Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

༸སྐུའི་གྱ་སྟོན་སྲུང་བརྩི་བྱས་རྐྱེན་འཛིན་བཟུང་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་གློད་གྲོལ་གྱི་ཞུ་སྐུལ།

ཁ་སང་སྐུའི་འཁྲུངས་སྐར་ཉིན་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་དེ་གའི་ཊྲི་ཊར་དྲ་གནས་སུ་མགོན་པོ་གང་ཉིད་ལ་འཚམས་འདྲི་ཞུས་པ་དང་ལྷན་དུ། འགྲོ་བ་ཐམས་ཅད་མགོན་པོ་གང་གི་བྱམས་སྙིང་རྗེ་དང་འཚེ་མེད་ཞི་བ། དེ་བཞིན་ཁོར་ཡུག་ལ་བདག་གཅེས་སོགས་ཀྱི་དགོངས་གཞིས་སེམས་སྐུལ་ཐེབས་པའི་སྨོན་འདུན་དང་སྦྲགས་ནས། ཨ་རིའི་ངོས་ནས་བོད་མི་རྣམས་ཀྱི་ཞི་བདེ་དང་རང་དབང་འཚོལ་སྙེགས་དེ་ལེགས་འགྲུབ་ཡོང་བར་རོགས་འདེགས་བྱེད་རྒྱུ་ཡིན་པར་བསྒྲགས་འདུག དེ་བཞིན་ཚོགས་ཆུང་ངོས་ནས་སྐུའི་འཁྲུངས་སྐར་ཉིན་མོ་དང་བསྟུན་དེ་སྔ་རྒྱ་ནག་གིས་བོད་ནང་དུ་བོད་མི་རྣམས་ཀྱིས་སྐུའི་གྱ་སྟོན་གྱི་འཁྲུངས་སྐར་སྲུང་བརྩི་བྱས་པར་ཉེས་འདོགས་ཀྱིས་འཛིན་བཟུང་བཙོན་འཇུག་བྱས་པའི་བོད་མི་བོན་ཁོ་སྐྱིད་ལགས་དང་། ཚུལ་ཁྲིམས་ལགས། འབྲུག་སྒྲ་ལགས།  བློ་བཟང་དགེ་འཕེལ་ལགས། དེ་བཞིན་བློ་བཟང་མཁས་གྲུབ་དང་བློ་གྲོས་སོགས་ཀྱི་ཆབ་སྲིད་བཙོན་པ་དྲུག་པོ་གང་མགྱོགས་གློད་གྲོལ་གཏོང་དགོས་བའི་ཞུ་སྐུལ་གནང་འདུག རྩ་བའི་བོད་མི་དྲུག་པོ་དེ་དག་ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གིས་མགོན་པོ་གང་གི་སྐུའི་གྱ་སྟོན་སྲུང་བརྩི་བྱས་པའི་ཉེས་མིང་འོག་འཛིན་བཟུང་གིས་ཝུན་ཁྲེན་བཙོན་ཁང་དུ་བཙོན་འཇུག་བྱས་པ་ཞིག་ཡིན་པ་དང་། འདི་གའི་གསར་ཁང་ལ་༢༠༡༦ ལོར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་གྲྭ་བློ་བཟང་ཡེ་ཤེས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། བཙོན་འཇུག་བྱས་པའི་བོད་མི་དེ་དག་ལས་རང་ལོ་ ༥༠ ཡིན་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་འབྲུག་སྒྲ་ལགས་ལ་ལོ་ ༡༤ ཁྲིམས་ཐག་བཅད་འདུག་པ་དང་། རང་ལོ་ ༤༤ སོན་པའི་གྲྭ་བློ་བཟང་མཁས་གྲུབ་ལགས་ལ་ལོ་ ༡༣ ། རང་ལོ་ ༢༩ ཡིན་པའི་གྲྭ་བློ་བཟང་དགེ་འཕེལ་ལགས་ལ་ལོ་༡༢། རང་ལོ་ ༤༡ སོན་པའི་གྲྭ་བློ་གྲོས་ལགས་ལ་ལོ་ ༩ དང་རང་ལོ་ ༤༨ ཡིན་པའི་རྔ་བ་ཁུལ་གྱི་བེུད་བོན་ཁོ་སྐྱིད་ལགས་ལ་ལོ་ ༧ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་པ་རེད།སྤྱིར་དེ་ལྟ་བུའི་དམ་དྲག་ལ་ལྟོས་མེད་བོད་ནང་གི་བོད་མི་རྣམས་ཀྱིས་༸གོང་ས་མཆོག་ལ་དད་གུས་གཡོལ་བ་མེད་པར་ལོ་ལྟར་སྐུའི་འཁྲུངས་སྐར་སྐབས་མངོན་གསལ་མ་ཡིན་པའི་སྒོ་ནས་རྣམ་པ་འདྲ་མིན་ཐོག་ཉིན་མོ་སྲུང་བརྩི་ཞུ་བཞིན་པ་ལྟར། ཁ་ས་སྤྱི་ཚོགས་དྲ་རྒྱ་ཁག་ཏུ་སྐུའི་འཁྲུངས་སྐར་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་ཐོན་པའི་ཁོངས་སུ་གཞིས་ལུས་བོད་མི་རྣམས་ཀྱིས་རྒྱ་ནག་གི་དམ་དྲག་ལ་ལྟོས་མེད་ཀྱི་ཐོག་ནས་མགོན་པོ་གང་གི་ཞལ་རིས་ཡོངས་སུ་མི་མཐོང་བའི་སྐུ་པར་ཕྱེད་ཀའམ། ཡང་ན་སྐུ་མདུན་གྱི་ཞབས་སོགས་ཀྱི་པར་དང་། དེ་བཞིན་སྤྱར་རས་གཟིགས་སོགས་ཀྱི་སྐུ་པར་སྐད་འཕྲིན་གྱི་འཕྲིན་སྟེགས་སུ་སྤེལ་ཏེ་མགོན་པོ་གང་གིས་འཁྲུངས་སྐར་སྐབས་སུ་བསྩལ་བའི་བཀའ་སློབ་ཀྱི་དུམ་བུ་རེ་བཞག་ནས་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་བ་སོགས་ཀྱི་རྣམ་པ་འདྲ་མིན་གྱི་སྒོ་ནས་སྐུའི་འཁྲུངས་སྐར་སྲུང་བརྩི་གནང་འདུགམ་ཟད་སྤྱི་ཚོགས་དྲ་ལམ་ཏུ་སྐུའི་འཁྲུངས་སྐར་སྲུང་བརྩིའི་རྣམ་པ་གཞན་ཞིག་ཐོན་པའི་བརྙན་པར་ཞིག་གི་ནང་དུ། ལྷ་སའི་སྐོར་ལམ་གྱི་ཁུལ་དུ་སྤོ་བོ་ཞིག་གིས་རང་གི་སྟོད་གོས་ཀྱི་རྒྱབ་ཏུ་ཨང་རྟགས་ ༨༦ འཁོད་དེ། དེའི་ཡང་སྟེང་དུ་བོད་མིའི་རིག་གཞུང་གིས་གཅེས་ནོར་ཏུ་བརྩི་བའི་ནོར་བུའི་མཚོན་རྟགས་ཅན་གྱི་སྟོད་གོས་ཤིག་མནབས་ནས་ཕྱག་གཡས་བར་འཁར་རྒྱུགས་ཐོགས་ཤིང་ཕྱག་གཡོན་པར་མ་ཎ་ནི་ཕྲེང་བ་ཐོགས་ནས་སྐོར་བར་ཕེབས་བཞིན་པའི་བརྙན་པར་ཞིག་ཁྱབ་སྤེལ་ཆེས་ཆེར་འགྲོ་བཞིན་འདུག བོད་བཞུགས་རྩོམ་པ་ཚེ་རིང་འོད་ཟེར་ལགས་ཀྱིས་བརྙན་པར་དེ་ནི་ལྷ་སའི་ཇོ་ཁང་གི་མདུན་དུ་མིན་པར། ར་མོ་ཆེ་གཙུག་ལག་ཁང་གི་མདུན་ཐང་དུ་ཡིན་སྲིད་པ་ལས།  ལྷ་སའི་བར་སྐོར་ནི་ད་ཆ་རྒྱ་ནག་གི་ཡུལ་སྐོར་ལྟེ་གནས་ཤིག་ཏུ་ཆགས་ཡོད་པར་འགྲེལ་བརྗོད་གནང་འདུགའདི་བཞིན་འདི་གའི་གསར་འགོད་པས་བོད་ནང་དུ་འབྲེལ་བ་བྱས་སྐབས་འདི་ལོ་རྒྱ་ནག་དམར་ཤོག་སྲིད་གཞུང་བཙུགས་ནས་ལོ་བརྒྱ་འཁོར་བ་དང་བསྟུན་ནས་བོད་མཚོ་སྔོན་གྱི་ཁུལ་དུ་ཡང་སྔར་ལས་དམ་དྲག་ཇེ་ཆེར་ཕྱིན་ཡོད་པ་དང་འབྲེལ་ནས། བོད་མི་རྣམས་ཀྱིས་དུས་རྒྱུན་ནས་སྐུའི་འཁྲུངས་སྐར་ཉིན་རང་ཁྱིམ་ནས་མར་མེ་སྒྲོན་ཏེ་ཞལ་འདོན་གསོག་སྒྲུབ་སོགས་གནང་གི་ཡོད་པར་འགྲེལ་བརྗོད་གནང་སོང་།གཞི་རྩའི་འདི་ལོར་རྒྱ་ནག་གི་རིམས་ནད་དང་འབྲེལ་ནས་རང་བཞུང་བཀའ་དྲུང་ཡིག་ཚང་གིས་རྒྱ་གར་གྱི་ཡུལ་ཁྲིམས་གཞིར་བཟུང་གིས་བོད་མི་རྣམས་ཀྱིས་སྔར་སྲོལ་བཞིན་མང་ཚོགས་འདུ་འཛོམས་རང་བཞིན་གྱིས་འཁྲུངས་སྐར་སྲུང་བརྩི་མི་གནང་བར་རང་ཁྱིམ་ནས་དགའ་སྐྱིད་ལ་རོལ་རྒྱུའི་སྐུལ་མ་གནང་བ་ལྟར། མང་ཚོགས་ཀྱིས་ཀྱང་རང་ཁྱིམ་དང་ཡང་ན་ཤིང་ནགས་ཀྱི་ཁྲོད་དང་མགོན་པོ་གང་གི་སྐུ་པར་སྒྲིག་ཤོམ་གནང་སྟེ་སྐུའི་འཁྲུངས་སྐར་གྱི་སྤྲི་གོར་བགོ་འགྲེམས་བྱེད་པ།  དེ་བཞིན་སྤྱི་ཚོགས་དྲ་ལམ་སོགས་སུ་ཡང་མགོན་པོ་གང་ལ་ཆེད་བསྟོད་ཀྱི་གླུ་གཞས་ཕྱོགས་བསྒྲིགས་སོགས་ཀྱི་ལམ་ནས་སྐུའི་འཁྲུངས་སྐར་སྲུང་བརྩི་གནང་བའི་རྣམ་པ་ཅི་རིགས་མཐོང་རྒྱུ་འདུགཁ་སང་མགོན་པོ་གང་གིས་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་གྱིས་བཀའ་སློབ་སྩལ་བའི་ནང་དུ། མགོན་པོ་གང་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོར་འགྲོ་བ་སྤྱི་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་སླད་ཞབས་ཞུ་མཛད་རྒྱུ་དང་། དེ་བཞིན་རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་ཀྱང་རང་དབང་ལུང་པའི་རང་དབང་རྣམས་སྤྱད་ནས་རྒྱ་གར་གྱི་གནའ་བོའི་རིག་གནས་དང་ཆོས་ལུགས་མཐུན་སྒྲིལ་སོགས་གོང་སྤེལ་མཛད་བཞིན་པ་དེ་ནི་༸སྐུའི་འཁྲུངས་སྐར་གྱི་ཕྱག་རྟགས་ཤིག་ཡིན་ཞེས་བཀའ་སྩལ་བ་དང་ལྷན་དུ་མཛའ་གྲོགས་རྣམ་པ་གཙོས་རྗེས་འབྲང་བ་རྣམས་ཀྱིས་ཀྱང་འཚེ་མེད་ཞི་བ་དང་སྙིང་རྗེ་གཉིས་རང་ཉིད་ཀྱི་མི་ཚེའི་མཐའ་མཇུག་གི་བར་དུ་ཕྱག་བསྟར་གནང་རྒྱུའི་ཐུགས་རེ་ཡོད་ཅེས་བཀའ་སྩལ་ཡོད་པ་རེད།

