Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་ལ་གྷཱཾདྷི་མཎ་ཌ་ལ་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་པ།

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

དེ་རིང་ཕྱི་ཟླ་ ༡༡ ཚེས་ ༡༩ ཉིན་གྱི་སྔ་དྲོ་ཚོུད་ ༨་༣༠ ཙམ་ལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་དབུ་གཡབ་ཏུ་དི་ལླཱིར་རྟེན་གཞི་བྱས་པའི་གྷཱཾདྷི་མཎ་ཌ་ལ་ཚོགས་པས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གྷཱཾདྷི་མཎ་ཌ་ལ་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་སོང་།མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ H.E Rajendra Arlekar མཆོག་གིས་གཙོས་པའི་རྒྱ་གར་གྱི་ཁྲིམས་དཔོན་ཟུར་པ་སྐུ་ཞབས་ K.G. Balakrishna མཆོག་དང་། ལྕམ་ Gyan Sudha Misra མཆོག དེ་བཞིན་གྷཱཾདྷི་མཎ་ཌ་ལ་ཚོགས་པའི་ལས་ཀྱི་སྣེ་མོ་བ་རྣམས་དང་མི་མང་བཅས་ལྷན་ཞུགས་གནང་ཡོད།སྐབས་དེར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཟེངས་རྟགས་འབུལ་མཁན་གྷཱཾདྷི་མཎ་ཌ་ལ་ཚོགས་པར་ཐུགས་རྗེ་ཆེ་ཞུ་དང་བསྔགས་བརྗོད་མཛད་པ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་གིས་ང་ཚོ་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་ཐོག་ནས་ཕན་ཚུན་རོགས་རམ་གནང་དགོས་གལ་དང་། སྤྱི་བའི་དོན་ལ་དགོངས་བཞེས་གནང་དགོས་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་སྩལ་བ་དང་ཆབས་ཅིག ཕན་ཚུན་བརྩེ་བ་དང་འཆམ་མཐུན་གྱི་ཐོག་ནས་གནས་དགོས་གལ་ཡིན་པ་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་སོང་།

དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་དེང་གི་དུས་སུ་འཛམ་གླིང་གི་ཚ་དྲོད་འཕེལ་བཞིན་ཡོད་པ་དེར་གདོང་ལེན་ཆེད་ང་ཚོ་འགྲོ་བ་མི་ནང་ཁུལ་ཕན་ཚུན་འཚེ་བ་མེད་པ་དང་སྙིང་རྗེ་གཉིས་ནི་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་པ་བཀའ་སྩལ་དང་འབྲེལ། འཚེ་བ་མེད་པ་དེའི་འབྱུང་གཞི་གཙོ་བོ་ནི་སྙིང་རྗེ་དེ་ཉིད་ཡིན་པ་བཀའ་སྩལ་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བདག་ཉིད་ཆེན་མོ་གྷཱཾདྷས་འཚེ་མེད་ཞི་བའི་ལམ་ལ་ཧ་ཅང་འབད་བརྩོན་གནང་ཡོད་པ་བསྔགས་བརྗོད་མཛད་པ་དང་འབྲེལ། འོན་ཀྱང་ཁོང་གིས་སྙིང་རྗེ་ཐད་འབད་བརྩོན་གནང་ཡོད་མེད་དྲི་བ་ཞིག་འདུག་ཅེས་བཀའ་སྩལ་ཡོད་པ་མ་ཟད། དེང་གི་དུས་སུ་ཆོས་ལུགས་དང་མི་རིགས་ཀྱི་དབྱེ་བ་མེད་པར་རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་བསླབ་བྱ་རྣམས་ཉམས་སུ་བླངས་ནས་འཛམ་གླིང་ཞི་བདེ་དང་ལྷག་པར་དུ་སྙིང་རྗེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་དགོས་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་སྩལ་མཛད་སོང་།སྐུ་མགྲོན་གཙོ་བོ་ཧཱི་མ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ H.E Rajendra Arlekar མཆོག་གིས་དེ་རིང་ང་ཚོ་འདིར་ལྷན་འཛོམས་བྱུང་བ་དེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་ཙམ་མིན་པར་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་མི་རིགས་གཅིག་གི་ཐུན་མིན་རིག་གཞུང་གི་ཁྱད་ཆོས་ལ་བསྔགས་བརྗོད་བྱེད་པའི་དུས་ཚིགས་གཅིག་རེད་ཅེས་གསུངས་ཡོད། དེ་བཞིན་ཁོངས་གིས་གྷཱཾདྷི་མཎ་ཌ་ལ་ཚོགས་པས་ལས་དོན་ལ་བསྔགས་བརྗོད་གནང་ཡོད་པ་དང་འབྲེལ། དེང་གི་དུས་སུ་འཛམས་གླིང་ནང་ཞི་བདེའི་དགོས་མཁོ་ཡོད་པ་རེད་ཅེས་གསུངས་སོང་། ཁོང་དེ་རིང་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁའི་སྐབས་མགོན་པོ་༸གང་ཉིད་མཆོག་ནས་འཚེ་མེད་ཞི་བ་དང་སྙིང་རྗེ་གཉིས་ཀྱི་སྐོར་ལ་ལམ་སྟོན་མཛད་ཡོད་པ་སོགས་གསུངས་སོང་།ཕྱོགས་མཚུངས་རྒྱ་གར་གྱི་ཁྲིམས་དཔོན་ཟུར་པ་སྐུ་ཞབས་ K.G. Balakrishna མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཟེངས་རྟགས་དེ་ལྟར་འབུལ་བའི་མཛད་སྒོའི་ཐོག་བཅར་རྒྱུ་བྱང་བ་དགའ་ཚོར་ཆེན་པོ་བྱུང་བ་མ་ཟད། མགོན་པོ་༸གང་ཉིད་མཆོག་ནི་འཛམ་བུ་གླིང་གི་སྐྱབས་མགོན་ཡིན་ཞེས་གསུངས་པ་དང་འབྲེལ། དེ་འབྲེལ་གཟེངས་རྟགས་ཀྱི་ཚོགས་པ་ནས་ཀྱང་གཟེངས་རྟགས་འདི་ཉིད་༸གོང་ས་མཆོག་ལ་འབུལ་རྒྱུ་ལོ་ཤས་རིང་ངང་སྒུག་གནང་ཡོད་སྐོར་སོགས་གསུངས་སོང་།རྒྱ་གར་གྱི་ཁྲིམས་དཔོན་ཟུར་པ་ལྕམ་ Gyan Sudha Misra མཆོག་གིས་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གྷཱཾདྷི་མཎ་ཌ་ལ་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་དེ་ང་ཚོས་འགྲོ་བ་མིའི་རིགས་དང་། ཞི་བདེ་སོགས་ལ་ཆེ་མཐོང་གནང་གི་ཡོད་སྐོར་གསུངས་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གི་ལམ་སྟོན་མཛད་པ་བཞིན་བོད་ཀྱི་གནད་དོན་དང་འབྲེལ་ནས་འཛམ་གླིང་ནང་དཀའ་ངལ་དེ་དག་གྲོས་མོལ་གྱི་ལམ་ནས་སེལ་དགོས་གལ་སོགས་གསུངས་སོང་། ད་དུང་ཁོང་གིས་གྷཱཾདྷི་མཎ་ཌ་ལའི་ཚོགས་པས་ངོས་ནས་འཛམ་གླིང་ནང་ཞི་བདེ་དང་འཚེ་བ་མེད་པ་ཞེས་པ་དེ་དུས་ཚོད་ཡོལ་མེད་པའི་བརྡ་ལན་སྤྲོད་ཀྱི་ཡོད་པ་གསུངས་ཡོད།གཞི་རྩའི་གཟེངས་རྟགས་དེ་ནི་བདག་ཉིད་ཆེན་མོ་གྷཱཾདྷ་དང་ནེལ་སན་མཎ་ཌ་ལ་རྣམ་གཉིས་ཀྱི་མཛད་རྗེས་མུ་མཐུད་སྐྱོང་མཁན་གྱི་གང་ཟག་ཁྱད་པར་ཅན་རྣམས་ལ་འབུལ་སྲོལ་ཡོད་པ་བཞིན་ཐེངས་འདིའི་གཟེངས་རྟགས་འདི་བཞིན་རྒྱ་གར་དང་། བལ་ཡུལ། བྷང་ལ་དྷེཤ་བཅས་ཁྱོན་རྒྱལ་ཁབ་གསུམ་གྱི་ཁྲིམས་དཔོན་ཟུར་པ་ལྔ་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་རྒྱུའི་ཐག་ཆོད་གནང་བ་ཞིག་ཡིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།