Tibetan Royal Year of 2151 | Year of the Wood Dragon

སིམ་ལ་རྐང་སྤོལ་རུ་ཁག་ལ་ལོ་ལྔའི་བཀག་སྡོམ་གྱི་ཆད་པ་གཅོད་པ་ཕྱིར་འཐེན་གནང་འདུག

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

ཕྱི་ལོ་ ༢༠༢༢ ལོར་ཧི་མཱ་ཅལ་མངའ་སྡེའི་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་ཚོགས་པའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྩེད་འགྲན་མཐའ་མའི་ཁྲོད་རྩེད་དཔང་གིས་ཐག་གཅོད་གནང་བ་དང་འབྲེལ་ཏེ་སིམ་ལ་རྐང་སྤོལ་རུ་ཁག་རྩེད་འགྲན་ནང་མུ་མཐུད་མཉམ་ཞུགས་མ་གནང་སྟབས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་སིམ་ལ་རྐང་སྤོལ་རུ་ཁག་གི་རྩེད་འགྲན་པ་དང་སློབ་སྟོན་པ། དེ་བཞིན་རུ་ཁག་གི་འགན་འཛིན་བཅས་པ་ར་ལོ་ལྔའི་རིང་༸རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ནང་མཉམ་ཞུགས་མི་ཆོག་པའི་ཉེས་ཆད་བཏང་ཡོད།  

ཁ་སང་ཕྱི་ཚེས་ ༩ ཉིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གནད་དོན་དེ་དང་འབྲེལ་བའི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བར། སིམ་ལ་རྐང་སྤོལ་རུ་ཁག་ནས་ཉེ་ཆར་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༥ ཉིན་དགོངས་སེལ་གྱི་ཞུ་སྙན་ཕུལ་འབྱོར་ལྟར། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འཛིན་སྐྱོང་ལྷན་ཚོགས་གནང་སྟེ་གནད་དོན་དེའི་ཐོག་གྲོས་བསྡུར་གནང་མཐར་དེ་སྔ་སིམ་ལ་རྐང་སྤོལ་རུ་ཁག་ལ་ལོ་ལྔའི་བཀག་སྡོམ་གྱི་ཆད་པ་གཅོད་པ་ཕྱིར་འཐེན་གནང་སྟེ་ལོ་རྗེས་མ་ནས་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་ནང་མཉམ་ཞུགས་གནང་འཐུས་གསུངས་པ་དང་སྦྲགས། སླད་མར་གནད་དོན་དེ་དེ་རིགས་མི་ཡོང་བར་ཡིད་གཟབ་གནང་དགོས་པའི་གཞེན་བསྐུལ་གནང་འདུག

རླུང་འཕྲིན་ཁང་གིས་སྐབས་དེའི་སིམ་ལ་རྐང་སྤོལ་རུ་ཁག་གི་རུ་དཔོན་བསྟན་འཛིན་དགའ་བ་ལགས་སུ་བཅར་འདྲི་ཞུས་པར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་ཐག་གཅོད་ཇི་གནང་ལ་དགའ་བསུ་དང་ཕྱི་ལོ་ ༢༠༢༤ ལོར་རྒྱ་གར་ལྷོ་ཕྱོགས་སུ་གོ་སྒྲིག་ཞུ་རྒྱུའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་མཐའ་མའི་རྩེད་འགྲན་སྐབས་མཇལ་ཡོང་ཞེས་གསུངས་ཡོད།

རྩ་བའི་ཕྱི་ལོ་ ༢༠༢༢ ལོའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་མཐའ་མའི་ཁྲོད་བྱུང་བའི་གནད་དོན་དང་འབྲེལ་ཏེ། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་སིམ་ལ་རྐང་སྤོལ་རུ་ཁག་གི་རྩེད་འགྲན་པ་དང་སློབ་སྟོན་པ། དེ་བཞིན་རུ་ཁག་གི་འགན་འཛིན་བཅས་པར་ལོ་ལྔའི་རིང་༸རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ནང་མཉམ་ཞུགས་མི་ཆོག་པའི་ཉེས་ཆད་པ་ཕབ་པ་དེས་སིམ་ལ་རུ་ཁག་འདི་ལོ་བཞུགས་སྒར་དུ་ཚོགས་པའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྩེད་འགྲན་ནང་མཉམ་ཞུགས་གནང་ཐུབ་མེད་པར་མ་ཟད། འདི་ལོ་འདེམས་སྒྲུག་གནང་བའི་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་ནང་ཚུད་རྒྱུའི་གོ་སྐབས་བྱུང་མེད།

འབྲེལ་ཡོད་གསར་གནས།

གསར་གནས།