དམར་ཤོག་ཚོགས་པར་ཁ་གཏད་གཅོག་མཁན་ཚོར་ནམ་ཡང་གུ་ཡངས་མི་གཏོང་ཟེར།

དེ་ཡང་ཁ་སང་ཟླ་བ་བདུན་པའི་ཚེས་གཅིག་གི་ཉིན། རྒྱ་ནག་གི་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་རབས་གཅིག་གི་དུས་སྟོན་མཛད་སྒོ་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིན་ཏུ་བསྡུས་ཏེ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་དབུ་ཁྲིད་པའི་ཆེས་མཐོ་དཔོན་རིགས་རྣམས་ཀྱི་གཙོ་བྱས་པའི་རྒྱ་རིགས་མི་མང་ཁྲི་བདུན་ལྷག་གིས་མཛད་སྒོར་ཉམས་ཞུགས་བྱས་པ་བརྒྱུད་ནས། སྲིད་འཛིན་ཞི་ཅིན་ཕིང་གིས་ལོ་རྒྱུས་ཁྲོད་མི་རིགས་གཞན་གྱི་འོག་གཉའ་གནོན་བཤུ་གཞོག་མྱངས་ཟིན་པའི་རྒྱ་ནག་རྒྱལ་ཁབ་དེ། ད་ཆ་དམར་ཤོག་སྲིད་གཞུང་གི་ལམ་ལུགས་ཀྱི་ཁྲོད་ནས་འཛམ་གླིང་ནང་གི་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་པ་མ་ཟད། མི་མང་གི་འཚོ་བ་དབུལ་ཕོངས་ལས་གྲོལ་ཏེ་འབྱོར་འབྲིང་གི་སྤྱི་ཚོགས་སུ་བསྒྱུར་ཐུབ་ཡོད་པ་སོགས་ཀྱི་གཏམ་བཤད་སྤེལ་ཏེ། རྒྱལ་སྤྱིའི་ཆབ་སྲིད་ཀྱི་ལམ་ལུགས་ཁྲོད་ནས་དམར་ཤོག་ཆབ་སྲིད་ལམ་ལུགས་དེ་ནི་ཆེས་ཡངས་དག་པའི་ལམ་ལུགས་ཤིག་ཡིན་པར་བསྒྲགས་པར་མ་ཟད།  ཕྱིའི་རྒྱལ་ཁབ་སུ་ཞིག་གིས་རྒྱ་ནག་ནང་གི་སྟོབས་ཤུགས་ལ་ཁ་གཏད་བཅག་པ་ཡིན་ན་རྒྱ་ནག་གི་མི་འབོར་དུང་ཕྱུར་བཅུ་བཞིའི་མིག་མདུན་དུ་ཤ་དང་ཁྲག་གིས་གྲུབ་པའི་ལྕགས་རིའི་སྒང་ནས་ཁྲག་མདར་ཙར་རེར་དམར་གསོད་གཏོང་རྒྱུ་ཡིན་པའི་རྫིག་གཏམ་བསྒྲགས་འདུག ཁ་སང་གི་རྒྱ་ནག་དམར་ཤོག་པའི་དུས་སྟོན་དང་འབྲེལ་ནས། འདི་གའི་གསར་འགོད་པའི་ཐེ་ཝན་དོན་གཅོད། སྤྱི་ཟུར་སྐལ་བཟང་རྒྱལ་མཚན་ལགས་སུ་ཞི་ཅིན་ཕིང་གི་གཏམ་བཤད་ཀྱི་ནང་དོན་སྙིང་བསྡུས་དང་འབྲེལ་ནས་ཁ་པར་གྱི་ལམ་ནས་བཀའ་འདྲི་ཞུས་པར་ཁོང་གིས། ཞིན་ཅིན་ཕིང་གི་ཆུ་ཚོད་གཅིག་ལྷག་གི་གཏམ་བཤད་དེའི་ཁྲོད། གཙོ་བོ་རྒྱ་ནག་གི་དམར་ཤོག་སྲིད་གཞུང་གི་རོགས་འདེགས་ཀྱི་ཁྲོད་ཀྱི་རྒྱ་ནག་རྒྱལ་ཁབ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྲོད་དུ་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཆགས་ཡོད་པ་དང་། དེ་བཞིན་དམར་ཤོག་སྲིད་གཞུང་གིས་རྒྱ་ནག་མང་ཚོགས་ཀྱི་འཚོ་བར་ཕུན་སུམ་ཚོགས་པའི་རོགས་འདེགས་རྒྱ་ཆེར་བྱས་ཡོད་ཚུལ། གཞན་ཡང་ཐེ་ཝན་སོགས་རྒྱ་ནག་གིས་བཅིངས་གྲོལ་གཏོང་རྒྱུར་མཇུག་སྐྱོང་བྱེད་རྒྱུ་ཡིན་ལུགས་སོགས་ཀྱི་དོན་ཚན་འགའ་ཡི་སྟེང་ནས་ངོ་སྤྲོད་གནང་སོང་།དེ་བཞིན་ཕྱི་ཕྱོགས་ཀྱི་མང་གཙོའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་དམར་ཤོག་ཚོགས་པའི་མི་ལོ་བརྒྱ་ཡི་དུས་སྟོན་དེར་གཟིགས་ཚུལ་ཅི་ཡོད་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས། ཨ་རི་དང་ཡུ་རོབ་སོགས་ཀྱི་མཚོན་པའི་ནུབ་ཕྱོགས་ཀྱི་མང་གཙོའི་་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་དམར་ཤོག་ཚོགས་པའི་ལོ་བརྒྱ་ཡི་ཆབ་སྲིད་ཀྱི་འཛིན་སྐྱོང་གི་འོག་ཏུ་རྒྱ་ནག་གི་མི་མང་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཁེ་དབང་ཏིལ་འབྲུ་ཙམ་ཡང་རག་མེད་པར་མི་མང་ལ་གཉའ་གནོན་བཤུ་གཞོག་རིམ་པ་བྱས་ཡོད་པ་དང་འབྲེལ་ནས། ཐེངས་འདིར་རྒྱ་ནག་གིས་དུས་སྟོན་དེ་བརྒྱུད་ནས་ཕྱི་ལོགས་སུ་དམར་ཤོག་སྲིད་གཞུང་ལ་རྒྱ་ནག་མང་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་བཞིན་ཡོད་པའི་རྣམ་པ་ཕྱིར་སྟོན་ཐབས་བྱས་པ་དེར་སྐྱོན་བརྗོད་དྲག་པོ་གནང་ཡོད་ལུགས་འགྲེལ་བརྗོད་གནང་སོང་། དེ་བཞིན་ཁོང་གིས་ཁ་སང་གི་རྒྱ་ནག་གི་དུས་སྟོན་དང་འབྲེལ་ནས། བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་ཀྱིས་ཀྱང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གིས་རྣམ་པ་འདྲ་མིན་སྟེང་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་རྒྱལ་ཁབ་ཆེན་མོའི་རང་དབང་ཐོབ་ཐང་དབང་བསྒྱུར་བྱས་ཏེ་བོད་མིའི་ཆོས་དང་རིག་གཞུང་རྩ་གཏོར་ཐེབས་བཞིན་པའི་ཐད་ནས་གཞུང་འབྲེལ་གྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གཙོ་བྱས་པའི་འབྲེལ་ཡོད་ཀྱི་ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་ལོ་རྒྱུས་ཀྱི་བདེན་པ་གཞི་ལ་བཞག་ནས་དྲ་ཐོག་གི་བགྲོ་གླེང་སྣ་མང་གི་ནང་དུ་འཛུལ་ཞུགས་གནང་ཡོད་པ་དང་། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་དབང་སློབ་ཕྲུག་ཚོགས་པ་སོགས་ཀྱིས་ལས་འགུལ་དང་རྔམ་སྟོན་ཁྲོམ་སྐོར་གྱི་ཐོག་ནས་ལས་འགུལ་སྤེལ་ཏེ་རྒྱ་ནག་དམར་གཞུང་གི་དུས་རབས་གཅིག་གི་དུས་སྟོན་དེར་ཕྱོགས་ཡོངས་ནས་སྐྱོན་བརྗོད་ང་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པར་གསུངས་སོང་། གཞི་རྩའི་ཁ་སང་གི་རྒྱ་ནག་གི་དམར་ཤོག་ཤོག་ཚོགས་པ་ཚུགས་ནས་ལོ་བརྒྱ་འཁོར་བའི་དུས་སྟོན་དང་འབྲེལ་ནས། རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་གཙོ་བྱས་པའི་རྒྱ་ནག་གི་ཞིང་ཆེན་ཡོངས་ཀྱི་ནང་དུ་གཞུང་འབྲེལ་གྱི་གོ་སྒྲིག་གི་འོག་ཏུ་དུས་དྲན་སྲུང་བརྩི་བྱས་ཡོད་པ་དང་། རྒྱ་ནག་གཞུང་ནས་འདི་ལོའི་ལོ་འགོ་ནས་བཟུང་སྟེ་རྒྱ་ནག་རྒྱལ་ཡོངས་ཙམ་དུ་མ་ཟད་བོད་ཁུལ་གྱི་འདུས་སྡོད་ཀྱི་སྤྱི་ཚོགས་ཏེ། དགོན་པ་གྲྭ་ཚང་དང་སློབ་གྲྭ་སོགས་སུ་ཡང་རྒྱ་ནག་དམར་གཞུང་བཙུགས་ནས་ལོ་བརྒྱ་འཁོར་བ་དང་བོད་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་ནས་ལོ་བདུན་བཅུ་འཁོར་བའི་དྲིལ་བསྒྲགས་རིགས་འདྲ་མིན་སྤེལ་ཏེ། རྩེ་ཕོ་བྲང་པོ་ལ་ཡི་མཚོན་པའི་བོད་ཁུལ་གྱི་ཡུལ་སྐོར་སྤྲོ་འཆམ་གྱི་ས་ཚིགས་ཡོངས་སུ་རྒྱ་ནག་དམར་ཤོག་སྲིད་གཞུང་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་སྟོན་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་ཞེས་པ་དང་། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག་སོགས་ཀྱི་ཆབ་སྲིད་དྲིལ་བསྒྲགས་སྣ་མང་སྤེལ་ཡོད་པ་རེད། ཁ་སང་གི་དུས་སྟོན་དང་འབྲེལ་ནས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསར་འགོད་ལྷན་ཚོགས་ཤིག་བསྡུ་སྐོང་གནང་པའི་ཐོག རྒྱ་ནག་མི་མང་དང་རྒྱ་ནག་གི་དབང་བསྒྱུར་འོག་གི་མི་མང་ཡོངས་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག་སྐྲུན་མ་ཐུབ་ཀྱི་བར་དུ། རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་སྟོན་དེར་དགའ་སྤྲོ་བྱེད་རྒྱུའི་འོས་བབ་གང་ཡང་མེད་པར་ཕྱིར་བསྒྲགས་གནང་ཡོད་པ་རེད།

