Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

བྷལ་ཊིཀ་མང་ཚོགས་ཚོར་དུས་རབས་ཉེར་གཅིག་པ་འདི་གྲོས་མོལ་གྱི་དུས་རབས་ཤིག་ཡོང་བར་འགན་ཡོད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ Lithuania རྒྱལ་ས་ Vilnius གཙུག་ལག་སློབ་གཉེར་ཁང་དུ་སློབ་ཕྲུག་དང་མང་ཚོགས་ལ་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་དགོས་གལ་སྐོར་བཀའ་སློབ་བསྩལ་སྐབས་དུས་རབས་ཉེར་གཅིག་པ་འདི་ཞི་བདེ་དང་གྲོས་མོལ་གྱི་དུས་རབས་ཤིག་ཡོང་བར་ Baltic མང་ཚོགས་ཚོས་འགན་བཞེས་དགོས་པར་བཀའ་བསྩལ་འདུག དེ་ཡང་ Lithuania བོད་ཁང་གིས་གནད་ཞུས་ལྟར་༸གོང་ས་མཆོག་ལི་ཐོ་ནི་ཡར་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་འབྲེལ་མགོན་པོ་༸གང་ཉིད་མཆོག་ཁ་སང་ལི་ཐོ་ནི་ཡའི་རྒྱལ་ས་ Vilnius ནང་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད། དེ་རིང་སྔ་དྲོ་བཞུགས་གནས་གསོལ་མགྲོན་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་དབུ་བཞུགས་མཛད་པ་དང་སྦྲགས་ཡུལ་དེའི་ནང་གི་མཛད་འཆར་ཁག་དབུ་འཛུགས་བསྐྱངས་འདུག དེ་རྗེས་ཉིན་གུང་ཚོུད་  ༡༢༌༣༠ ཐོག་༸གོང་ས་མཆོག་ Vilnius གཙུག་ལག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་གྱིས་སློབ་གཉེར་ཁང་གི་དགེ་ལས་སློབ་མ་དང་མང་ཚོགས་བཅས་ཁྱོན་མི་གྲངས་ ༤༠༠༠ ཙམ་ཞིག་ལ་ Human Values in Education འམ་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་མང་ཚོགས་ཀྱི་དོགས་དྲི་ཁག་ལ་བཀའ་ལན་བསྩལ་གནང་འདུག སྐབས་དེར་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ནས་དུས་རྟག་ཏུ་ལམ་སྟོན་མཛད་བཞིན་པའི་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་སྐོར་བཀའ་ནན་བསྩལ་བ་དང་སྦྲགས། འཛམ་གླིང་ནང་ཞི་བདེ་གོང་འཕེལ་དང་ཆོས་ལུགས་མཐུན་སྒྲིལ། དེ་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་གནང་རྒྱུ་བཅས་ནི་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་ཆེན་པོ་གསུམ་དང་ཐུགས་བསྐྱེད་དམ་བཅའ་བཞི་པ་རྒྱ་གར་གྱི་གནའ་བོའི་རིག་གནས་སླར་གསོ་མཛད་རྒྱུ་སོགས་ཀྱི་སྐོར་བཀའ་བསྩལ་ཞིབ་རྒྱས་མཛད་ཡོད་པ་མ་ཟད་ང་ཚོའི་ངོས་ནས་དུས་རབས་ ༢༡ པ་འདི་ཞི་བདེ་དང་གྲོས་མོལ་གྱི་དུས་རབས་ཤིག་ཏུ་སྐྲུན་དགོས་གལ་ཡིན་པ་དང་། ལྷག་དོན་བྷལ་ཊིཀ་རྒྱལ་ཁབ་ལྟ་བུར་ཆ་མཚོན་ན་དམག་གི་ནུས་པ་ལས་འདས་པའི་ནུས་པ་གཞན་ཤུགས་ཆེ་བ་ཡོད་པ་ཚོར་མྱོང་མཁན་གྱི་རྒྱལ་ཁབ་ཡིན་པ་བཞིན་མང་ཚོགས་ཚོས་ནས་ཀྱང་ཞི་བདེ་དང་གྲོས་མོལ་གྱི་དུས་རབས་ཤིག་ཡོང་བར་འགན་བཞེས་དགོས་གནད་ཡིན་པ་སོགས་ཀྱི་ཐད་ལམ་སྟོན་བཀྲིན་ཆེ་བ་བསྩལ་འདུག ཝིལ་ནཱས་བཙུག་ལག་སློབ་གཉེར་ཁང་དུ་བཀའ་སློབ་ཀྱི་མཛད་རིམ་གྲུབ་རྗེས་མགོན་པོ་མཆོག་ནས་སྔ་ལོ་ Vilnius གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ Remigijus Simasius མཆོག་གིས་དབུ་འབྱེད་གནང་བའི་ Tibet Square ས་ཚིགས་སུ་ཆིབས་བསྒྱུར་གྱིས་ལྗོན་ཤིང་འདེབས་འཛུགས་གནང་བའི་བརྒྱུད་ Lithuania ལ་རང་བཙན་ཐོབ་ནས་ལོ་ངོ་ ༡༠༠ ཧྲིལ་པོ་འཁོར་བའི་དུས་ཚིགས་རྗེས་དྲན་གནང་འདུག རྩ་བའི་༸གོང་ས་མཆོག་ Baltic རྒྱལ་ཁབ་ནང་དེ་སྔ་ཕྱི་ལོ་ ༡༩༩༡ དང་ ༢༠༠༡ དེ་བཞིན་ ༢༠༡༣ བཅས་ལོ་སོ་སོར་ཆིབས་བསྒྱུར་གནང་རྗེས་ཐེངས་འདིའི་ཆིབས་བསྒྱུར་ནི་ཆིབས་བསྒྱུར་ཐེངས་བཞི་པ་དེ་ཡིན་པ་རེད། མཛད་འཆར་ལྟར་ན་སང་ཉིན་༸གོང་ས་མཆོག་ནས་རྒྱལ་ས་ Vilnius གྲོས་ཚོགས་དུ་ཆིབས་བསྒྱུར་མཛད་ནས་ཡུལ་དེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཁག་ཅིག་དང་མཇལ་མོལ་གནང་གི་འདུག་པ་དང་།  Siemens Arena ཚོགས་ཁང་ནང་ The Art of Happiness འམ་བདེ་སྐྱིད་ཀྱི་བསྟན་བཅོས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སོགས་ཀྱི་མཛད་འཕྲིན་ཁག་བསྐྱངས་རྗེས་ཚེས་ ༡༥ ཉིན་ཡོ་རོབ་རྒྱལ་ཁབ་ལ་ཊི་ཝི་ཡ་ནང་ཆིབས་ཞལ་བསྒྱུར་གནང་སྟེ་ཁུལ་དེར་ཆོས་འབྲེལ་གྱི་མཛད་འཆར་བསྐྱང་རྒྱུའི་ཐུགས་གཏན་ཁེལ་ཡོད་པ་རེད།

༸གོང་ས་མཆོག་གི་༸སྐུའི་སྙུང་གཞི་སྐོར་སྤེལ་བའི་གནས་ཚུལ་དེ་ཁུངས་ལུང་མེད་པ་རེད།

༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་འཆི་མེད་རིན་འཛིན་ལགས་ཀྱིས་བརྒྱུད་ལམ་ཁག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཛ་དྲག་ཆེ་བའི་༸སྐུའི་སྙུང་གཞི་ཡོད་པའི་གནས་ཚུལ་སྤེལ་བ་དེ་ཚོ་ཁུངས་ལུང་མེད་པའི་གནས་ཚུལ་ཞིག་ཡིན་པ་དང། དོན་དངོས་ཐོག་ད་ལྟའི་ཆར་མགོན་པོ་༸གང་ཉིད་མཆོག་༸སྐུ་ཁམས་གསལ་ཐང་ཡིན་པས་མང་ཚོགས་ཚོ་བློ་བདེ་པོའི་ངང་ནས་བཞུགས་རོགས་ཞེས་གསུངས་སོང། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་རེས་རྒྱ་གར་ནས་ཡོ་རོབ་རྒྱལ་ཁབ་ལ་ཊི་ཝི་ཡ་དང་ལི་ཐོ་ནི་ཡ་ནང་ཆིབས་བསྒྱུར་མཛད་པ་དང་འབྲེལ། དེ་རིང་རྒྱ་གར་གྱི་ The Quint དང་ National Heralded དེ་བཞིན་ The Tribune བཅས་ཀྱི་གསར་འགྱུར་ནང་༸གོང་ས་མཆོག་ལ་ Prostate Cancer འམ་ལྒང་པའི་འབྲས་ནད་ཡོད་སྐོར་དང། དེ་བཞིན་༸སྐུའི་སྙུང་གཞི་དེའི་ཆེད་མགོན་པོ་༸གང་ཉིད་མཆོག་ལོ་ཤས་ནང་ཨ་རིར་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་བཞིན་ཡོད་སྐོར་གྱི་གནས་ཚུལ་སྤེལ་འདུག འདི་ག་རླུང་འཕྲིན་ཁང་ནས་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་དང་འབྲེལ་དེ་རིང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་འཆི་མེད་རིན་འཛིན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ད་རེས་བརྒྱུད་ལམ་ཁག་ཅིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཛ་དྲག་ཆེ་བའི་༸སྐུའི་སྙུང་གཞི་ཡོད་པའི་གནས་ཚུལ་སྤེལ་བ་དེ་ཚོ་ཁུངས་ལུང་མེད་པའི་གནས་ཚུལ་ཞིག་ཡིན་པ་དང། དོན་དངོས་ཐོག་ད་ལྟའི་ཆར་མགོན་པོ་༸གང་ཉིད་མཆོག་༸སྐུ་ཁམས་གསལ་ཐང་ཡིན་པ་དང་། མགོན་པོ་༸གང་ཉིད་མཆོག་གི་མཛད་འཆར་ཁག་མང་དུ་ཕྱིན་པ་མ་གཏོགས་འགྱུར་བ་གང་ཡང་ཕྱིན་མེད་སྟབས་ མང་ཚོགས་ཚོ་བློ་བདེ་པོའི་ངང་ནས་བཞུགས་རོགས་ཞེས་གསུངས་སོང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཡོ་རོབ་རྒྱལ་ཁབ་ལི་ཐོ་ནི་ཡ་དང་ལ་ཊི་ཝི་ཡ་ནང་ཆིབས་བསྒྱུར་མཛད་ཡོད་པ་དང། ཁུལ་དེའི་ནང་གི་མཛད་འཆར་གཙོ་བོ་ནི་མཐོ་རིམ་སློབ་གྲྭ་དང་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ་དང་། མང་ཚོགས་ལ་ཆོས་འབྲེལ་སོགས་ཀྱི་མཛད་འཆར་ཁག་ཅིག་བསྐྱང་གཏན་ཁེལ་ཡོད་པ་རེད། རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཕྱི་ཟླ་ ༤ པའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་ཕྱིར་ཆིབས་བསྒྱུར་མཛད་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་དང་ལྷན་བཅར་ཞུས་པའི་༸སྐུའི་ཕྱི་ལུགས་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ལེགས་གྲུབ་བྱུང་ཡོད་པས་༸གང་ཉིད་མཆོག་༸སྐུ་ཁམས་གསལ་ཐང་ཡིན་པ་གསུངས་ཡོད།

