་ཆོས་ངོ་སྤྲོད། གཞས་སྣ་འཁྲབ་སྟོན། འགྲེམས་སྟོན། གློག་བརྙན་གཟིགས་འབུལ་སོགས་གོ་སྒྲིག་གནང་སྟེ་བོད་དོན་དྲིལ་བསྒྲགས་གནང་ཡོད་པ་དང་། སྐབས་དེར་བོད་མིས་གཙོས་པའི་མི་རིགས་གཞན་བཅས་ཁྱོན་མི་གྲངས་ ༥༠༠༠ ལྷག་ལྷན་འཛོམས་གནང་ཡོད་པ་རེད། ཕ་རན་སི་བོད་རིགས་སྤྱི་མཐུན་ཚོགས་པ་དང་ས་གནས་ཀྱི་དང་བླངས་མི་མང་རྣམས་ཀྱིས་རོགས་སྐྱོར་གནང་སྟེ་ཚང་མས་ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་དུས་སྟོན་ལེགས་གྲུབ་བྱུང་འདུག པར་གྱི་བདག་དབང་བོད་མིའི་སྒྲིག་འཛུགས།

རེས་གཟའ་ཉི་མ། ༢༠༢༢།༠༩།༠༥

ཉན་པ།: Listen ཕབ་ལེན། Download ས་གཞོན་འཐུས་མི་ཁག་ཅིག་དང་གླེང་མོལ། Sunday 04/09/2022 Growing Diversity and Youth Activism. In Conversation with four TYC activists

༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་སྐུ་ཚབ་རུ་ཁག་ལ་མཇལ་ཁ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུགས་སྒར་དུ་ཆེད་ཕེབས་གནང་བའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Jon Ossoff ལགས་ཀྱིས་སྣེ་ཁྲིད་པའི་ཨ་རིའི་སྐུ་ཚབ་རུ་ཁག་ལ་མཇལ་ཁ་སྩལ་སོང་། དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པའི་རྗེས་སུ་ཨ་རིའི་སྐུ་ཚབ་རུ་ཁག་གིས་བོད་མིའི་སྒྲིག་འཛུགས་ལ་འཚམས་གཟིགས་གནང་བ་དང་འབྲེལ་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཆེད་ཕེབས་གནང་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ཚོགས་དྲུང་ལས་ཁུངས་ཀྱི་ཚོགས་དྲུང་གཙོས་པའི་ལས་བྱེད་རྣམ་པས་སྣེ་ལེན་གཟབ་རྒྱས་ཞུས་པ་དང་འབྲེལ་ཁོང་རྣམས་དང་ལྷན་དུ་བོད་དོན་འཐབ་རྩོད་དང་བོད་མིའི་གནད་དོན། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་བཅས་ཀྱི་སྐོར་ལ་བཀའ་མོལ་གནང་འདུག མཇལ་འཕྲད་སྐབས་གྲོས་ཚོགས་འཐུས་མི་ Jon Ossoff ལགས་ཀྱིས་ད་རེས་ཁོང་རྣམ་པ་བཞུགས་སྒར་དུ་ཕེབས་དོན་གཙོ་བོ་ནི། བོད་མི་རྣམས་བཙན་བྱོལ་དུ་གྱར་བའི་གནས་སྟངས་འོག་ནས་བོད་དོན་འཐབ་རྩོད་རྒྱུན་སྐྱོང་ཇི་ལྟར་གནང་གི་ཡོད་པ་ཤེས་རྟོགས་ཐུབ་ཕྱིར་ཕེབས་པ་བཞིན་དེ་རིང་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་མཇལ་མོལ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཕེབས་ཏེ་སྤྱི་འཐུས་རྣམས་དང་མཇལ་འཕྲད་བྱུང་བའི་ཁྲོད། བོད་མི་རྣམས་ཀྱིས་བཙན་བྱོལ་བའི་གནས་བབས་འོག་ནས་བོད་མིའི་སྒྲིག་འཛུགས་ཆེད་འཛུགས་གནང་བར་མ་ཟད་བོད་དོན་འཐབ་ཙོད་ཐོག་ཆོད་སེམས་དང་སྙིང་སྟོབས་ཞུམ་པ་མེད་པར་གནས་ཡོད་པ་དངོས་སུ་གཟིགས་པར་དགའ་ཚོར་དང་བཅས་ཡི་རང་ཡོད་ཅེས་གསུངས་འདུག སྐབས་དེར་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་སྐུ་ཚབ་རུ་ཁག་ཆེད་མངགས་བཞུགས་སྒར་དྷརྨ་སཱ་ལཱར་ཕེབས་པར་དགའ་བསུ་ཞུས་པ་འབྲེལ། བོད་མིའི་སྒྲིག་འཛུགས་འདི་བོད་མི་ཡོངས་ཀྱི་ཁྲིམས་མཐུན་གྱི་སྐུ་ཚབ་ཆགས་ཀྱི་ཡོད་པ་དང་། བོད་ཀྱི་གནད་དོན་སེལ་བར་བོད་མིའི་སྒྲི་གཛུགས་དང་ལྷན་དུ་མཇལ་འཕྲད་གནང་དགོས་ངེས་ཡིན་པ་ལྟར་དེ་རིང་ཁོང་རྣམས་བཞུགས་སྒར་དུ་ཆེད་ཕེབས་གནང་བ་འདིས་རྒྱལ་སྤྱི་དང་ལྷག་དོན་རྒྱ་ནག་གཞུང་ལ་བརྡ་ལན་ཤུགས་ཆེ་ཞིག་གནང་ཡོད་སྐོར་གསུངས་འདུག དེ་བཞིན་ཚོགས་གཞོན་མཆོག་གིས་བོད་མི་ནང་ཕན་ཚུན་དབར་མི་མཐུན་པའི་ཆ་འཕྲན་བུ་ཡོད་ཀྱང་བོད་ཀྱི་བདེན་མཐའ་སེལ་རྒྱུའི་དམིགས་ཡུལ་གཅིག་པ་ཡིན་སྐོར་གསུངས་པ་དང་ཆབས་ཅིག རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ ༦༠ ལྷག་རིང་བོད་ནང་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་སོགས་ཡོངས་རྫོགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་སྤེལ་བཞིན་པའི་ཁྲོད་ད་བར་བོད་མིའི་ ༡༥༧ ལྷག་གིས་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་གནང་སླད་རང་ལུས་མེར་བསྲེགས་བཏང་ཡོད་པའི་གནས་སྟངས་ཁག་སྙན་སེང་དང་འབྲེལ། དེང་སྐབས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ཤུགས་ཆེར་འཕྲད་བཞིན་པའི་ངལ་བ་དེ་དག་མེད་པ་བཟོ་དགོས་ཚེ་རྒྱ་གཞུང་གིས་བོད་མཐོ་སྒང་གི་ཁོར་ཡུག་གཏོར་བཤིག་བཏང་དང་གཏོང་བཞིན་པའི་བྱ་སྤྱོད་འཕྲལ་མར་མཚམས་འཇོག་ཐུབ་སླད་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པས་འགན་ཁུར་བཞེས་དགོས་པ་སོགས་གསུངས་འདུག