རྒྱ་མིའི་གཞུང་ཚབ་ཏུ་རྒོལ་མཆོང་བརྒྱུད་དམར་པོའི་སྲིད་གཞུང་ལོ་བརྒྱ་འཁོར་བའི་རྗེས་དྲན་ལ་ངོ་རྒོལ་བྱས་སོང་།

དེ་རིང་སྔ་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག་ལས་འགུལ་བ་མི་གྲངས་ ༡༢ ཀྱིས་རྒོལ་མཆོང་བྱས་ཡོད་པ་དང་།   དེ་ནི་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ཏེ་ལོ་བརྒྱ་འཁོར་བའི་དུས་དྲན་ལ་ངོ་རྒོལ་མཚོན་ཆེད་རེད་འདུག   ལས་འགུལ་བ་དེ་དག་ཁོངས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་ཁང་གི་ཚོགས་གཙོ་མགོན་པོ་དོན་གྲུབ་དང་།   དེ་བཞིན་དབུས་ཀྱི་ཚོགས་གཞོན་དང་དྲུང་ཆེའི་གཙོས་པའི་རྒྱུན་ལས་ཁག་ཅིག་དང་། གཞན་ཡང་བོད་མི་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་བཅས་ནས་མཉམ་ཞུགས་གནང་འདུག ལས་འགུལ་བ་མི་གྲངས་ ༡༢ ཡོད་པ་དེ་དག་གིས་རྒྱ་མིའི་གཞུང་ཚབ་ཏུ་སྐོར་སྲུང་བ་ཕོན་ཆེན་ཞིག་འགྲེམས་འཇོག་བྱས་པར་ལྟོས་མེད།  སྔ་དྲོའི་ཆུ་ཚོད་ ༡༡ ཙམ་ལ་གློ་བུར་དུ་སྣུམ་འཁོར་འགའ་ཤས་ནས་མར་ཐོན་ཏེ་རྒྱ་མིའི་གཞུང་ཚབ་ཕྱོགས་སུ་སྐད་འབོད་བྱེད་བཞིན་རྒོལ་མཆོང་བྱས་སོང་ནའང་།   སྔོན་ཚུད་ནས་གྲ་སྒྲིག་བྱས་ཏེ་བསྡད་ཡོད་པའི་སྐོར་སྲུང་བ་དེ་དག་གིས་ལས་འགུལ་བ་རྣམས་རེ་རེ་བྱས་ཏེ་འཛིན་བཟུང་གིས་སྐོར་སྲུང་སྣུམ་འཁོར་ནང་བཅུག་པ་ལྟར་སྐབས་དེར་གཞོན་ནུའི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་དང་འབྲེལ། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དགོས་པ་དང་། བོད་ཀྱི་གནད་དོན་མ་སེལ་བར་དུ་བོད་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་པའི་འགྲེལ་བརྗོད་གནང་འདུགགང་ལྟར་ལས་འགུལ་དེ་སྐར་མ་ ༡༥ ཙམ་གྱི་རིང་ལ་རྒྱ་མིའི་གཞུང་ཚབ་མདུན་དུ་ངོ་རྒོལ་སྐད་འབོད་དང་རྒྱལ་སྤྱི་དང་རྒྱལ་ནང་གི་གསར་འགོད་པ་ཚོར་སྐད་ཆ་བཤད་རྒྱུའི་གོ་སྐབས་བྱུང་བའི་རྗེས།   ས་གནས་སྐོར་སྲུང་བས་ཁོང་ཚོ་ཚང་མ་ Mandir Marg  སྐོར་སྲུང་ལས་ཁང་ཕྱོགས་སུ་ཁྲིད་ཡོད་པ་རེད།དེ་དང་དུས་མཚུངས་ཆུ་ཚོད་ ༡༢ ཙམ་ལ་ད་དུང་ལྡི་ལི་བོད་སྒར་བསམ་ཡས་གླིང་ནས་ཡིན་པའི་རང་བཙན་རྡོ་རྗེ་དང་།  རྒན་ལེགས་ལྡན་གཉིས་ཀྱིས་ལྡི་ལི་ཇན་ཏར་མན་ཏར་ཁུལ་དུ་རྒྱ་ནག་དམར་ཤོག་སྲིད་གཞུང་བཙུགས་ཏེ་ལོ་བརྒྱ་འཁོར་བའི་དུས་དྲན་དེར་ངོ་རྒོལ་བྱས་སོང་བ་དང་།   ཁོང་གཉིས་ནས་སྐབས་དེར་རྒྱ་མིའི་རྒྱལ་དར་ཞིག་མེར་སྲེག་གཏོང་ཐབས་བྱས་སོང་ཡང་།  གློ་བུར་དུ་ས་གནས་སྐོར་སྲུང་བ་སླེབས་ཏེ་ཁོང་གཉིས་དོ་དམ་བྱས་པ་མ་ཟད།  གནས་ཚུལ་ཤེས་རྟོགས་བྱས་ན་ཁོང་གཉིས་ལ་སྐོར་སྲུང་བས་ཉེས་རྡུང་ཕྲན་བུ་བཏང་པའི་གནས་ཚུལ་བྱུང་འདུག

དམར་ཤོག་སྲིད་གཞུང་བཙུགས་ནས་ལོ་བརྒྱ་འཁོར་བའི་ཉིན་མོ་ནི་ལོ་རྒྱུས་རང་བཞིན་གྱི་ཉིན་ནག་ཅིག་ཡིན།

