Tibetan Royal Year of 2151 | Year of the Wood Dragon

དཀོན་མཆོག་གྲགས་པ་ལགས་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་ནས་འཛིན་བཟུང་བྱས་འདུག

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

ཉེ་ལམ་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་ཉིན་བཅུ་ལྷག་སོང་ཡང་ཤེས་རྟོགས་མེད་པར་གྱུར་བའི་བོད་ཐེ་བོ་བཀྲིས་དགོན་པའི་དགེ་འདུན་པ་དཀོན་མཆོག་གྲགས་པ་ལགས་ནི་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཀིརྟིའི་བྱེས་པ་གྲྭ་ཚང་དུ་སློབ་གཉེར་གནང་མྱོང་ཡོད་པ་དང་། རྒྱ་གཞུང་གིས་དེ་སྔ་ནས་ཁོང་ལ་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་ནས་བཀག་ཉར་དང་འདྲི་རྩད་ལན་མང་གནང་བའི་མི་སྣ་ཞིག་ཆགས་ཀྱི་འདུག

ཁ་ཉིན་འདི་ག་རླུང་འཕྲིན་ཁང་གིས་རྒྱ་གཞུང་ཉེན་རྟོག་པས་ཀན་སུའུ་ཞིང་ཆེན་དུ་དབྱེ་བའི་བོད་ཐེ་བོ་རྫོང་གི་གཡིས་པ་ཡུལ་ཚོའི་གཡིས་དགོན་པའམ་ཐེ་བོ་བཀྲ་ཤིས་དགོན་པའི་དགེ་འདུན་པ་དཀོན་མཆོག་གྲགས་པ་ལགས་འཛིན་བཟུང་བཙན་ཁྲིད་བྱས་རྗེས་ཉིན་གྲངས་བཅུ་ལྷག་སོང་ཡང་ཁོང་དང་འབྲེལ་བའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་སྐོར་གནས་ཚུལ་སྤེལ་ཡོད་ཀྱང་། དེ་འབྲེལ་གནས་ཚུལ་གསར་པ་ཤེས་རྟོགས་བྱུང་བར་རྒྱ་གཞུང་ཉེན་རྟོག་པས་དགེ་འདུན་པ་དཀོན་མཆོག་གྲགས་པ་ལགས་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་ནས་འཛིན་བཟུང་བྱས་པ་ཞིག་ཆགས་ཀྱི་འདུག

འབྲེལ་ཡོད་བོད་མི་ཞིག་གིས་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་གསལ་དཀོན་མཆོག་གྲགས་པ་ལགས་ཆུང་དུས་གཡིས་དགོན་པའམ་ཐེ་བོ་བཀྲིས་དགོན་དུ་ཆོས་ཞུགས་གནང་སྟེ་ཕྱི་ལོ་ ༡༩༩༠ གོ་གྲངས་ནང་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཏེ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཀིརྟིའི་བྱེས་པ་གྲྭ་ཚང་དུ་ལོ་མང་རིང་སློབ་གཉེར་གནང་ནས་རིག་གནས་རབ་འབྱམས་པའི་བསླབ་པ་མཐར་སོན་ཡོད་པ་དང་། ཁོང་གིས་རྩོམ་རིག་ཐོག་ལ་ཕྱག་ལས་གནང་བར་མ་ཟད། ཀིརྟིའི་བྱེས་པ་གྲྭ་ཚང་གི་ཡིག་ཚང་དུ་ཕྱག་ལས་ཡུན་རིང་གནང་མྱོང་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོར་ཕྱིར་ཕ་ཡུལ་ལ་ཕེབས་ཏེ་གཞིས་དགོན་དུ་དགེ་རྒན་གྱི་ཕྱག་ལས་སོགས་གནང་བཞིན་ཡོད་པར་གསུངས་སོང་།

དགེ་འདུན་པ་དཀོན་མཆོག་གྲགས་པ་ལགས་བཞུགས་སྒར་དུ་སློབ་གཉེར་གནང་སྐབས་སུ་ཆོས་ཕྱོགས་ཀྱི་ལས་དོན་ཁོ་ན་གཉེར་མཁན་ཞིག་ཡིན་པ་ལས་ཆབ་སྲིད་ཚོགས་པ་འདྲ་མིན་ལ་བཞུགས་ཏེ་ལས་འགུལ་སྤེལ་མཁན་ ཞིག་རྩ་བ་ནས་མིན་པ་དང་། རྒྱ་ནག་གཞུང་གིས་ཁོང་ལ་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་སྐོར་གྱི་ནག་ཉེས་གཏོགས་ཡོད་ཀྱང་དགེ་འདུན་པ་ཁོང་ལ་དེ་འདྲ་བའི་དོགས་པའི་འོག་ནས་འཛིན་བཟུང་བྱེད་དགོས་པའི་གནས་སྟངས་རྩ་བ་ནས་མེད་པ་དང་། ཁོང་ཕྱིར་ཕ་ཡུལ་ལ་ཕེབས་ནས་གཞིས་དགོན་དུ་ཕྱག་ལས་ཧ་ཅང་ཡག་པོ་གནང་བར་བརྟེན་གྲུབ་འབྲས་ལེགས་པོ་པའི་དབང་གིས་མ་བཟོད་ནས་འཛིན་བཟུང་བྱས་པ་ཞིག་ཡིན་སྲིད་སྐོར་གསུངས་པ་དང་ཆབས་ཅིག ཁོང་དེ་སྔ་ཀིརྟིའི་བྱེས་པ་གྲྭ་ཚང་དུ་བཞུགས་སྐབས་སུའང་བཀའ་མོལ་ཧ་ཅང་ཉུང་ཉུང་གནང་མཁན་ཞིག་ཡིན་པར་གསུངས་སོང་།

འབྲེལ་ཡོད་བོད་མི་གཞན་ཞིག་གིས་ཁོང་ནི་རྣམ་ཀུན་ནས་ཆོས་ཕྱོགས་ཀྱི་ལས་དོན་དུ་མ་གཉེར་གནང་མཁན་ཞིག་ཡིན་པ་ལས་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་ལས་འགལ་བའི་ཕྱག་ལས་གནང་མཁན་ཞིག་རྩ་བ་ནས་མིན་པ་དང་འདས་པའི་ལོ་ཤས་སྔོན་བལ་ཡུལ་བརྒྱུད་ནས་ཉེར་མཁོ་ཅན་གྱི་མཆོད་རྫས་དང་དངོས་ཆས་འགའ་བླུ་ཡོན་ཞུས་ཡོད་ཀྱང་། དེ་ནི་ཕལ་ཆེར་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་དང་འགལ་བའི་བྱ་བ་ཞིག་གཏན་ནས་མ་རེད་ཅེས་གསུངས་ཡོད། པར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན།

འབྲེལ་ཡོད་གསར་གནས།

གསར་གནས།