རེས་གཟའ་སྤེན་པ། ༢༠༢༢།༠༩།༠༣

ཉན་པ།: Listen ཕབ་ལེན། Download བརྡ་འཕྲིན་དུས་སྐབས་ཁྲོད་བཙན་བྱོལ་བོད་མིའི་མང་གཙོའི་ཁ་ཕྱོགས། Saturday 03/09/2022 Tibetan Democracy in the Digital Age

རེས་གཟའ་པ་སངས། ༢༠༢༢།༠༩།༠༢

ཉན་པ།: Listen ཕབ་ལེན། Download མང་གཙོའི་ལམ་སྲོལ་འདི་ནི་གཞིས་བཞུགས་སྤུན་ཟླར་འབུལ་རྒྱུའི་ལེགས་སྐྱེས་རྩ་འགངས་ཆེ་ཤོས་ཤིག་ཡིན། ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་ཁང་ནང་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༦༢ འཁོར་བའི་དུས་ཆེན་སྲུང་བརྩི། བོད་ནང་ཏོགས་དབྱིབས་ཁྲོད་སྲིད་གཞུང་གི་དྲིལ་བསྒྲགས་དང་ས་གནས་ཀྱི་གནས་སྟངས་དབར་འགལ་ཟླ་ཆེན་པོ་ཡོད་པ་མངོན་གསལ། སྲིད་སྐྱོང་མཆོག་གིས་ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་ཐོག་དམིགས་བསལ་སྐུ་ཚབ་བསྐོ་བཞག་གནང་གལ་ཡིན་པ་གསུངས་འདུག Friday 02/09/2022 Democracy will be the most precious gift to our Tibetan brethren when we are reunited: CTA 62nd Tibetan democracy day celebrated in Taiwan parliament Covid in Tibet: voices on ground contradict Chinese propaganda Sikyong speaks at Forum 2000,urges EU to appoint special China envoy

མང་གཙོའི་ལམ་སྲོལ་འདི་ནི་གཞིས་བཞུགས་སྤུན་ཟླར་འབུལ་རྒྱུའི་ལེགས་སྐྱེས་རྩ་འགངས་ཆེ་ཤོས་ཤིག་ཡིན།