དེ་རིང་རྒྱ་ནག་དམར་ཤོག་སྲིད་གཞུང་བཙུགས་ནས་ལོ་བརྒྱ་འཁོར་བའི་ཉིན་མོ་དང་བསྟུན།  རྒྱ་གར་དུ་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་དེ་རིང་གི་ཉིན་མོ་དེ་ནི་ལོ་རྒྱུས་རང་བཞིན་གྱི་ཉིན་མོ་ནག་པོ་ཞིག་ཡིན་པར་ངོས་འཛིན་གྱིས་རྡ་ས་མེག་གྷན་དུ་ཡོད་པའི་དེ་གའི་ལས་ཁུངས་ཀྱི་མདུན་དུ་པར་རིས་འགྲེམས་སྟོན་བརྒྱུད་ངོ་རྒོལ་གྱི་ལས་འགུལ་སྤེལ་སོང་། དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༡༡ ཐོག་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཨོ་རྩེད་ཀྱི་མཚོན་རྟགས་སྟེང་དུ་མི་རོའི་འདྲ་གཟུགས་ཐོག་བོད་དང་ཤར་ཏུར་ཀི་སི་ཐན།  ལྷོ་སོག  ཧོང་ཀོང་དེ་བཞིན་ཐེ་ཝན་སོགས་བཀལ་ནས།  རྒྱ་གཞུང་གིས་དེ་གའི་དབང་བསྒྱུར་འོག་ཡོད་པའི་མང་ཚོགས་ཐོག་མི་གསོད་ཁྲག་སྦྱོར་གྱི་བྱ་སྤྱོད་སྤེལ་བ་སོགས་ཀྱི་མཚོན་ཁྲག་གིས་ཁེངས་པའི་ཁྲུས་གཤོང་ནང་ཞི་ཅིན་ཕིང་བཞག་ཏེ་པར་རིས་འགྲེམས་སྟོན་དང་འབྲེལ་འཁྲབ་སྟོན་གྱི་ལས་འགུལ་སྤེལ་སོང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་གསར་འགོད་པར།  ད་རེས་ཀྱི་ལས་འགུལ་སྤེལ་དགོས་པའི་དམིགས་ཡུལ་ངོ་སྤྲོད་དང་སྦྲགས།  རྒྱ་ནག་གཞུང་གི་ལོ་ངོ་ ༡༠༠ ནང་བོད་ཙམ་མ་ཟད།  རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་རང་དབང་ལ་དོ་ཕོག་ཚབས་ཆེར་བཏང་ཡོད་པས།  རྒྱ་ནག་དམར་ཤོག་གཞུང་གི་བྱུས་ངན་གྱི་བྱེད་ཕྱོགས་དེ་ང་ཚོས་ནམ་ཡང་བརྗེད་མི་སྲིད་ལ།   བོད་ཀྱི་བདེན་མཐའ་མ་སེལ་བར་དུ་ལས་འགུལ་མུ་མཐུད་སྤེལ་གྱི་ཡིན་ཞེས་རྒྱ་གཞུང་ལ་བརྡ་ལན་སྤྲད་སོང་།ད་དུང་ཕྱི་ལོ་ ༢༠༢༢ ལོར་པེ་ཅིན་ནང་དུ་དགུན་དུས་ཨོ་ལིམ་པིཀ་རྩེད་འགྲན་ཚོགས་འཆར་ཡོད་སྟབས།   ཁོང་གིས་ Twitter དྲ་གནས་ཐོག་ #Nothingtocelebrate  #CPC100 ཞེས་ལས་འགུལ་གཞན་ཞིག་གནང་གི་ཡོད་པ་དང་འབྲེལ་ལས་འགུལ་དེའི་སྐོར་འགྲེལ་བརྗོད་གནང་སོང་། གཞི་རྩའི་རྒྱ་ནག་དམར་ཤོག་སྲིད་གཞུང་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་དང་སྦྲགས།  ཉེ་ལམ་རྒྱ་གཞུང་གིས་ཕོ་བྲང་པོ་ཏ་ལའི་གྱང་ངོས་སུ་དམར་ཤོག་གི་དགའ་སྟོན་གྱི་བརྗོད་ཚིག་བཀོད་པའི་བརྙན་པར་ཆེན་པོ་ཞིག་བཀལ་ཡོད་པས།  བོད་པའི་བུད་མེད་ཅིག་གིས་ཚོར་ཤུགས་དྲག་པོའི་ཐོག་ནས་ངུ་འབོད་བྱས་པའི་བརྙན་ཐུང་ཞིག་སྤྱི་ཚོགས་དྲ་ལམ་ཐོག་ཁྱབ་སྤེལ་ཕྱིན་ཡོད་པ་དང་།  འདི་གས་གསར་འགོད་པས་རིག་འཛིན་ཆོས་སྒྲོན་ལགས་སུ་བོད་ནང་གི་གནས་སྟངས་དེའི་ཁྲོད་གཞིས་བཞུགས་བོད་མི་ཚོར་བརྡ་ལན་ཇི་ཡོད་བཅར་འདྲི་ཞུས་སྐབས།  ཁོང་གིས་ཉེ་ལམ་གནས་ཚུལ་དེ་གཟིགས་མ་ཐག་སེམས་ནང་དངངས་སྐྲག་སྐྱེས་བྱུང་བ་དང་།  ལྷག་པར་བརྙན་ཐུང་དེ་བརྒྱུད་ད་ལྟ་བོད་ནང་གི་གནས་སྟངས་དངོས་དེ་ཕྱིར་མངོན་བྱུང་ཡོད་པ་དང་།  རང་ངོས་ནས་བརྙན་པར་སྐྱོན་མཁན་གྱི་བོད་མི་དེའི་བདེ་འཇགས་ལ་སེམས་འཚབ་བྱུང་སོང་བ་དང་ཆབས་ཅིག  ང་ཚོས་ངོས་ནས་མུ་མཐུད་བོད་ཀྱི་བདེན་མཐའ་མ་སེལ་བར་དུ་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་གསུངས་སོང་། གཞི་རྩའི་དེ་རིང་རྒྱ་ནག་དམར་ཤོག་སྲིད་གཞུང་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་ཚིགས་དང་སྦྲགས།  དེ་རིང་ཕྱི་དྲོ་བོད་ཀྱི་བུད་མེད་ལྷན་ཚོགས་ནས་རྒྱ་གཞུང་གི་བཙན་འོག་ཏུ་སྐུ་འདས་གྲོངས་སུ་གྱུར་པ་རྣམས་ཀྱི་ཆེད་མར་མེ་ཁྲོམ་སྐོར་དང་།  དེ་བཞིན་རྡ་རམ་ས་ལ་ས་གནས་གཞོན་ནུའི་གོ་སྒྲིག་འོག་དེ་རིང་དགོང་མོའི་ཕྱག་ཚོད་ ༧ པའི་ཐོག་ངོ་དེབ་ཐད་གཏོང་བརྒྱུད་ཁྲག་དྲི་བྲོ་བའི་གུང་ཁྲན་ཏང་ལོ་ངོ་ ༡༠༠ འཁོར་བ་དང་བོད་ནང་གི་མིག་ཆུའི་གཏམ་བརྒྱུད་ལ་དཔྱད་གླེང་ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་གནང་རྒྱུ།  དེ་བཞིན་ས་གནས་ཁག་ཅིག་ནང་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་སོགས་གང་ལྟར་དེ་རིང་གི་དུས་ཚིགས་དེ་དང་བསྟུན་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཡོད་པའི་བོད་མི་རྣམས་ནས་ལས་འགུལ་སྣ་མང་སྤེལ་གྱི་ཡོད་པ་རེད།

རྒྱ་ནག་གི་དགའ་སྟོན་ཁྲོད་བོད་མིའི་སེམས་ནང་གི་ན་ཟུག་ཕྱིར་མངོན་པ།

འདི་ལོ་རྒྱ་ནག་དམར་ཤོག་སྲིད་གཞུང་བཙུགས་ནས་མི་ལོ་བརྒྱ་འཁོར་བའི་དུས་དྲན་དང་། དེ་བཞིན་རྒྱ་ནག་གིས་བོད་ས་དབང་བསྒྱུར་བྱས་ནས་མི་ལོ་བདུན་ཅུ་འཁོར་བའི་དུས་ཚིགས་གཉིས་དང་འབྲེལ། རྒྱ་ནག་གིས་བོད་དབུས་ཁུལ་གྱི་གཙོ་བྱས་པའི་བོད་ས་སྤྱི་ཡོངས་ལ་དམ་དྲག་སྔར་ལྷག་བྱེད་མུས་ཁྲོད། ཁ་སང་རྒྱ་ནག་གིས་ཕོ་བྲང་པོ་ཏ་ལའི་མདུན་དུ་རྒྱ་ནག་དམར་ཤོག་གཞུང་ཚུགས་ནས་མི་ལོ་བརྒྱ་འཁོར་བར་སྤྲོ་སེམས་ཁོལ་བའི་ངང་ནས་རྟེན་འབྲེལ་ཞུ་ཞེས་འཕྲེད་དར་ཆེན་པོ་ཞིག་སྦྱར་བ་མ་ཟད། བོད་མི་རྣམས་མཆོད་མཇལ་དུ་བསྐྱོད་རྒྱུར་ཡང་དམ་དྲག་ཤུགས་ཆེར་བྱེད་བཞིན་འདུག དེའང་མདང་དགོང་སྤྱི་ཚོགས་དྲ་ལམ་དུ་པོ་ཏ་ལའི་མདུན་ཐང་ནས་སྐྱོན་པའི་བརྙན་ཞིག་ཁྱབ་སྤེལ་ཆེས་ཆེར་འགྲོ་བཞིན་པའི་ནང་དུ། མཆོད་མཇལ་ལ་ཕེབས་བཞིན་པའི་བོད་པའི་བུད་མེད་ཅིག་གིས་ཚོར་ཤུགས་དྲག་པོའི་ཐོག་ནས་ངུ་འབོད་དང་བཅས། པོ་ཏ་ལའི་གཡས་གཡོན་ཡོངས་རྫོགས་རྒྱ་མིས་ཁེངས་པ་དང་། བོད་མི་རྣམས་ཕྱག་སྐོར་ལ་འགྲོ་རྒྱུར་ཡང་དམ་དྲག་བྱས་པའི་གནས་སྟངས་ཕྱིར་བསྒྲགས་བྱས་པ་མ་ཟད། པོ་ཏ་ལའི་གྱང་ངོས་སུ་རྒྱ་ནག་དམར་ཤོག་གཞུང་ཚུགས་ནས་མི་ལོ་བརྒྱ་འཁོར་བར་རྟེན་འབྲེལ་གྱི་སྦྱར་ཡིག་བཤམ་སྟོན་བྱས་པ་ཕྱིར་མངོན་དང་འབྲེལ་ད་ཆ་བོད་ཁུལ་དེ་རྒྱ་ནག་ལྟ་བུར་འགྱུར་བཞིན་པར་འ་ཆད་འུ་ཐུག་ཀྱིས་སེམས་ཀྱི་སྡུག་གསལ་སྟོན་གནང་འདུག རྩ་བའི་རྒྱ་ནག་གིས་ཏོག་དབྱིབས་ནད་དུག་ལ་ཁ་གཡར་ནས་འདི་ལོའི་ས་ག་ཟླ་བའི་སྐབས་བོད་མི་རྣམས་ཕོ་བྲང་པོ་ཏའི་ཁུལ་དུ་མཆོད་མཇལ་དང་ཕྱི་སྐོར་ལ་ཕེབས་རྒྱུར་དམ་དྲག་བྱས་པ་མ་ཟད། མཆོད་མཇལ་གྱི་དུས་ཚོད་སྔ་དྲོ་ཚོུད་ ༩ ནས་ ༢ བར་མ་གཏོགས་མེད་པའི་ཚད་འཛིན་བཟོས་ཀྱང་། ཕྱོགས་གཞན་ནས་ཡུལ་སྐོར་སྤྲོ་འཆམ་པ་རྣམས་པོ་ཏ་ལར་མུ་མཐུད་བསྐྱོད་བཅུག་ཏེ་ད་ཆ་རྒྱ་ནག་གི་དུས་སྟོན་བསླེབ་ལ་ཉེ་བ་དང་བསྟུན་ནས་ཕོ་བྲང་པོ་ཏ་ལའི་ཁུལ་དུ་རྒྱ་ནག་ཧན་མི་རིགས་ཀྱི་ཡུལ་སྐོར་སྤྲོ་འཆམ་པ་སྔར་ལས་ཇེ་མང་དུ་འགྲོ་བཞིན་པ་རེད་འདུག མདང་དགོང་གི་ཕོ་བྲང་པོ་ཏ་ལའི་མདུན་ཐང་གི་ཡུལ་དངོས་ཀྱི་བརྙན་དེ་སྤྱི་ཚོགས་དྲ་ལམ་དུ་ཁྱབ་སྤེལ་བྱུང་བ་དང་བསྟུན། བོད་མི་རྣམས་ཀྱིས་བློ་ཕམ་ཆེན་པོ་དང་བཅས་རྒྱ་ནག་གི་གཞུང་མང་ནས་དམར་ཤོག་ཚོགས་པ་ཚུགས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་ལ་རྟེན་འབྲེལ་ཞུ་བཞིན་ཡོད་ཀྱང་། བོད་ནང་གི་བོད་མི་རྣམས་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བ་མ་ཟད། ལྷ་སའི་ནང་གི་བརྙན་དེ་ལེན་མཁན་བུད་མེད་དེའི་གནས་སྟངས་ཅི་ཆགས་ལ་ཐུགས་འཚབ་ཆེན་པོ་གནང་བཞིན་པ་རེད་འདུག འདི་གའི་གསར་འགོད་པས་བཞུགས་སྒར་དུ་རྟེན་གཞིི་བྱས་པའི་བོད་གནས་ལྟ་ཞིབ་ཁང་གི་འགན་འཛིན་དབང་ལྡན་སྐྱབས་ལགས་སུ་བརྙན་ནང་གསལ་བའི་ལྷ་སའི་གནས་སྟངས་སྐོར་ལ་བཀའ་འདྲི་ཞུ་སྐབས། འདི་ལོ་རྒྱ་ནག་དམར་ཤོག་སྲིད་གཞུང་བཙུགས་ནས་ལོ་བརྒྱ་འཁོར་བ་དང་། རྒྱ་ནག་གིས་བོད་ས་དབང་བསྒྱུར་བྱས་ནས་ལོ་བདུན་ཅུ་འཁོར་བའི་དུས་ཚིགས་དང་འབྲེལ་ནས། རྒྱ་ནག་གིས་སྔར་ལོ་ནས་བོད་ཁུལ་གྱི་དགོན་པ་གྲྭ་ཚང་དང་སློབ་གྲྭ དེ་བཞིན་བོད་མིའི་སྤྱི་ཚོགས་གང་སར་དྲིལ་བསྒྲགས་ཀྱི་ལས་རིགས་སྣ་མང་ཞིག་གཉེར་བཞིན་པ་ལུང་འདྲེན་གནང་བ་དང་སྦྲགས། ད་ཆ་རྒྱ་ནག་གིས་བོད་མི་རྣམས་མཆོད་མཇལ་དང་བསང་གསོལ་སོགས་ཀྱི་མཚོན་པའི་འདུ་འཛོམས་ཀྱི་རིགས་ལ་བཀག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ་དེ་ཡིས། རྒྱ་ནག་གིས་བོད་མི་རྣམས་ཀྱིས་ས་བྱི་ལོའི་ཞི་རྒོལ་ལྟ་བུའི་རྔམ་སྟོན་ཁྲོམ་སྐོར་རིགས་ཡོང་བར་དོགས་ནས་ཕྱོགས་ཡོངས་ནས་སྔ་ས་ནས་དམ་དྲག་བྱེད་བཞིན་པ་ཞིག་ཡིན་སྐོར་ངོ་སྤྲོད་གནང་སོང་། གཞན་ཡང་ཁོང་གིས། རྒྱ་ནག་གིས་འདི་ལོའི་དམར་ཤོག་གཞུང་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་དང་བསྟུན་ནས་བོད་ཁུལ་དུ་དྲིལ་བསྒྲགས་ཀྱི་རིགས་མང་པོ་སྤེལ་བཞིན་ཡོད་པའི་ཁོངས་ནས། ཁ་སང་གི་བརྙན་ལམ་གྱི་ཕོ་བྲང་པོ་ཏ་ལའི་སྟེང་དུ་འཕྲེད་དར་ཆེན་པོ་སྦྱར་ཡོད་པ་དེ་ཙམ་མིན་པར། བོད་ཁུལ་གྱི་དགོན་སྡེ་མང་པོའི་ནང་དུ་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་དང་རྒྱ་ནག་གི་དུས་སྟོན་ལ་དགའ་བསུ་ཡོད་པའི་ཚིག་སྦྱོར་འཁོད་པའི་འཕྲེད་དར་ཆེན་པོ་སྦྱར་བ་དང་། དེ་བཞིན་གྲྭ་མང་གི་ལག་ཏུ་ཡང་རྒྱ་ནག་གི་དྲིལ་བསྒྲགས་ཀྱི་འཕྲེད་དར་དེ་ཚོ་བཞག་ནས་པར་དང་བརྙན་བླངས་ནས་སྤྱི་ཚོགས་དྲ་ལམ་དུ་ཁྱབ་སྤེལ་བྱེད་བཞིན་ཡོད་པ་སོགས་ཀྱང་འགྲེལ་བརྗོད་གནང་ཡོད།  གཞི་རྩའི་རྒྱ་ནག་གིས་བོད་ཁུལ་དུ་འཛུགས་སྐྲུན་གྱི་ལས་གཞི་སྣ་མང་སྤེལ་བ་དང་ལྷན་དུ། རྒྱ་ནག་གི་ཧན་མི་རིགས་ས་ཡ་མང་པོ་བོད་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་ལ་ཡོང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གི་ཡུལ་སྐོར་བ་ས་ཡ་ ༤༠ ལྷག་བོད་ཁུལ་དུ་འབྱོར་ཡོད་པའི་གནས་ཚུལ་གསར་ལམ་ཁག་ཏུ་ཐོན་པ་ལྟར། ད་ཆ་བོད་མི་རྣམས་རང་ས་རང་ཡུལ་དུ་གྲངས་ཉུང་མི་རིགས་ཆགས་བཞིན་པ་མ་ཟད། རྒྱ་ནག་གི་སྲིད་བྱུས་འདྲ་མིན་གྱི་འོག་ཏུ་བོད་མིའི་ཆོས་དང་རིག་གཞུང་ལ་དོ་ཕོག་ཆེན་པོ་ཐེབས་བཞིན་ཡོད་པའི་ཐད་ནས། ཕྱི་ལོག་གི་ཉམས་ཞོབ་པ་རྣམས་ཀྱིས་བོད་ཁུལ་ནི་དུས་རབས་ཉེར་གཅིག་ནང་གི་མི་སེར་སྤེལ་ཡུལ་གྱི་ས་ཁུལ་ཞིག་ཆགས་ཡོད་པར་མངོན་གསལ་གནང་ཡོད་པ་རེད།