༸གོང་ས་མཆོག་ཡོ་རོབ་ནང་གི་མཛད་འཆར་སླད་བཞུགས་སྒར་ནས་ཆིབས་བསྒྱུར་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་རྒྱལ་ཁབ་ Lithuania དང་ Latvia ནང་ཉིན་གྲངས་ ༥ ཙམ་གྱི་མཛད་འཆར་བསྐྱང་སླད་ཁ་སང་བཞུགས་སྒར་ནས་ཆིབས་བསྒྱུར་མཛད་སོང་། མཛད་འཆར་ལྟར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཟླ་ ༦ ཚེས་ ༡༣ ཉིན་ཡོ་རོབ་ Lithuania རྒྱལ་ཁབ་ཀྱི་ Vilnius གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ Vilnius གཙུག་ལག་སློབ་གྲྭ་ཆེན་མོར་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་དགོས་གལ་སྐོར་བཀའ་སློབ་དང་ཚེས་ ༡༤ ཉིན་བདེ་སྐྱིད་ཀྱི་བསྟན་བཅོས་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ་མ་ཟད། ལ་ཊི་ཝི་ཡ་བོད་སྐྱོབ་ཚོགས་པ་དང་ཨུ་རུ་སུ་བོད་སྐྱོབ་ཐེབས་རྩ་ཁང་། ཨུ་རུ་སུ་སྐུ་ཚབ་དོན་ཁང་གསུམ་གྱིས་མགོན་པོ་༸གང་ཉིད་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་སྟེ། ཟླ་ ༦ ཚེས་ ༡༦ དང་ ༡༧ ཉིན་གྲངས་གཉིས་རིང་ Latvia རྒྱལ་ས་ Riga ནང་རྟེན་གཞི་བྱས་པའི་ Skonto ཚོགས་ཁང་ཆེན་མོར་༸གོང་ས་མཆོག་གིས་༸རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་དཔལ་བཟང་པོ་མཆོག་གིས་མཛད་པའི་ལམ་རིམ་བསྡུས་དོན་དང་རྟེན་འབྲེལ་བསྟོད་པ། དེ་བཞིན་རྡོ་རྗེ་གཅོད་པ་བཅས་ཀྱི་བཀའ་ཆོས་བསྩལ་རྒྱུ་ཡིན་པ་དང་། དེ་རྗེས་ཕྱི་ཚེས་ ༡༨ ཉིན་༸གོང་ས་མཆོག་གིས་མང་ཚོགས་རྣམས་ལ་འཇམ་དཔལ་དབྱངས་ཀྱི་རྗེས་གནང་བཀྲིན་སྩལ་རྒྱུ་ཡིན་པ་རེད། ༸གོང་ས་༸སྐྱབས་མགོན་པོ་མཆོག་ནས་ Vilnius གྲོང་ཁྱེར་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་ཚེས་ ༡༥ ཉིན་ཡོ་རོབ་རྒྱལ་ཁབ་ལ་ཊི་ཝི་ཡ་ནང་ཆིབས་ཞལ་བསྒྱུར་གནང་སྟེ་ཁུལ་དེར་ཆོས་འབྲེལ་གྱི་མཛད་འཆར་ཐུགས་གཏན་ཁེལ་ཡོད་པ་ལྟར། ད་ཆ་ Riga ནང་གཙོ་བོ་རུ་སུའི་ནང་པའི་ཆོས་ཞུ་བ་ཚོར་དམིགས་ནས་གོ་སྒྲིག་གནང་བའི་ཉིན་གསུམ་གྱི་ཆོས་འབྲེལ་ལས་རིམ་ཡོངས་རྫོགས་གྲ་སྒྲིག་གང་ཙམ་གནང་ཟིན་ཡོད་པ་དང་། ཆོས་འབྲེལ་གྱི་ཕྱག་འཁྱེར་ ༤༠༠༠ ནས་ཁྱོན་ ༣༢༠༠ ཚོང་འགྲེམས་གནང་ཟིན་པའི་ཁྲོད་ཕྱག་འཁྱེར་ ༣༠༠༠ དེ་དག་ཡོངས་རྫོགས་རུ་སུའི་ནང་པའི་ཆོས་ཞུ་བ་ཚོས་བཞེས་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ནང་གི་མཛད་འཆར་སླད་ཁ་སང་སྔ་དྲོ་ཚོུད་ ༡༡ ཡོལ་ཙམ་ལ་བཞུགས་སྒར་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་ཐོན་མཛད་ཡོད་པ་ལྟར། ཁ་སང་དང་དེ་རིང་བཅས་ཉིན་གཉིས་རིང་༸སྐུ་ངལ་གསོ་བཞུགས་གྲུབ་རྗེས་སང་སྔ་དྲོ་༸གང་ཉིད་མཆོག་ཡོ་རོབ་རྒྱལ་ཁབ་ Lithuania གྲོང་ཁྱེར་ Vilnius ནང་ཆིབས་བསྒྱུར་མཛད་ཀྱི་ཡོད་པ་རེད།