དེ་རིང་ཕྱི་ཟླ་ ༩ ཕྱི་ཚེས་ ༢ ཉིན་མོ་འདི་ནི་དེ་སྔ་ཕྱི་ལོ་ ༡༩༦༠ ལོར་བཙན་བྱོལ་དུ་བོད་མིའི་མང་གཙོའི་ལམ་སྲོལ་དབུ་བརྙེས་ཏེ་ལོ་ངོ་ ༦༢ འཁོར་བའི་དུས་ཆེན་ཡིན་པ་ལྟར། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་དབུ་གཡབ་ཏུ་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Vishal Nehria མཆོག་གིས་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྲི་ཞུ་བ། གཞུང་འབྲེལ་མིན་པའི་ཚོགས་ཁག་གི་སྐུ་ཚབ་རྣམ་པ། སློབ་ཕྲུག དེ་བཞིན་སེར་སྐྱ་མང་ཚོགས་བཅས་ལྷན་འཛོམས་ཐོག་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༢ སྲུང་བརྩི་གཟབ་རྒྱས་ཞུས་སོང་།སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་གིས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་སོང་བར་འདས་པའི་མི་ལོ་འདི་དག་གི་རིང་། ང་ཚོས་བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན་གྱི་བྱེད་སྒོའི་ཐོག་གྲུབ་འབྲས་གཟེངས་སུ་ཐོན་པ་བསྐྲུན་ཐུབ་པའི་གཞི་རྟེན་གཙོ་བོ་ཞིག་ནི། མང་གཙོའི་ལམ་སྲོལ་གསར་གཏོད་ཉམས་ལེན་དང་། ཡར་རྒྱས་འཐུས་ཚང་དུ་གཏོང་ཐུབ་ཡོད་པ་དེ་ཡིན་པར་འགྲེལ་བརྗོད་དང་སྦྲགས། མང་གཙོའི་ལམ་སྲོལ་གསར་གཏོད་ཉམས་ལེན་དང་། ཡར་རྒྱས་འཐུས་ཚང་དུ་གཏོང་ཐུབ་ཡོད་པ་དེ་ཡིན་ཞིང་། མང་གཞོའི་ལམ་སྲོལ་འདི་ནི་བཙན་བྱོལ་དུ་གནས་པའི་རིང་ང་ཚོའི་འཐབ་རྩོད་ཀྱི་སྟོབས་ཤུགས་དང་། མདུན་སྐྱོད་ཀྱི་སྒུལ་ཤུགས་ཡིན་ལ། གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་ཤར་བའི་ཉིན་ང་ཚོས་གཞིས་བཞུགས་སྤུན་ཟླར་འབུལ་རྒྱུའི་ལེགས་སྐྱེས་རྩ་འགངས་ཆེ་ཤོས་ཤིག་ཀྱང་ཡིན་ཞེས་གསུངས་ཡོད།འདི་ལོ་ཕྱི་ཟླ་ ༦ ཚེས་ ༢༣ ཉི་ཨ་རིའི་གྲོས་ཚོགས་སུ་བོད་ཀྱི་ལོ་རྒྱུས་གནས་བབ་སྐོར་ལ་ཐེངས་དང་པོར་མཁས་པའི་ཉན་ཞིབ་ཅིག་ཚོགས་གནང་བ་དང་། ཕྱི་ཟླ་ ༧ ཚེས་ ༡༣ ཉིན་ཨ་རིའི་གྲོས་ཚོགས་འོག་མར་བོད་རྒྱའི་རྩོད་རྙོག་སེལ་རྒྱུར་སྐུལ་འདེད་ཀྱི་ཁྲིམས་འཆར་ Promoting a Resolution to the Tibet-China Conflict Act ཞེས་པ་ཞིག་འདོན་སྤེལ་གནང་བ་དེ་དག་གིས་རྒྱ་ནག་གཞུང་ནས་བོད་འདི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་འཁྱོག་བཤད་བྱས་པ་དེ་བདེན་པ་མིན་པར་ཐེར་འདོན་གནང་ཡོད་པར་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་དང་མཐུན་ཞིང་། བོད་རྒྱ་དབར་གྲོས་མོལ་བརྒྱུད་དཀའ་རྙོག་སེལ་རྒྱུའི་འབད་བརྩོན་ལ་གདེང་འཇོག་ཡོང་རྒྱུར་ཕན་ཐོགས་རྒྱ་ཆེ་འབྱུང་ངེས་ཡིན་པ་སོགས་གསུངས་པ་དང་ཆབས་ཅིག་འཛིན་སྐྱོང་བཀའ་ཤག་ནས་རིམ་པས་ཡུ་རོབ་གཙོས་བསམ་ཕྱོགས་མཐུན་པའི་རྒྱལ་ཁབ་གང་མང་གིས་དེ་ལྟར་གནང་ཐབས་ཐོག་འབད་བརྩོན་མུ་མཐུད་བྱ་རྒྱུ་དང་། འདས་པའི་ལོ་གཅིག་ལྷག་གི་ལས་ཡུན་རིང་བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་གྱི་ལས་གཞི་སྤེལ་བ་དེས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག་ལག་བསྟར་བྱ་རྒྱུར་ཚན་རིག་དང་མཐུན་པའི་གྲངས་མཛོད་ཀྱི་གཞི་རྟེན་ཡག་པོ་ཞིག་ཡོང་ངེས་དང་། སྟེང་གཤམ་གཉིས་ཀའི་ཐབས་བྱུས་ཟུང་འབྲེལ་བརྒྱུད་འབྱུང་འགྱུར་ལོ་བཞིའི་ལས་འཆར་ཁག་རོབ་ཙམ་གཏན་འབེབས་བྱེད་ཐུབ་ཡོད་པ་སོགས་གསུངས་འདུགལྷག་དོན་འཛིན་སྐྱོང་བཀའ་བཤག་གི་གསུང་བཤད་ནང་འཛིན་སྐྱོང་བཀའ་ཤག་དང་། ཁྲིམས་ལུགས་དབང་འཛིན་གྱི་འཕེལ་འགྱུར་བྱུང་རབས་ཁག་དྲན་གསོ་དང་སྦྲགས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལག་བསྟར་འགོ་འཛུགས་བྱས་ཏེ་ལོ་ངོ་ ༣༠ ལྷག་ཕྱིན་པའི་རིང་བསྐྱར་བཅོས་རིམ་པར་གནང་ཡོད་ནའང་། ད་དུང་དངོས་ཡོད་གནས་སྟངས་དང་མང་གཙོའི་ལྟ་གྲུབ་དང་མཐུན་པའི་དུས་བསྟུན་བསྒྱུར་བཅོས་དགོས་གལ་གྱི་གནད་དོན་མངོན་གསལ་དེ་དག་ད་རེས་གྲོས་ཚོགས་ནས་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་ཞིག་འཛུགས་ཐུབ་པའི་རེ་བ་ཡོད་ཅེས་གསུངས་འདུག   དེ་བཞིན་མཛད་སྒོ་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་བར་ཕྱི་ལོ་ ༡༩༦༠ ལོར་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་པ་ནས་བཟུང་སྟེ་ད་ཆ་འཛམ་གླིང་ནང་སྐྱབས་བཅོལ་བའི་སྤྱི་ཚོགས་མང་པོ་ཡོད་པའི་ནང་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནི་མང་གཙོ་ལོངས་སུ་སྤྱོད་ཅིང་རྒྱལ་ཁབ་ཀྱི་བདེན་དོན་འཐབ་རྩོད་དང་། རང་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་རྣམས་གཅེས་སྐྱོང་བྱེད་ཐུབ་པའི་སྤྱི་ཚོགས་དམིགས་བསལ་ཅན་དུ་གྱུར་ཡོད་པ་དེ་དག་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕུགས་རྒྱང་རིང་པོའི་དགོངས་གཞི་དང་དུས་ནས་དུས་སུ་བཀའ་སློབ་ལམ་སྟོན་སྩལ་བའི་བཀའ་དྲིན་ལས་བྱུང་བ་ཞིག་ཡིན་པར་འགྲེལ་བརྗོད་དང་སྦྲགས། མང་ཚོགས་ཀྱི་མང་གཙོའི་ལྟ་གྲུབ་ཇི་བཞིན་སྐྱོང་ཐུབ་མིན་དང་འགོ་འཁྲིད་ཀྱིས་འགན་ཁུར་བྱེད་ཕྱོགས་བཅས་ལ་རག་ལས་ཡོད། དེ་བཞིན་མང་གཙོའི་སྤྱི་ཚོགས་ནང་ལྟ་གྲུབ་འདྲ་མིན་ཡོང་གི་ཡོད་ནའང་རང་རེའི་རྩ་དོན་འཐབ་རྩོད་ཀྱི་སྒྲིག་འཛུགས་འདི་ཉིད་ནུས་ལྡན་ཚགས་ཚུད་ཡོང་ཆེད་དང་། བོད་མིའི་ཆིག་སྒྲིལ་གྱི་ནུས་པ་ཉམས་དམས་སུ་མི་འགྲོ་བ་དགོས་པ་ནི་བཙན་བྱོལ་བོད་མིའི་མང་གཙོའི་ཚེ་སྲོག་ལྟ་བུ་གལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་ཅེས་གསུངས་འདུགད་ལྟའི་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་ལ་མང་གཙོ་དོན་གཉེར་ཅན་གྱི་རྒྱལ་ཁབ་མང་པོའི་གཞུང་དང་མི་མང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་དེ་དག་གི་གནད་ཡོད་མི་སྣ་སོགས་ནས་བསྔགས་བརྗོད་ཙམ་མ་ཟད་བོད་དོན་ལ་རྒྱབ་སྐྱོར་གྱིས་ཉེ་ལམ་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གསར་པ་ཞིག་ངོ་སྤྲོད་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ལྷན་ཚོགས་ཀྱིས་བོད་དོན་དང་འབྲེལ་བའི་གནད་དོན་མང་པོའི་ཐོག་གླེང་སློང་གནང་བ། ལྷག་པར་དུ་ཕྱི་ཟླ་ ༦ ནང་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༨ སྐབས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གིས་དབུས་པའི་རྒྱལ་ཁབ་མི་འདྲ་བ་ ༢༨ ཀྱི་གྲོས་ཚོགས་འཐུས་མི་དངོས་སུ་ཕེབས་པ་དང་ཁག་ཅིག་གིས་དྲྭ་ཐོག་ནས་ལྷན་ཞུགས་གནང་སྟེ། ཝ་ཤིང་ཊོན་སྤྱི་བསྒྲགས་དང་། ཝ་ཤིང་ཊོན་ལག་བསྟར་འཆར་གཞི་ཞེས་འཁོད་པའི་གྲོས་ཆོད་དོན་ཚན་ཁག་སྤྱི་མོས་ཐོག་གཏན་འབེབས་གནང་ཐུབ་པ་བྱུང་བ་དེ་དག་གིས་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་འདི་ཉིད་རྒྱ་ནག་ནང་གི་གནད་དོན་ཁོ་ན་མིན་པའི་བརྡ་ལན་གསལ་པོ་འཕྲོད་ཡོད་པ་གསུངས་འདུགདེ་བཞིན་བོད་མང་སྤྱི་འཐུས་ལྷན་ཚོསག་ནས་བོད་མིའི་གཞིས་ཆགས་ཁག་ཅིག་ཏུ་ས་གནས་འཐུས་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་ཟབ་སྦྱོང་ཁག་ཅིག་ཕུལ་ཟིན་པ་སོགས་ངོ་སྤྲོད་དང་སྦྲགས། རིང་མིན་ཕྱི་ཟླ་ ༩ པའི་གྲོས་ཚོགས་གྲོལ་རྗེས་བོད་མི་མང་སྤྱི་འཐུས་རྣམ་པ་རྒྱལ་ས་ལྡི་ལིར་ཉིན་གྲངས་ ༥ རིང་ཐབས་བྱུས་ཚོགས་འདུ་ཞིག་འཚོགས་གཏན་ཁེལ་ཡོད་པ་གསུངས་ཡོད། གཞུང་འབྲེལ་མཛད་སྒོ་འདིའི་ཐོག་བོད་མང་སྤྱི་འཐུས་ལྷན་ཚོགས་དང་འཛིན་སྐྱོང་བཀའ་ཤག་གིས་ད་ཆ་བོད་ནང་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཆེན་པོ་འགྲོ་བཞིན་པར་ཐུགས་འཚབ་དང་སྦྲགས་ཏེ་རྒྱ་ནག་གཞུང་ནས་ནད་ཡམས་སྔོན་འགོག་དང་སྲུང་སྐྱོབ་གང་ཡང་མེད་པར་མི་མང་རྣམས་བཙན་ཤེད་ཀྱི་འདུ་འཛོམས་བྱས་ཏེ་གུང་ཁྲན་ཏང་གི་སློབ་གསོའི་དྲིལ་བསྒྲགས་ཆེད་མིའི་ཚེ་སྲོག་ལ་ལྟོས་མེད་ཀྱིས་གོ་དབང་བེད་སྤྱོད་ལོག་པར་སྤྱོད་བཞིན་པ་ནི་ཧ་ཅང་ནོར་འཁྲུལ་ཅན་ཞིག་ཏུ་གྱུར་ཡོད་ཅེས་རྒྱ་གཞུང་གི་བྱེད་བབ་ལ་སྐྱོན་བརྗོད་དང་། གཞིས་བཞུགས་སྤུན་ཟླ་ཚོས་སྤྱི་ཚོགས་རྒྱང་བཀྱེད་དང་། གཙང་སྦྲ་འཕྲོད་བསྟེན་གྱི་སྔོན་འགོག་ཐབས་ཤེས་བསྟེན་རྒྱུ་དང་ཆབས་ཅིག་ལུང་བརྟག་ཕེབས་སྒོ་བཞིན་སྒྲོལ་མའི་གཟུངས་སྔགས་གང་མང་གྲངས་གསོག་གནང་གལ་གྱི་གཞེན་སྐུལ་དང་། བཙན་བྱོལ་བོད་མི་རྣམས་ནས་ཀྱང་བཀའ་ཤག་གིས་རྐྱེན་སེལ་རིམ་གྲོའི་གསལ་བསྒྲགས་སྔོན་སོང་ལྟར་སྒྲོལ་གཟུངས་གྲངས་གསོག་དགོས་པའི་འབོད་སྐུལ་བསྐྱར་ནན་གནང་ཡོད།གཞི་རྩའི་ཕྱི་ལོ་ ༡༩༦༠ ཟླ་ ༢ པའི་ནང་གནས་མཆོག་རྡོ་རྗེ་གདན་དུ་ཆོལ་གསུམ་ཆོས་བརྒྱུད་ཀྱི་སྐུ་ཚབ་རྣམས་ལྷན་འཛོམས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་འོག་ཤར་སྐྱོད་ཀྱི་མནའ་གན་མཐུ་མོ་ཆེ་ཕུལ་བའི་སྐབས་༸གོང་ས་མཆོག་གིས་སྔ་འཕྲོས་རིང་ཆོལ་གསུམ་ཆོས་བརྒྱུད་སོ་སོའི་འཐུས་མི་བསྐོ་གཏོང་དགོས་པའི་བཀའ་ཕེབས་དགོངས་དོན་བཞིན་སྐབས་དང་པོའི་བོད་མི་མང་སྤྱི་འཐུས་རྣམས་༸གོང་ས་མཆོག་ནས་ཕྱག་རྟགས་བསྐོ་གཞག་སྩལ་ཏེ་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་ལས་ཁུར་དམ་འབུལ་ཞུས་པ་ནས་བཟུང་ཉིན་མོ་འདི་བཞིན་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་པའི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། རྣམ་ཀུན་ལྟར་དེ་རིང་གི་མཛད་སྒོ་ཐོག་བོད་ཀྱི་ཟློག་ཚོགས་པ་གཙོས་ཉེ་འཁོར་སློབ་གྲྭ་ཁག་ཅིག་ནས་གཞས་སྣ་འཁྲབ་སྟོན་དང་། ཤེས་ཡོན་ཐོག་གཟེངས་སུ་ཐོན་པའི་སློབ་མ་རྣམས་ལ་སྲིད་སྐྱོང་གི་རིགས་གཅིག་རྐང་འཛིན་གྱི་ཆེ་བསྟོད་གཟེངས་རྟགས་དང་། སྲིད་སྐྱོང་སློབ་ཡོན། དེ་བཞིན་དགའ་ལྡན་ཕོ་བྲང་ལེགས་གསོའི་གཟེངས་རྟགས་བཅས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཞབས་ལོ་ ༢༥ ཡན་གསོན་མཁན་དང་། ནང་སྲིད་ལས་ཁུངས་ཀྱི་ན་གཞོན་ནུས་སྤེལ་ལས་གཞིའི་གཟེངས་རྟགས་སོགས་གནང་ཡོད།

ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་ཐོག་དམིགས་བསལ་སྐུ་ཚབ་བསྐོ་གཞག་གནང་གལ་ཡིན་པ་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ Forum 2000 ཞེས་པའི་ཞི་བདེའི་གླེང་སྟེགས་ཐོག་གསུང་བཤད་གནང་བའི་ཁྲོད་ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་ཐོག་དམིགས་བསལ་སྐུ་ཚབ་འམ་འབྲེལ་མཐུད་པ་ཞིག་བསྐོ་གཞག་གནང་དགོས་པའི་ཞུ་སྐུལ་དང་འབྲེལ། རྒྱ་ནག་གི་ངོས་ནས་བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་། སོག་པོའི་མི་རིགས་རྣམས་རོགས་ཟླའི་ཚུལ་དུ་གཟིགས་དགོས་པ་ལས་གནོད་འཚེ་མྱོང་མཁན་ཁོ་ནར་གཟིགས་རྒྱུ་མེད་པའི་གཞེན་སྐུལ་གནང་འདུགཁ་སང་ཕྱི་ཟླ་ ༩ ཚེས་ ༡ ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ནང་ཚོགས་པའི་ ༢༠༠༠ ཐམ་པའི་ཞི་བདེའི་གླེང་སྟེགས་ཀྱི་ཚོགས་འདུ་ཉིན་གཉིས་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་དང་བསྟུན་ཡུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྐབས་སྤྱིར་དེང་སྐབས་ཨུ་རུ་སུ་དེ་ཡོ་རོབ་མཐུན་ཚོགས་ལ་ཉེན་ཁ་ཆེ་ཤོས་ཤིག་ཏུ་ངོས་འཛིན་གནང་བཞིན་ཡོད་ཀྱང་། མ་འོངས་པ་ཕུགས་རྒྱང་རིང་པོའི་ནང་རྒྱལ་སྤྱིའི་བདེ་འཇགས་ལ་ཉེན་ཁ་ཆེ་ཤོས་དེ་རྒྱ་ནག་ཆགས་ཀྱི་ཡོད་པར་གསུངས་པ་དང་ཆབས་ཅིག གལ་སྲིད་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་སླར་ སྲིད་འཛིན་དུ་བསྐོ་གཞག་བྱུང་ཚེ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཡར་རྒྱས་འགྲོ་རྒྱུ་མེད་པར་ངེས་པ་མ་ཟད་རྒྱལ་ཁབ་གཅིག་དང་རིག་གཞུང་གཅིག སྐད་ཡིག་གཅིག་ཅེས་པའི་སྲིད་བྱུས་འོག་བོད་གཙོ་གྱུར་མི་རིགས་གཞན་གྱི་ངོ་བོ་རྩ་བརླག་འགྲོ་ངེས་ཡིན་པ་གསུངས་འདུགསྲིད་སྐྱོང་མཆོག་གིས་ད་དུང་རྒྱ་ནག་གཞུང་གིས་བོད་ནང་གི་བུ་ཕྲུག་རྣམས་དང་བོད་ཀྱི་རིག་གཞུང་རྒྱ་ནག་ཅན་དུ་འགྱུར་བཞིན་པ་དང་༸སྐུའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་གཏོགས། དེ་བཞིན་བོད་ས་ཡོངས་སུ་གཞི་རྒྱ་ཆེ་བའི་དོགས་ཟོན་མྱུལ་ཞིབ་ཀྱི་ལས་གཞི་ཤུགས་ཆེར་སྤེལ་བཞིན་པའི་ཁྲོད། བོད་ནང་ད་བར་བོད་མི་ ༡༥༨ ཀྱིས་རང་ལུས་མེར་བསྲེགས་གནང་ཡོད་པར་དོན་འབྲས་གང་ཡང་སོན་མེད་པ་མ་ཟད། ཕྱི་ཕྱོགས་རང་དབང་ལུང་པའི་ནང་ནུབ་ཕྱོགས་པའི་དབུ་ཁྲིད་རྣམས་ཀྱིས་ང་ཚོ་དང་ཐུག་འཕྲད་གནང་རྒྱུར་དོགས་ཟོན་བྱེད་བཞིན་པ་སོགས་ཀྱི་གནས་སྟངས་དངོས་གང་ཡིན་འགྲེལ་བརྗོད་དང་འབྲེལ། ད་ལྟའི་ཆར་དྲི་བ་གནད་ཆེ་ཤོས་ཤིག་ནི་ཡུ་རོབ་མཐུན་ཚོགས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་རྣམས་ཀྱིས་བོད་གཙོ་བོར་གྱུར་པའི་ཡུ་གུར་དང་ཧོང་ཀོང་གི་ཆེད་དུ་གང་གནང་ཐུབ་ཀྱི་རེད་དམ་ཞེས་པ་དེ་ཆགས་སྐོར་གསུངས་ཡོད།དེ་འབྲེལ་སྲིད་སྐྱོང་མཆོག་གིས་མ་འོངས་པར་ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་ཐོག་འབྲེལ་མཐུད་པའམ་དམིགས་བསལ་སྐུ་ཚབ་བསྐོ་གཞག་གནང་སྟེ་ལས་ཁུངས་སམ་སྡེ་ཚན་ལོགས་སུ་འབྱུང་ཚེ་ཞུ་གཏུག་གི་ལས་འགུལ་སོགས་ཚགས་ཚུད་ཡོང་རྒྱུ་མ་ཟད། བོད་ནང་གི་དངོས་ཡོད་གནས་སྟངས་སོགས་རྒྱུས་ལོན་ཐུབ་པར་ཕན་ཐོགས་ཆེན་པོ་ཡོད་སྐོར་གསུངས་པ་དང་ལྷན་ཅིག་རྒྱ་ནག་གཞུང་གི་ངོས་ནས་བོད་མི་དང་ཡུ་གུར། དེ་བཞིན་ཧོང་ཀོང་། སོག་པའི་མི་རིགས་རྣམས་རོགས་ཟླའི་ཚུལ་དུ་གཟིགས་དགོས་པ་ལས་གནོད་འཚེ་མྱོང་མཁན་ཁོ་ནར་གཟིགས་རྒྱུ་མེད་པར་གསུངས་འདུགསྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་ནས་དམར་ཤོག་ཚོགས་པ་དེ་མུ་མཐུད་གནས་ཐུབ་མིན་ཐད་བློ་འཚབ་ཆེན་པོ་བྱེད་བཞིན་པ་དང་དེའང་རྒྱ་གར་གྱི་ལ་དྭགས་ཁུལ་དུ་འཕྲད་བཞིན་པའི་མཐའ་མཚམས་ཀྱི་དཀའ་རྙོག་དང་། དེ་བཞིན་ཐེ་ཝན་ལ་འཇིགས་སྐུལ། ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་བཞིན་པའི་གནས་སྟངས་ལས་གསལ་པོ་རྟོགས་ཐུབ་ཀྱི་ཡོད་པ་གསུངས་ཡོད།རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ཟླ་ ༨ ཚེས་ ༢༥ ཉིན་ CZECH སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་སྐུ་ཞབས་ VACLAV HAVEL མཆོག་གིས་ཆེད་འཛུགས་གནང་བའི་ FORUM 2000 ཞེས་ཕྱི་ལོ་ ༢༠༠༠ ཐམ་པའི་ཞི་བདེའི་གླེང་སྟེགས་དེའི་ཐོག་ཁུལ་དེའི་སྲིད་བློན་དང་ཕྱི་སྲིད་བློན་ཆེན་ལྷན་མཇལ་འཕྲད་གནང་བ་མ་ཟད། ཚོགས་འདུའི་གོང་དུ་ཡུལ་དེའི་རིག་གཞུང་བློན་ཆེན་དང་། གྲོས་ཚོགས་གོང་འོག་གི་ཚོགས་གཙོ་ཚོགས་གཞོན་དང། གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་སོགས་གནད་ཡོད་མི་སྣ་ཁག་དང་ལྷན་མཇལ་འཕྲད་གནང་སྟེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་དེ་བཞིན་མ་འོངས་པར་ཡོ་རོབ་མཐུན་ཚོགས་གཙོས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་ཕྱོགས་སོགས་ཀྱི་ཐད་ལ་བཀའ་མོལ་གནང་ཡོད་པ་རེད།གཞི་རྩའི་གླེང་སྟེགས་འདི་ཉིད་ཕྱི་ཟླ་ ༨ ཚེས་ ༣༡ ནས་དབུ་འཛུགས་ཀྱིས་དེ་རིང་ཟླ་ ༩ ཚེས་ ༢ བར་ཁྱོན་ཉིན་གྲངས་གསུམ་རིང་ཚོགས་ཀྱི་ཡོད་པ་དང་། དེ་སྔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་གླེང་སྟེགས་དེའི་ཐོག་དབུ་བཞུགས་ཀྱིས་བཀའ་སློབ་ལམ་སྟོན་སྩལ་གནང་མཛད་མྱོང་ཡོད་པ་དང་། སྔ་ལོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་མཆོག་ཀྱང་ལྷན་ཞུགས་གནང་ཡོད་པ་རེད།

ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་ཁང་ནང་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༦༢ འཁོར་བའི་དུས་ཆེན་སྲུང་བརྩི།

དེ་རིང་ཕྱི་ཟླ་ ༩ ཚེས་ ༢ ཉིན་མོ་འདི་ནི་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༦༢ འཁོར་བའི་དུས་ཆེན་ཡིན་པ་དང་བསྟུན་ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཐེ་ཝན་དོན་གཅོད་ལས་ཁུངས། ཐེ་ཝན་བོད་རིགས་ཚོགས་པ་བཅས་ཐུན་མོང་གི་གོ་སྒྲིག་འོག་གྲོས་ཚོགས་ཀྱི་ཚོགས་ཁང་ནང་མང་གཙོ་དུས་ཆེན་སྲུང་བརྩི་ཞུས་འདུག་པ་དང་། དེ་ནི་ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་ཁང་ནང་བོད་མིའི་མང་གཙོ་དུས་ཆེན་སྲུང་བརྩི་ཞུས་པ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། དེ་རིང་སྔ་དྲོ་ཚོུད་ ༩ ནས་ ༡༡༌༣༠ བར་ཐེ་ཝན་གྱི་གྲོས་ཚོགས་ཚོགས་ཁང་ནང་བོད་ཀྱི་རྒྱལ་དར་འཕྱར་ཏེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་མང་གཙོའི་གསར་བཞད་བླངས་ནས་བོད་མིའི་མང་གཙོའི་དུས་ཆེན་སྲུང་བརྩི་ཞུས་འདུག་པ་དང་། མཛད་སྒོ་ཐོག་ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་  Freddy Lim ལགས་དང་ཐེ་ཝན་གྱི་མང་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་སོགས་ནས་གསུང་བཤད་གནང་འདུག་ལ།  ལྷག་པར་ད་རེས་ཀྱི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བརྙན་པར་བརྒྱུད་ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་ཐེ་ཝན་གནས་སྡོད་བོད་མི་དང་ལྷན་གྲོས་ཚོགས་ཀྱི་ཚོགས་ཁང་ནང་བོད་མིའི་མང་གཙོ་དུས་ཆེན་གོ་སྒྲིག་ཞུས་པར་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིར་མང་གཙོ་མར་གསོལ་སྩལ་མཛད་པ་ཞིག་ཡིན་པ་སོགས་ངོ་སྤྲོད་གནང་ཡོད།   སྲིད་སྐྱོང་མཆོག་གིས་རང་ངོས་ནས་ཐེ་ཝན་མང་ཚོགས་ནས་རྒྱ་ནག་གི་འཇིགས་སྐུལ་སོགས་ལ་གདོང་ལེན་དང་རྒྱལ་ཁབ་སྲུང་སྐྱོབ་གནང་བར་གྲ་སྒྲིག་ཡོད་པའི་རེ་བ་ཡོད་པ་དང་སྒོས་ཐེ་ཝན་དང་ང་ཚོ་མང་གཙོའི་ལྟ་གྲུབ་ལ་ཤར་སྐྱོད་གནང་མཁན་གཅིག་མཚུངས་ཆགས་ཀྱི་ཡོད་སྟབས། ང་ཚོས་གཞན་གྱི་སྡིགས་ར་སོགས་ལ་མ་ལྟོས་པར་མང་གཙོའི་ལམ་ལུགས་ལ་མུ་མཐུད་ཤར་སྐྱོད་གནང་དགོས་པར་གསུངས་ཡོད།གཞི་རྩའི་བོད་མིའི་མང་གཙོ་དུས་ཆེན་མཛད་སྒོར་སྐུ་མགྲོན་གཙོ་བོ་ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་གདན་འདྲེན་ཞུས་འདུག་ཀྱང་ཐེ་ཝན་ནང་ད་ཆ་འོས་བསྡུའི་ལས་རིམ་འགྲོ་བཞིན་ཡོད་པར་བརྟེན་ཚོགས་གཙོ་མཆོག་ཕེབས་ཐུབ་མེད་པ་རེད། ཉེ་ལམ་ཐེ་པེའི་ནང་ཐེ་ཝན་གྱི་ཕྱི་སྲིད་ལས་ཁུངས་དང་མང་གཙོ་ཐེབས་རྩ། ཐེ་ཝན་དུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་ཐུན་མོང་གིས་གོ་སྒྲིག་གནང་སྟེ་རྒྱལ་སྤྱིའི་ཆོས་ལུགས་རང་དབང་གླེང་སྟེགས་སྐབས་ ༢ ཐོག་ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་ལྟ་གྲུབ་དགེ་རྒན་བསྟན་འཛིན་རྣམ་གྲོལ་རིན་པོ་ཆེ་རྣམ་གཉིས་ཚོགས་བཅར་ཞུས་ཏེ་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་ལུགས་རྩ་མེད་ཇི་ལྟར་བཏང་བའི་སྲིད་བྱུས་དང་བོད་ནང་གི་ཛ་དྲག་གནས་སྟངས་ཁག་ངོ་སྤྲོད་ཞུས་ཡོད། ཚོགས་འདུ་དབུ་འབྱེད་སྐབས་སྐུ་མགྲོན་གཙོ་བོར་ཐེ་ཝན་གྱི་སྲིད་འཛིན་ལྕམ་སྐུ་ཚའེ་དབྱིང་ཝེན་མཆོག་གཙོས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཐེ་ཝན་ཕྱི་སྲིད་བློན་ཆེན། ཐེ་ཝན་མང་གཙོ་ཐེབས་རྩའི་ཚོགས་གཙོ། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Nury Turkel མཆོག་བཅས་ལྷན་ཞུགས་གནང་ཡོད་པ་རེད།བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གླེང་སྟེགས་དེ་ནི་ཡོངས་གྲགས་མིན་པར་ནང་མོལ་ཚོགས་འདུ་ཞིག་ཆགས་ཀྱི་ཡོད་པ་དང་རྒྱལ་ཁབ་འདྲ་མིན་ཁག་ནས་འབྲེལ་ཡོད་ཚོགས་མི་བརྒྱ་ལྷག་གདན་ཞུ་གནང་ཡོད་སྐོར་བཀོད་འདུག