བོད་རིགས་དམར་ཤོག་ཚོགས་མིར་ཆོས་ལ་དད་པ་མི་བྱེད་པའི་བྱ་སྤྱོད་ཚད་གཞི་གསར་བསྒྲགས།

སྤྱི་ཚོགས་དྲ་ལམ་བརྒྱུད་འདི་གར་གནས་ཚུལ་བཏང་འབྱོར་བྱུང་བར་གཞིགས་ན། རྒྱ་ནག་དམར་ཤོག་གཞུང་གིས་འདི་ལོའི་ཟླ་བ་བཞི་བའི་ནང་བོད་རང་སྐྱོང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་དམ་དམར་ཤོག་ཚོགས་མི་རྣམས་ལ་ཆོས་ལ་དད་པ་མི་བྱེད་པའི་བྱ་སྤྱོད་ཚད་གཞི་ཞེས་པ་ཞིག་བཀྲམས་པའི་ནང་དུ། སྤྱི་ཡོངས་ཀྱི་ཆོས་ལུགས་ཀྱི་བྱེད་སྒོ་ཡོངས་ལ་འབྲེལ་ཐག་བཅད་ནས་མར་ཁེ་སི་རིང་ལུགས་ཀྱི་དངོས་གཙོ་སྨྲ་བ་དང་ལྷ་མེད་སྨྲ་བ་མཐའ་འཁྱོངས་ལག་བསྟར་བྱེད་དགོས་བར་སྐུལ་མ་བཏང་འདུགརྩ་བའི་ཐེངས་འདིར་རྒྱ་ནག་གིས་སློབ་སྦྱོང་གི་ཡིག་ཆའི་ཆ་ཤས་འོག་བོད་རིགས་དམར་ཤོག་ཚོགས་མི་རྣམས་ལ་བཏང་བའི་ཆོས་ལ་དད་པ་མི་བྱེད་པའི་བྱ་སྤྱོད་ཚད་གཞི་ཞེས་པ་དེ་ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག་དང་།  གནས་བབ་གསར་པའི་འོག་གི་ཏང་ནང་གི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག  དེ་བཞིན་ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་ལ་སློབ་གསོ་དང་དོ་དམ་བྱེད་པའི་ལས་ཀའི་སྲོལ་ཡིག་གི་ཁྲིམས་སྲོལ་གཞིར་བཟུང་། བོད་རང་སྐྱོང་ལྗོངས་ཟེར་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཚོད་ལྟའི་ཚུལ་དུ་བཟོས་པ་ཞིག་ཡིན་ཚུལ་བསྒྲགས་འདུག ཆོས་ལ་དད་པ་མི་བྱེད་པའི་བྱ་སྤྱོད་ཚད་གཞི་དེ་དག་གི་ནང་དུ། བོད་རིགས་དམར་ཤོག་ཚོགས་མི་རྣམས་ཀྱིས། ཏཱ་ལ་སྐུ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཟེར་བ་དང་དབྱེ་མཚམས་གསལ་པོ་མཐའ་གཅིག་ཏུ་ཕྱེ་ནས་དར་ཆ་གསལ་སྟོན་གྱིས་ཏཱ་ལའི་རུ་ཚོགས་ཀྱིས་ཆོས་ལུགས་ལ་བརྟེན་ནས་བཟོས་པའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ངན་པ་མེད་པ་བཟོ་དགོས་པ་མ་ཟད། ཕྱི་རྒྱལ་དུ་བསྐྱོད་དེ་ཏཱ་ལ་སྐུ་ཕྲེང་བཅུ་བཞི་པར་མཇལ་བའམ་ཡང་ན་ཏཱ་ལ་སྐུ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱིས་གཉེར་བའི་ཆོས་ཚོགས་དང་། ཆོས་ལུགས་བྱེད་སྒོ་སྤེལ་རིགས་ནང་ཞུགས་པར་དུས་ཐོག་ཏུ་བཀག་འགོག་བྱ་དགོས་པ། དེ་བཞིན་ཁྱིམ་ཚང་དུ་མཆོད་གཤོམ་མི་འཛུགས་པ་དང་། བག་སྟོན་དང་གཤིན་པོ་དུར་སྐྱེལ་གྱི་མཛད་སྒོ་སོགས་དམངས་སྲོལ་བྱེད་སྒོའི་སྐབས་ཆོས་ལུགས་མི་སྣ་གདན་དྲངས་ནས། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བར་ངེས་པར་དུ་སྔོན་ནས་གོང་རིམ་ལ་སྙན་སེང་ཞུ་དགོས་པ། ལུས་ཐོག་ཏུ་ཆོས་ལུགས་ཀྱི་མཚོན་རྟགས་མི་བརྐོ་བ་སོགས་ཆོས་ལུགས་དང་ཡོངས་སུ་འབྲེལ་ཐག་གཅོད་དགོས་པའི་བཀའ་རྒྱ་བཏང་བ་མ་ཟད། ཕྱི་རུ་ཡོད་དུས་ཡིད་མི་ཆེས་ཀྱང་ནང་དུ་སླེབས་དུས་ཡིད་ཆེས་པ། ལས་གནས་སུ་ཡོད་དུས་ཡིད་མི་ཆེས་ཀྱང་ལས་འཁྱུར་ངལ་གསོ་བཞག་དུས་ཡིད་ཆེས་བ་བཅས་ཀྱི་བྱ་སྤྱོད་ལ་གཏན་འགོག་མཐའ་གཅིག་ཏུ་བྱ་དགོས་པའི་བཀའ་རྒྱ་བཏང་འདུག ད་དུང་བོད་རིགས་དམར་ཤོག་ཚོགས་མི་རྣམས་ཀྱིས་རྣམ་པ་ཅི་རིགས་ཀྱི་སྒོ་ནས་ཆོས་ལུགས་དང་འབྲེལ་ཐག་གཅོད་དགོས་བ་མ་ཟད། རང་འགུལ་ངང་དམར་ཤོག་གི་མཚན་རྟགས་འདོགས་པ་དང་། ཕྲེང་བ་དང་སྐུ་འདྲ་སོགས་ཆོས་ལུགས་ཀྱི་མཚོན་རྟགས་མི་འདོགས་པ། གྲྭ་བཙུན་རྣམས་གདན་དྲངས་ནས་མོ་འདེབས་སུ་འཇུག་རྒྱུ་དང་ཕྲུ་གུར་མིང་འདོགས་པ་བཅས་ལ་མཐའ་གཅིག་ཏུ་དགག་གཞག་ནན་མོ་བྱེད་དགོས་པ་མ་ཟད། ཁྲིམས་ལྟར་ནར་མ་སོན་པའི་བུ་ཕྲུག་རྣམས་དགོན་པ་གྲྭ་ཚང་དུ་ཆོས་སྒོར་ཞུགས་སུ་མི་འཇུག་པའི་ངན་སྐུལ་བྱས་འདུག དེ་བཞིན་བོད་ཁུལ་གྱི་སྲོལ་རྒྱུན་གྱི་ལམ་ལུགས་སྟེ། བག་སྟོན་དང་གཤིན་པོ་དུར་སྐྱེལ་གྱི་མཚོན་པའི་དམངས་སྲོལ་གྱི་ནང་དུ་ཆོས་ལུགས་ཀྱི་མི་སྣ་གདན་འདྲེན་ཞུ་རྒྱུ་མེད་པར། ཆོས་ལུགས་དང་འབྲེལ་བའི་བྱེད་སྒོར་འཛུལ་ཞུགས་བྱེད་དགོས་ན་ངེས་བར་དུ་རྒྱ་ནག་གི་གོང་རིམ་དཔོན་རིགས་ལ་ཡར་ཞུ་བྱེད་དགོས་བའི་བླངས་བྱ་བཏོན་ཏེ། ནང་མི་གཉེན་འབྲེལ་རྣམས་རྒྱ་གར་དུ་སྐྱོད་ནས་༸གོང་ས་མཆོག་ལ་མཇལ་བཅར་ཞུ་རྒྱུའི་བྱ་བ་ལ་དངོས་སུ་དགག་གཞག་གནང་དགོས་བ་དང་། མི་སུ་ཞིག་གིས་རེ་ཞུ་དེར་ངོས་ལེན་མ་བྱས་ཚེ་འཕྲལ་དུ་གོང་རིམ་ལ་གནས་ཚུལ་ཡར་ཞུ་བྱེད་དགོས་བ་སོགས་ཀྱི་རེ་སྐུལ་བྱས་འདུག  མ་ཟད་སྤྱི་ཚོགས་ཀྱི་ལས་དོན། དཔལ་འབྱོར། རིག་གནས། སྤྱི་ཚོགས་ཀྱི་བྱ་གཞག་བཅས་ལ་ཐེ་གཏོགས་མི་བྱེད་པ་དང་གནས་རི་དང་ལྷ་མཚོ་ལ་བརྟེན་ནས། རྒྱལ་ཁབ་ཀྱི་འཛུགས་སྐྲུན་རྣམ་གྲངས་ལ་འགོག་རྐྱེན་མི་བཟོ་བ་བྱེད་དགོས་པར་གསལ་འདུག གཞི་རྩའི་སྔར་ལོར་ལོར་འདི་ག་གསར་ཁང་ལ་བོད་ནས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། བོད་ཁུལ་དུ་རྒྱ་ནག་གིས་ཆེད་དུ་དམར་ཤོག་གི་ཚོགས་མི་རྩ་འཛུགས་བྱེད་བཞིན་པ་དང་འབྲེལ་ནས།  མཚོ་སྔོན་པོའི་གཡས་གཡོན་དང་བྲག་དཀར་རྫོང་ཁོངས་སོགས་ཀྱི་ས་གནས་གང་སར་ཁོར་ཡུག་གཙང་བཟོ་ལ་ཁ་གཡར་ནས། གཞུང་ལམ་དང་ཐག་ཉེ་བའི་ཆོས་ལུགས་ཀྱི་མཚོན་བྱེད་དེ། མ་ཎི་རྡོ་བརྐོས་དང་དར་ལྕོག། དེ་བཞིན་བསང་ཁྲི་སོགས་གཙང་བཟོ་བྱེད་དགོས་བའི་བཀའ་བཏང་བ་ལྟར། བོད་རིགས་དམར་ཤོག་ཚོགས་མི་རྣམས་ཀྱིས་དངོས་སུ་གོང་རིམ་གྱི་བཀའ་རྒྱ་དེ་ལག་བསྟར་བྱས་ཏེ། མ་ཎི་རྡོ་བརྐོས་དང་དར་ལྕོག་སོགས་རྨང་ནས་རྩ་གཏོར་བྱས་ཡོད་པར་འགྲེལ་བརྗོད་བྱས་ཡོད།

རྒྱ་གར་ལ་དམག་སྟོབས་ཀྱི་ཆ་ནས་ཚུར་རྒོལ་བྱེད་མཁན་ཡོངས་ལ་གདོང་ལེན་བྱ་རྒྱུའི་ནུས་པ་ལྡན་ཡོད།

རྒྱ་གར་གྱི་བདེ་སྲུང་བློན་ཆེན་སྐུ་ཞབས་Rajnath Singh མཆོག་གིས་རྒྱ་གར་ངོས་ནས་སྔར་ལོ་ལ་དྭགས་གྷལ་ཝན་ཁུལ་གྱི་ས་མཚམས་ཀྱི་རྩོད་རྙོག་ཁྲོད་ཚེ་སྲོག་ཤོར་བའི་རྒྱ་གར་གྱི་མཐའ་མཚམས་དམག་མི་རྣམ་པའི་བློས་གཏོང་དེ་ནམ་ཡང་བརྗེད་རྒྱུ་མིན་སྐོར་འགྲེལ་བརྗོད་དང་འབྲེལ། རྒྱ་གར་ལ་དམག་སྟོབས་ཆ་ནས་ཡུལ་འདིར་ཚུར་རྒོལ་བྱེད་མཁན་ཡོངས་ལ་གདོང་ལེན་བྱ་རྒྱའི་ནུས་པ་ཡོད་སྐོར་གསུངས་འདུགདེའང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ནང་གསལ་ལྟར་ན། སྐུ་ཞབས་ Rajnath Singh མཆོག་རྒྱ་གར་གྱི་དམག་སྤྱི་ཆེན་མོ་ Gen. Manoj Mukund Naravane ལགས་དང་ལྷན་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དུ་གཞུང་འབྲེལ་གྱིས་ཆེད་ཕེབས་གནང་སྟེ་ཉིན་གསུམ་རིང་ལ་ས་ཁུལ་དེར་ཡོད་པའི་རྒྱ་གར་གྱི་མཐའ་དམག་གི་དཔོན་རིགས་རྣམས་དང་ཐུག་འཕྲད་ཀྱིས་ས་མཚམས་ཁུལ་གྱི་དམག་དོན་ཐད་གཟིགས་ཞིབ་གནང་བཞིན་ཡོད་པ་མ་ཟད། ཁོང་གིས་ཁ་སང་ལ་དྭགས་ཀྱི་དམག་མི་རྣམས་ལ་གཏམ་བཤད་གནང་བའི་སྐབས། གཞི་རྩའི་རྒྱ་གར་ནི་དུས་རྒྱུན་ནས་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ལྷན་དུ་དཀའ་ངལ་ཡོད་ཚད་གྲོས་མོལ་བརྒྱུད་ནས་སེལ་རྒྱུར་ཡིད་ཆེས་བྱེད་མཁན་ཞིག་ཡིན་རུང་། ཚུར་རྒོལ་བྱེད་མཁན་རིགས་ལ་བཟོད་བསྲན་བྱེད་ཐབས་བྲལ་བ་དང་། དམགས་སྟོབས་ཆ་ནས་རྒྱ་གར་ལ་ཚུར་རྒོལ་དེའི་རིགས་ལ་གདོང་ལེན་བྱ་རྒྱུའི་ནུས་པ་ཆ་ཚང་ཡོད་པ་གསུངས་འདུགདེ་བཞིན་ཁོང་གིས། རྒྱ་གར་གྱིས་ད་ལྟའི་བར་དུ་རྒྱལ་ཁབ་གཞན་སུ་ཞིག་ལ་ཡང་དཔུང་འཇུག་བྱེད་མ་མྱོང་ཞིང་གཞན་གྱི་ས་སོར་གང་ཙམ་ཡང་དབང་བསྒྱུར་བྱེད་མྱོང་མེད་པར་མངོན་གསལ་གྱིས། རྒྱ་གར་གྱིས་དུས་རྒྱུན་རྒྱལ་ཁབ་གཞན་ཞིག་ལས་རྣམ་པར་རྒྱལ་འདོད་ཀྱི་དམིགས་འབེན་བཅིངས་མྱོང་མེད་སྐོར་གསུངས་འདུག རྩ་བའི་རྒྱ་གར་གྱི་བདེ་སྲུད་བློན་ཆེན་མཆོག་གིས་ཐེངས་འདིའི་ལ་དྭགས་ཁུལ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་དང་འབྲེལ། ཁ་སང་རེས་གཟའ་ཟླ་བའི་ཉིན་དྲ་ལམ་ནས། མཐའ་མཚམས་ཀྱི་གཞུང་ལམ་འཛུགས་སྐྲུན་དོ་དམ་ལས་ཁུངས་ཀྱིས་གསར་རྒྱག་བྱས་པའི་ཟམ་ཆེན་ཁྱོན་ ༦༣ དབུ་འབྱེད་གནང་ཡོད་པ་དང་། དེའང་ལ་དྭགས་ནང་གི་ཟམ་ཆེན་ ༡༡ དང་། ཨ་རུ་ན་ཅལ་ནང་ ༢༩ ཨུ་ཊ་ར་ཁན་ཁུལ་དུ་ཟམ་ཆེན་ ༦ Jammu Kashmir ནང་ ༤ ཧི་མ་ཅལ་ནང་གསུམ། འབྲས་ལྗོངས་ནང་དྲུག གཞན་ཡང་ Manipur དང་ Nagaland ནང་གཅིག་རེ་བཅས་དབུ་འབྱེད་གནང་འདུག ཟམ་ཆེན་དེ་དག་གི་བཟོ་བསྐྲུན་འཆར་འགོད་པས་གསར་ལམ་ཁག་ལ། ཐེངས་འདིའི་ཟམ་ཆེན་དེ་དག་གིས་མཐའ་དམག་ཙམ་མ་ཡིན་པར་ས་གནས་ཡུལ་མི་དང་ཡུལ་སྐོར་སྤྲོ་འཆམ་པ་བཅས་ལ་ཕན་ནུས་ཆེན་པོ་ལྡན་རྒྱུ་ཡིན་པ་གསུང་ཡོད་པ་རེད་འདུག དེའི་བར་ན་ཟླ་འདིའི་ཚེས་༢༥ཡིན། རྒྱ་ནག་དམར་ཤོག་སྲིད་གཞུང་བཙུགས་ནས་མི་ལོ་ཧྲིལ་བོ་བརྒྱ་འཁོར་གྱི་ཡོད་པའི་རྒྱལ་སྟོན་དུས་ཆེན་དང་བསྟུན་ནས།  རྒྱ་ནག་སྲིད་གཞུང་གིས་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྷ་ཉིང་ལྕགས་ལམ་དངོས་སུ་སྒོ་འབྱེད་ཀྱིས་བོད་ཁུལ་གྱི་ཆེས་ཐོག་མའི་གློག་རླངས་ཅན་གྱི་ཤུགས་འགྲེམས་མེ་འཁོར་ཐོག་མ་དེ་བོད་ཁུལ་དུ་ཆེད་གཏོང་བྱས་ཡོད་པ་རེད།ཐེངས་འདིའི་བོད་ཁུལ་གྱི་ལྷ་ཉིང་གི་མེ་འཁོར་ལྕགས་ལམ་དེར་ཕུག་ལམ་༤༩ དང་ཟམ་ཆེན་ ༡༢༡ ལྷག་གིས་གྲུབ་ཡོད་པ་མ་ཟད། ལྷ་ས་དང་ཉིང་ཁྲི་བར་དུ་སྤྱི་ལེ་ ༡༧༠༠ ལྷག་ཡོད་པའི་འགྲིམ་འགྲུལ་དེ་ཆུ་ཚོད་ ༤༨ ནས་ཆུ་ཚོད་ ༡༣ རིང་གི་འགྲུལ་ལམ་དུ་བཟོ་སྐྲུན་བྱས་ཡོད་པར་བསྒྲགས་འདུག རྒྱ་ནག་གི་གཞུང་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལྷ་ཉིང་ལྕགས་ལམ་འདི་ཉིད་ལྷ་ས་དང་ལྷོ་ཁ། ཉིང་ཁྲི་བཅས་གྲོང་ཁྱེར་གསུམ་དུ་ཁྱབ་ཡོད་ཅིང་། ལམ་རྒྱུད་དུ་བོད་ལྗོངས་ཀྱི་མི་འབོར་སྟུག་པོའི་ས་ཁོངས་བརྒྱུད་དགོས་པ་དང་། ལྕགས་ལམ་ཤར་གཏོང་ཐུབ་པ་དེས་ལྷ་ས་དང་ལྷོ་ཁ། ཉིང་ཁྲི་བཅས་ཀྱི་བར་དུ་འགྲོ་སྐྱོད་བྱེད་པའི་དུས་ཚོད་སྔར་བས་ཇེ་ཐུང་དུ་གཏོང་རྒྱུ་ཡིན་པ་མ་ཟད། དངོས་ཟོག་སྐྱེལ་འདྲེན་སྔར་ལྷག་ཤུགས་ཆེར་གཏོང་རྒྱུ་ཡིན་སྐོར་འཁོད་འདུག ཐེངས་འདིའི་རྒྱ་ནག་གིས་ཤར་གཏོང་བྱས་པའི་ལྷ་ཉིང་གི་མེ་འཁོར་དེ་ནི་ལྷོ་བོད་ཁུལ་གྱི་ས་མཚམས་སུ་ཁེལ་གྱི་ཡོད་སྟབས། རྒྱ་གར་གྱི་བྱང་ཤར་གྱི་མངའ་སྡེ་འབྲས་ལྗོངས་དང་ས་ཐག་ཉེ་བའི་འཕགས་བོད་ཀྱི་མཐའ་མཚམས་ཁུལ་གྱི་གློག་རླངས་ཀྱི་མེ་འཁོར་དང་པོ་དེ་ཆགས་ཀྱི་ཡོད་པ་རེད་འདུགགཞི་རྩའི་སྔར་ལོའི་འཕགས་བོད་ས་མཚམས་ཀྱི་གྷལ་ཝན་ལུང་གཤོངས་སུ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་བྱུང་སྟེ་ཕྱོགས་གཉིས་ཀྱི་མཐའ་དམག་ཤི་རྨས་ཐེབས་པའི་གནད་དོན་དང་འབྲེལ་ནས། ད་བར་ཕྱོགས་གཉིས་ཀྱི་དམག་དོན་སྐུ་ཚབ་བར་ལ་གྲོས་མོལ་ཐེངས་ ༡༡ བྱས་ཟིན་ནའང་ད་དུང་མཐའ་མཚམས་ཁག་གི་དམག་མི་རྣམས་ཡོངས་སུ་ཕྱིར་འཐེན་བྱེད་རྒྱུར་གྲོས་འཆམ་བྱུང་མེད་སྟབས། ད་ལྟའི་ཕྱོགས་གཉིས་ནས་འཕགས་བོད་མཐའ་མཚམས་ཁུལ་དུ་འཛུགས་སྐྲུན་གྱི་ལས་གཞིའི་རྣམ་གྲངས་ཤུགས་ཆེ་རུ་བཏང་སྟེ་ཕྱོགས་སོ་སོའི་མཐའ་དམག་གི་དཔུང་ཁག་ངོམ་བཞིན་པ་རེད་འདུག  