བོད་ནང་ཏོགས་དབྱིབས་ཁྲོད་སྲིད་གཞུང་གི་དྲིལ་བསྒྲགས་དང་ས་གནས་ཀྱི་གནས་སྟངས་དབར་འགལ་ཟླ་ཆེན་པོ་ཡོད་པ་མངོན་གསལ།

ཟླ་བ་སྔོན་མའི་ཚེས་ ༧ ནས་བཟུང་། བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཀྱི་ས་ཁུལ་མང་དག་ཅིག་གི་ནང་ཏོག་དབྱིབས་གཉན་རིམས་ ༡༩ པ་ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་པའི་ཁྲོད་འདིར་རྒྱ་ནག་གཞུང་གི་བརྒྱུད་ལམ་ཁག་ཏུ་བོད་ནང་ཏོག་དབྱིབས་གཉན་རིམས་འགོག་ཐབས་ཀྱི་ལས་དོན་ཁག་འཐུས་ཚང་སྤེལ་ཚུལ་དང་། རྒྱ་ནག་གཞུང་གི་ངོས་ནས་གཉན་རིམས་འགོག་ཐབས་ཀྱི་ལས་དོན་བྱེད་ཕྱོགས་ལ་བསྔགས་བརྗོད་སོགས་ཀྱི་དྲིལ་བསྒྲགས་ཤུགས་ཆེར་རྫུན་སྤེལ་བྱེད་བཞིན་ཡོད་ཀྱང་། ས་གནས་ས་ཐོག་ཡུལ་དངོས་ཀྱི་གནས་སྟངས་ནི་རྒྱ་ནག་གཞུང་གིས་བཤད་པ་ལས་ཆེས་ཞན་པ་ཡོད་པར་མངོན་གསལ་གནང་འདུགཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་གནས་ཐོག་བོད་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་དང་འབྲེལ་བའི་ཕྱོགས་སྒྲིག་གི་སྙན་ཐོ་ཞིག་སྤེལ་བར་དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་འགྲོ་བཞིན་པ་དེ་ནི་ཕྱི་ཕྱོགས་རྒྱ་གར་དང་བལ་ཡུལ་བཅས་ནས་ཁྱབ་གསལ་བྱུང་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་འོག་བོད་ནང་གི་བོད་མིའི་ཆེད་དུ་བཟའ་ཆས་སོགས་དུས་ཐོག་ཏུ་སྐྱེལ་བཞིན་ཡོད་སྐོར་བཤད་ཡོད་ཀྱང་། གཉན་རིམས་ལ་ཁ་གཡར་ནས་གསར་འགོད་པ་གཙོས་ཕྱི་མི་སུ་གང་བོད་ནང་འགྲོ་བར་བཀག་སྡོམ་བྱེད་བཞིན་པར་བརྟེན་ས་གནས་དངོས་ཀྱི་གནས་སྟངས་ཇི་ཆགས་ཤེས་རྟོགས་དཀར་བར་གྱུར་ཡོད་པ་དེ་ལྟར་ནའང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཉེ་བའི་དུས་སུ་བོད་ནང་གི་སྤྱི་ཚོགས་དྲ་ལམ་ཁག་ལ་རྒྱ་རིགས་དང་བོད་རིགས་མང་ཚོགས་ཀྱི་འཕྲིན་ཐུང་སྤེལ་བ་དང་གཞུང་ལ་སྐྱོན་བརྗོད་བྱས་པ་ཁག་ལ་གཞིགས་ཏེ་ས་གནས་ཀྱི་གནས་སྟངས་དངོས་རྒྱུས་ལོན་གནང་སྐབས་སུ་རྒྱ་ནག་གཞུང་གིས་བཤད་པ་ལས་ས་གནས་ས་ཐོག་གི་གནས་སྟངས་ཆེས་ཞན་པ་དང་ཛ་དྲག་པ་ཡོད་པ་ཤེས་རྟགས་བྱུང་ཡོད་པ་མངོན་གསལ་གནང་འདུག རྒྱ་གཞུང་གིས་ཐོག་མར་བོད་ནང་གཉན་རིམས་ཁྱབ་གདལ་བྱུང་སྐབས་ད་ལྟ་བོད་ནང་ཁྱབ་བཞིན་པ་དེ་ཏོག་དབྱིབས་གཉན་རིམས་ ༡༩  ངོ་བོར་འགྱུར་བའི་ Omicron གཉན་སྲིན་གྱི་ BA 2 ཡིན་ཚུལ་འོག་རྒྱ་གར་དང་བལ་ཡུལ་བཅས་དང་ས་འབྲེལ་ཡོད་པའི་གཞིས་ཀ་རྩེ་དེ་བོད་ནང་གཉན་རིམས་ཁྱབ་གདལ་གྱི་འབྱུང་ཁུངས་ཡིན་སྐོར་བཤད་འདུགརྒྱ་ནག་གཞུང་འབྲེལ་གྱི་དྲ་བ་ Health Times ཡིས་བོད་ནང་གཉན་རིམས་ཁྱབ་གདལ་དེ་ཐོག་མར་བོད་ཀྱི་རྒྱལ་ས་ལྷ་ས་ནས་བྱུང་ཡོད་པ་དང་། དུས་སྐབས་དེར་རྒྱ་ནག་གི་གྲོང་ཁྱེར་གཞན་ ༡༦ ཙམ་གྱི་ནང་གཉན་རིམས་གྱི་གཉན་སྲིན་དེ་ཁྱབ་ཡོད་པར་ཤེས་རྟོགས་བྱུང་ཡོད་པ་མངོན་གསལ་བྱས་པ་དེ་ནས་བཟུང་བོད་ནང་གཉན་རིམས་ཁྱབ་གདལ་བྱུང་བ་དེ་རྒྱ་གར་དང་བལ་ཡུལ་ནས་མ་ཡིན་པར་རྒྱ་ནག་གི་གྲོང་ཁྱེར་གཞན་ཁག་ནས་ཁྱབ་པ་ཞིག་ཡིན་པ་ལུང་འདྲེན་དང་སྦྲགས། གཉན་རིམས་ཁྱབ་གདལ་འབྱུང་ཁུངས་དངོས་ཀྱི་ས་གནས་གང་ཡིན་ལ་མུ་མཐུད་ཞིབ་འཇུག་གནང་བ་ལས་དེ་མིན་ཤེས་རྟོགས་དཀའ་བའི་གནད་ཡིན་པ་གསུངས་འདུག དེའི་ཁྲོད་རྒྱ་ནག་གཞུང་གིས་མང་ཚོགས་ཀྱི་ཁ་བཀག་ཆེད་དུ་བོད་ནང་གཉན་རིམས་འགོག་སླད་སྲིད་གཞུང་གིས་ཚད་མཐོའི་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་བཞིན་པ་དང་མང་ཚོགས་ལ་དགོས་ངེས་མཁོ་ཆས་ཀྱི་མཐུན་རྐྱེན་ཆེད་མེད་སྤྲོད་བཞིན་ཡོད་པའི་དྲིལ་བསྒྲགས་བྱས་པར་མ་ཟད། རླངས་འཁོར་བརྒྱུད་ནས་གྲོང་ཁྱེར་ཁག་ཏུ་དུག་སེལ་གྱི་སྨན་གཏོར་བ་དང་མི་ཚང་གཅིག་ལས་མེད་པའི་འབྲོག་ཁུལ་དུའང་སྲིད་གཞུང་གི་ལས་བྱེད་པ་ཆེད་གཏོང་བྱེད་མུས་ཡིན་པ་སོགས་བཤད་པ་མ་ཚད་པར་སྔོན་འགོག་གི་གྱོན་ཆད་སྤྲས་པའི་ལས་བྱེད་པ་རྣམས་རྒྱ་ནག་དམར་ཤོག་ཚོགས་པའི་འཕྲེད་དར་འཁྱེར་ནས་རྟ་གཞོན་ཏེ་ལུང་ཁུག་ཁག་ཏུ་སྐྱོད་བཞིན་པ། དེ་བཞིན་གསར་འགོད་ལྷན་ཚོགས་ཐོག་མང་ཚོགས་ལ་མཐུན་རྐྱེན་སོགས་གང་ལེགས་སྤྲད་རྒྱུ་ཡིན་སྐོར་བཤད་ནས་འཁྲབ་སྟོན་ལྟ་བུའི་བྱ་སྤྱོད་སྤེལ་བཞིན་པ་དེ་ལྟར་ནའང་། དོན་དངོས་ཐོག་ཁ་བཤད་ལག་སྒྲུབ་མེད་པའི་གནས་སྟངས་དངོས་ར་འཕྲོད་ཡོད་པར་མངོན་གསལ་གནང་འདུགདེའི་ཁྲོད་ཉེ་ཆར་རྒྱ་གཞུང་གིས་གཉན་རིམས་འགོག་ཐབས་ཀྱི་ལས་གཞི་འཐུས་ཚང་སྤེལ་གྱི་ཡོད་ཚུལ་འོག རྒྱ་གཞུང་གི་དབྱེ་བའི་ཀན་སུའུ་ཞིང་ཆེན་ཁུལ་གྱི་རྫོང་ཞིག་ཏུ་ Social Zero ཞེས་ས་ཁུལ་དེར་གཉན་རིམས་ཀྱི་གནད་དོན་གསར་པ་མེད་པའི་གསལ་སྒྲགས་སྤེལ་བ་དང་འབྲེལ་ཏེ། དྲ་རྒྱའི་མི་སྣའི་ཁྲོད་ནས་ས་གནས་སྲིད་གཞུང་གིས་རྫུན་གཏམ་སྤེལ་བར་ཐེར་འདོན་གྱིས་སྐྱོན་བརྗོད་འདྲ་མིན་བྱས་པར་མ་ཟད། སྲིད་གཞུང་གི་མི་སྣ་རྣམས་ལ་ས་གནས་སུ་གནས་སྟངས་དངོས་རྒྱུས་ལོན་ཆེད་ཡོང་དགོས་སྐོར་སོགས་གསུངས་པ་ལས་སྲིད་གཞུང་གིས་དྲིལ་བསྒྲགས་དང་ས་གནས་ས་ཐོག་ཏུ་གནས་པའི་མང་ཚོགས་ཀྱི་བཀའ་མོལ་གཉིས་དབར་འགལ་ཟླ་ཆེན་པོ་ཡོད་པ་མངོན་གསལ་གནང་འདུག རྩ་བའི་ཁ་ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་ བོད་ནང་གཉན་རིམས་ཁྱབ་གདལ་དང་འབྲེལ་བའི་གནས་ཚུལ་སྤེལ་བར་ཟླ་ ༨ ཚེས་ ༢༩ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་གཉན་རིམས་ཕོག་པའི་ནད་པ་གསར་པ་ ༢༧༤ བྱུང་ཡོད་པ་དང་། ནག་ཆུ་ཁུལ་དུ་ ༩༦ ལྷོ་ཁ་ཁུལ་དུ་ ༣༡ གཞིས་ཀ་རྩེ་ཁུལ་དུ་ ༢༡༥ དང་། ཚེས་ ༢༨ ཉིན་མངའ་རིས་ཁུལ་དུ་ནད་པ་གསར་པ་ ༣༧ མང་དུ་ཕྱིན་པ་དང་། དེ་ཉིན་ཆབ་མདོ་རུ་ནད་པ་ ༨ དང་ཉིང་ཁྲིར་ནད་པ་ ༥ མང་དུ་ཕྱིན་ཡོད་པ་བཅས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཉིན་གྲངས་གཅིག་ལ་རིམས་ནད་ཕོག་མཁན་ ༧༢༣ ཙམ་མང་དུ་ཕྱིན་འདུག

Latest news