རྒྱ་ནག་གཞུང་གིས་བོད་ཀྱི་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་དགོས་བའི་ཞུ་སྐུལ།

བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་གོ་སྒྲིག་འོག་ཉེ་ལམ་ཚེས་ ༢༥ ནས་ ༢༧ བཅས་ཉིན་གྲངས་གསུམ་རིང་བོད་ཀྱི་ཁོར་ཡུག་གི་ཚོགས་ཆེན་ཐེངས་གསུམ་པ་ཚོགས་འདུག་པ་དང་སྦྲགས།  ཚོགས་ཆེན་དེའི་ཐོག་སྐྱབས་རྗེ་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གི་དབུས་པའི་ཡུ་རོབ་ཁུལ་གྱི་གྲོས་ཚོགས་འཐུས་མི་དང་།   རྒྱལ་ཁབ་འདྲ་མིན་བརྒྱད་ནས་ཕེབས་པའི་ཁོར་ཡུག་ཆེད་མཁས་པ་གྲགས་ཅན་ ༡༥  ནས་ལྷན་ཞུགས་ཀྱིས་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ཐད་རྒྱལ་སྤྱིའི་དྲ་ཐོག་ཚོགས་འདུ་ཚོགས་ཡོད་པ་རེད། ཉིན་གྲངས་གསུམ་རིང་གི་ཚོགས་ཆེན་ཐོག་ཚོགས་ཞུགས་པ་རྣམས་པས་བོད་མཐོ་སྒང་གི་ཁོར་ཡུག་གི་གལ་འགངས་ཤེས་རྟོགས་དང་། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་འབྲེལ་བ།    ས་མཚམས་ལས་བརྒལ་བའི་ཆུ་བོ་དང་། བོད་མཐོ་སྒང་ནས་འབབ་བཞིན་པའི་ཆུ་བོ་ཁག་གི་གནས་བབ།  དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ཁྲོད་འགྲོ་བ་མིའི་ཐོབ་ཐང་གི་འོས་འགན་ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་གནང་འདུག སྐབས་དེར་ཚོགས་ཞུགས་པས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་ཕྱི་ཕྱོགས་ཀྱི་རྒྱལ་ཁབ་དང་ས་གནས་ཡུལ་མི་ནས་ག་རེ་གནང་ཐུབ་མིན་དང་།   བོད་ཀྱི་ཆུ་བོའི་གལ་གནད།  དེ་བཞིན་བོད་ཀྱི་འཁྱགས་རོམས་ཀྱི་ཞུ་ཚད་ཧ་ཅང་མྱུར་པོ་ཆགས་བཞིན་པའི་སྐོར་བཅས་བོད་ཀྱི་ཁོར་ཡུག་གི་ཆེས་ཛ་དྲག་གི་གནས་སྟངས་སྐོར་བགྲོ་གླེང་གནང་འདུག  མ་ཟད།   གནམ་གཤིས་འགྱུར་ལྡོག་ཕྱིན་པ་དེས་བོད་ཀྱི་ས་གནས་མང་ཚོགས་ཀྱི་འཚོ་བ་དང་སྣོད་བཅུད་རྟེན་འབྲེལ་ལ་ཤུགས་རྐྱེན་སྤྲོད་པ་དང་ལྷག་པར་དུ་ཉེ་དུས་ནས་བོད་མཐོ་སྒང་དུ་རང་བྱུང་གོད་ཆགས་ཀྱི་རྐྱེན་ངན་ཇེ་མང་དུ་འགྲོ་བཞིན་པ་སོགས་གླེང་སློང་གནང་འདུག ཚོགས་ཆེན་གྱི་ཉིན་གསུམ་དང་འབྲེལ་འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་སུ་བཀའ་འདྲི་ཞུས་སྐབས།  བོད་མཐོ་སྒང་གི་ཁོར་ཡུག་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་འབྲེལ་བ་དང་།  དེ་བཞིན་ཕན་ཚུན་ཤུགས་རྐྱེན་གང་སྤྲོད་མིན་ལྷག་པར་དེར་གདོང་ལེན་ཇི་ལྟར་་གནང་དགོས་པ་དང་།    རྒྱལ་སྤྱིའི་ཐོག་བོད་མཐོ་སྒང་གི་ཁོར་ཡུག་དེ་གལ་ཆེན་ཡིན་པ་ངོ་སྤྲོད་སོགས་ནི་ཚོགས་ཆེན་གྱི་དམིགས་ཡུལ་ཡིན་པར་གསུངས་སོང་། དེ་བཞིན་ཐེངས་འདིའི་ཚོགས་ཆེན་ཐོག་མཁས་དབང་དང་དཔྱད་ཞིབ་པ་ཚོས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་དགོངས་ཚུལ་ག་རེ་ཕེབས་སོང་ཞེས་བཀའ་འདྲི་ཞུས་སྐབས་ཁོང་གིས། ཚོགས་ཆེན་ཐོག་གསུང་བཤད་པ་ཚོས་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་བོད་ཙམ་མིན་པར་ཨེ་ཤ་ཡའི་རྒྱལ་ཡོངས་དང་ལྷག་པར་འཛམ་གླིང་གོ་ལ་ཧྲིལ་པོར་གལ་ཆེན་ཆགས་ཀྱི་ཡོད་པ་དང་།  དེ་བཞིན་ཚན་རིག་པ་དང་རྒྱལ་ཁབ་ཚང་མ་མཉམ་འབྲེལ་གྱིས་བོད་མཐོ་སྒང་གི་ཁོར་ཡུག་གནས་སྟངས་ཐད་ཞིབ་འཇུག་བྱེད་དགོས་པ།  ལྷག་པར་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སླད་བོད་མིའི་ཡུལ་སྲོལ་གོམས་གཤིས་དང་སྔར་ཡོད་པའི་ཤེས་བྱ་ལ་གུས་རྩི་དགོས་པ་དང་།  རྒྱ་གཞུང་གིས་བོད་ནང་གི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ལ་རྒྱུས་ལོན་གྱིས་དེར་གདོང་ལེན་བྱེད་པར་དེར་འབྲེལ་གྱི་སྲིད་བྱུས་ཁ་ཡོད་ལག་ཡོད་ཀྱིས་ལག་བསྟར་དགོས་པ་དང་།   ས་གནས་བོད་མི་ནས་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་གནང་དགོས་པ་སོགས་ཀྱི་དོན་ཚན་དྲུག་ལ་འགྲེལ་བརྗོད་གནང་སོང་། གཞི་རྩའི་ད་ལན་གྱི་ཚོགས་ཆེན་གྱི་ཉིན་དང་པོར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་དང་། ཅེཀ་གྲོས་ཚོགས་ཀྱི་ཁོར་ཡུག་ཚོགས་ཆུང་གི་ཚོགས་གཙོ་ལྕམ་སྐུ་ Dana Balcarova  ལགས་དང་།  ཉིན་གཉིས་པའི་ཐོག་དབྱིན་ཡུལ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Tim Loughton ལགས་ཆེད་དུ་གསུང་བཤད་གནང་བར་མགྲོན་འབོད་གནང་འདུག་པ་དང་།  ཉིན་མཐའ་མའི་ཚོགས་འདུའི་ཐོག་སྐྱབས་རྗེ་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གིས་བཀའ་སློབ་གནང་འདུག

རྒྱལ་ཚོགས་ནས་རྒྱ་གཞུང་གི་བཀའ་ཁྲོལ་མི་དགོས་པར་ཤིན་ཅང་ལ་རྟོག་ཞིབ་གནང་སྲིད་པ།

རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ལྕམ་ Michelle Bachelet ལགས་ཀྱིས་ཉེ་སྔོན་གསར་ལམ་ཁག་ཏུ་འགྲེལ་བརྗོད་གནང་བའི་ནང་དུ། ཁོང་གིས་ཡུན་རིང་ནས་རེ་བ་ཞུས་ཏེ་རྒྱ་ནག་དུ་ཆེད་ཕེབས་ཀྱིས་རྒྱ་ནག་གིས་ཤིན་ཅང་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གྱིས་མི་མང་བཀག་སྐྱིལ་དང་མནར་གཅོད། དེ་བཞིན་ངལ་རྩོལ་བསྒྱུར་བཀོལ་བྱེད་བཞིན་པར་ཞིབ་འཇུག་བྱེད་རྒྱུར་རེ་སྒུག་བྱས་ཡོད་པར་ལུང་འདྲེན་གྱིས། ཐེངས་འདིར་ཁོང་གིས་ཐབས་གཞན་བརྒྱུད་ནས་རྒྱ་གཞུང་གི་བཀའ་ཁྲོལ་མི་དགོས་པའི་ཐོག་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ལ་ཞིབ་འཇུག་བྱེད་རྒྱུའི་ཉེན་བརྡ་བཏང་འདུག སྤྱིར་རྒྱ་ནག་གཞུང་ངོས་ནས་ཡུ་གུར་མི་མང་གི་མཚོན་པའི་ཁ་ཆེ་མང་ཚོགས་མང་པོ་བཀག་སྐྱིལ་བྱས་ཡོད་པར་ངོས་ལེན་མ་བྱས་པར། བཀག་སྐྱིལ་ཁང་དེ་དག་ནི་ཁ་ཆེ་དྲག་སྤྱོད་འགོག་ཐབས་ཀྱི་ལས་རིགས་སྦྱོང་བརྡར་སྤྲོད་ས་ཡིན་པར་འགྲེལ་བརྗོད་བྱེད་མུས་ཁྲོད། བདུན་ཕྲག་སྔོན་མའི་ནང་དུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་ཁ་ན་ཊ་ཡི་འགོ་ཁྲིད་པའི་རྒྱལ་ཁབ་ ༤༥ ཡིས་རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་ལྕམ་ Michelle Bachelet རྒྱ་ནག་གི་ནང་དུ་རང་དབང་གི་སྒོ་ནས་ཞིབ་འཇུག་བྱེད་རྒྱུར་ལམ་ཁ་སྤྲོད་དགོས་བའི་ཞུ་སྐུལ་གནང་ཡོད་པ་རེད། འོན་ཀྱང་རྒྱ་ནག་གིས་གནད་དོན་དེ་ནི་ཆབ་སྲིད་ཀྱི་དམིགས་འབེན་ལྡན་ཞིང་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་པ་ཞིག་ཡིན་པར་ལན་འདེབས་བྱས་ཏེ། གཞི་རྩའི་རྒྱ་ནག་གིས་ལྕམ Michelle Bachelet ལགས་རྒྱ་ནག་ཏུ་ཕེབས་རྒྱུར་དགའ་བསུ་ཞུ་བཞིན་ཡོད་ནའང་། དེ་ནི་ཕན་ཚུན་བར་དུ་མཉམ་ལས་དང་བརྗེ་ལེན་ལ་དམིགས་པ་ཞིག་ཡིན་དགོས་བ་ལས་རྟོག་ཞིབ་བྱ་བར་དམིགས་པ་ཞིག་ཡིན་མི་ཆོག་པའི་སྐྱོན་བརྗོད་བྱས་ཡོད་པ་རེད། Reuters གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ལྕམ Michelle Bachelet ལགས་ཀྱིས་གཟའ་འཁོར་སྔོན་མའི་ནང་གསར་འགོད་པར་གནད་དོན་དེའི་སྐོར་ལ་ལན་འདེབས་གནང་སྐབས། ཁོང་གིས་ཕྱི་ལོ་ ༢༠༡༨ ནས་བཟུང་རྒྱ་ནག་དང་ལྷན་དུ་གྲོས་བསྡུར་བརྒྱུད་ཡུལ་དེར་རྟོག་ཞིབ་སླད་བསྐྱོད་ཐུབ་པའི་འབད་བརྩོན་རིམ་པ་ཞུས་དང་ཞུ་བཞིན་པ་དང་ཆབས་ཅིག ཁོང་གི་ལས་ཁུངས་ངོས་ནས་རྒྱ་ནག་གིས་ཤིན་ཅང་གི་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པར་མུ་མཐུད་དུ་རྟོག་ཞིབ་ཞིབ་ཚགས་གནང་རྒྱུ་ཡིན་སྐོར་གསུང་སྟེ་ཐབས་ལམ་གཞན་ཞིག་ལ་འབད་རྒྱའི་གོ་བརྡ་སྤྲད་ཡོད་པ་རེད་འདུག གོང་གི་གནད་དོན་དང་འབྲེལ་ནས། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་འགན་འཛིན་ Kenneth Roth ལགས་ཀྱིས་ལྕམ་སྐུ་ Bachelet མཆོག་ལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དང་དེ་བཞིན་རྒྱ་ནག་གཞུང་སོགས་ནས་བཀའ་ཁྲོལ་མི་དགོས་པར། ཐག་རིང་ས་ཁུལ་དུ་གནས་བཞིན་ཤིན་ཅང་ནང་གི་གནས་སྟངས་ལ་ཞིབ་འཇུག་དང་དྲི་རྩད་བྱ་ཆོག་པའི་སྐུ་དབང་ཡོད་པ་དང་། དེ་སྔ་ལྕམ་སྐུ་ཁོང་དང་། ལྷན་ཚོགས་ཀྱི་གཙོ་འཛིན་གོང་མས་ Venezuela ་དང་། ལྷོ་ཤར་Turkey, དེ་བཞིན་Kashmir སོགས་སུའང་དེ་ལྟར་གནང་ཡོད་པ་གསུང་འདུག ཁོང་གིས་ད་དུང་ད་ལྟའི་ཆར་ཤིན་ཅང་ནང་གི་གནས་སྟངས་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་འབྲེལ་ཐོག་ནས་རྟོག་ཞིབ་གང་ཡང་ཐུབ་མེད་པ་དང་། རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་འབོད་སྐུལ་རིམ་པར་ངོས་ལེན་མ་བྱས་པའི་ཁྲོད་འདིར་རྒྱལ་ཚོགས་ངོས་ནས་འདི་ལྟ་བུའི་ཐབས་ལམ་ལ་མ་འབད་ཀ་མེད་ཡིན་སྐོར་གསུངས་བ་མ་ཟད། International Service for Human Rights ཞེས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཞབས་ཞུ་ཁང་གི་ལས་བྱེད་དང་རྒྱ་ནག་དང་འབྲེལ་བའི་ཆེད་མཁས་བ་ལྕམ Sarah Brooks ལགས་ཀྱིས་ཀྱང་ལྕམ Michelle Bachelet ལགས་ནས་གནད་དོན་དེའི་ཐོག་གོམ་གང་མདུན་སྤོས་བྱེད་དགོས་པའི་དུས་ལ་བབ་ཡོད་པར་འགྲེལ་བརྗོད་གནང་བ་དང་འབྲེལ། ཤིན་ཅང་ནང་གི་གནས་སྟངས་ལ་ཞིབ་འཇུག་སླད་རྒྱ་ནག་གི་མཉམ་འབྲེལ་དགོས་པ་དེ་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་པར་འགྲེལ་ལོག་རྒྱག་རྒྱུ་མེད་པར་གསུངས་འདུག དེ་བཞིན་གསར་ཁང་གིས་འདི་ལོར་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་དང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་དང་འབྲེལ་བའི་སྙན་ཐོ་སྤེལ་བའི་ནང་དུ། རྒྱ་ནག་གིས་ཤིན་ཅང་གི་ནང་དུ་ལས་འགུལ་སྤེལ་བ་དེ་ནི་འགྲོ་བ་མིའི་རིགས་ཀྱི་ནག་ཉེས་ཚབས་ཆེན་ཞིག་ཡིན་པར་བསྒྲགས་ཡོད་པ་མངོན་གསལ་གནང་འདུག གཞི་རྩའི་འདི་ལོར་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་མཆོག་གིས་ཤིན་ཅང་ཁུལ་གྱི་དངོས་ཡོད་གནས་ཚུལ་རྟོག་ཞིབ་དཔྱིས་ཕྱིན་པ་ཞིག་གནང་སླད་རྒྱ་ནག་གཞུང་གི་ངོས་ནས་ཁུལ་དེར་དམ་དྲག་གང་ཡང་མེད་པར་རང་དབང་ཐོག་བསྐྱོད་འཇུག་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་བ་ལྟར། ཨ་རི་དང་དབྱིན་ཡུལ་སོགས་ཀྱི་མཚོན་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་གི་གྲོས་ཚོགས་ཀྱི་ནང་དུ་རྒྱ་ནག་གིས་ཤིན་ཅང་གི་ཁུལ་དུ་མི་རིགས་རྩ་གཏོར་གྱི་སྲིད་བྱུས་སྤེལ་བཞིན་ཡོད་པའི་གླེང་སློང་ཤུགས་ཆེན་བྱུང་ཡོད་པ་རེད།

Latest news