ཁོང་ཁྲོའི་བྲན་གཡོག་ཏུ་མ་ཚུད་པ་ཞིག་བྱེད་དགོས་པའི་བཀའ་བསྩལ་བ།

ཁ་སང་ཟླ་ ༦ ཚེས་ ༡༠ ཉིན་༸གོང་ས་མཆོག་ཡུ་རོབ་ཁུལ་དུ་ཕེབས་ཐོན་མ་མཛད་པའི་ཉིན་གཅིག་གི་སྔ་རོལ་ཚེས་ ༩ ཉིན་སྔ་དྲོ་ཚོུད་ ༩ ཡོལ་ཙམ་ལ་མགོན་པོ་༸གང་ཉིད་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རའི་ནང་རྒྱ་གར་གྱི་ས་གནས་འདྲ་མིན་ནས་བཅར་བའི་ཡུལ་མི་དང་། ཨ་རི་དང་ཡུ་རོབ། དེ་བཞིན་ཨོ་གླིང་སོགས་ཕྱིའི་ཡུལ་གྲུ་ཁག་ནས་ཕེབས་པའི་ཡུལ་སྐོར་སྤྲོ་འཆམ་པ་བཅས་ཁྱོན་མང་ཚོགས་ ༣༠༠༠ ཙམ་ལ་བཀའ་སློབ་དང་བཀའ་ལན་མཛད་ཡོད་པ་རེད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་འཛམ་བུ་གླིང་འདིའི་ཐོག་ཡོད་པའི་འགྲོ་བ་མིའི་ཁྲོད་དུ་ཆོས་ལ་ཡིད་ཆེས་ཡོད་མེད་དང་། འཇིག་རྟེན་བཀོད་པ་པོ་ཡོད་མེད་སོགས་འདོད་ཚུལ་མི་འདྲ་བ་མང་དག་ཡོད་ཀྱང་འགྲོ་བ་ཀུན་བདེ་སྐྱིད་འདོད་མཁན་གཅིག་མཚུངས་ཡིན་སྟབས་རྣམ་ཀུན་ནས་སེམས་པ་བཟང་པོ་དང་གཞན་ཕན་གྱི་ལས་དོན་བསྒྲུབ་གལ་ཡིན་པ་དང་། དེ་ལྟར་བྱུང་ཚེ་རང་ཉིད་ཀྱི་མི་ཚེ་དེ་ཡང་དོན་ཕན་ལྡན་པ་ཞིག་ཡོང་ངེས་རེད་ཅེས་ལམ་སྟོན་གནང་བ་དང་ཆབས་ཅིག བྱམས་བརྩེ་ནི་འགྲོ་བ་མིའི་ལྷན་སྐྱེས་སུ་ཡོད་པ་ཞིག་ཡིན་སྟབས་དུས་རྒྱུན་དུ་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློ་གོང་འཕེལ་གཏོང་ཐབས་གནང་དགོས་གནད་ཡིན་པ་བཀའ་བསྩལ་འདུག ལྷག་པར་དུ་༸གང་ཉིད་མཆོག་ནས་འགྲོ་བ་མིའི་སེམས་ཀྱི་ཞི་བདེ་འཁྲུག་བཅུག་མཁན་གཙོ་བོ་དེ་ཁོང་ཁྲོ་ཡིན་སྟབས། རྣམ་ཀུན་སྨོན་ལམ་རྒྱབ་པ་དང་ཁ་འདོན་བྱས་པ་ཙམ་མིན་པར་འགྲོ་བ་མིའི་རྣམ་དཔྱོད་བེད་སྤྱོད་བྱས་ནས་ཁོང་ཁྲོའི་ཆ་དེ་དག་ལ་གདོང་ལེན་གྱིས་དེའི་བྲན་གཡོག་ཏུ་མ་ཚུད་པ་ཞིག་བྱེད་དགོས་ཞེས་བཀའ་ནན་བསྩལ་འདུག སྐབས་དེར་མཇལ་བཅར་བ་ཁག་ཅིག་ནས་མགོན་པོ་༸གང་ཉིད་མཆོག་ལ་སེམས་ཁམས་རིག་པ་དང་ནང་ཆོས་ཟུང་འབྲེལ་ཡོངས་ཐུབ་མིན་དང་སྤྱི་ཚོགས་ཁྲོད་དབྱེ་འབྱེད་མེད་པར་འདྲ་མཉམ་ཡོང་ཐབས་གནང་ཕྱོགས་སོགས་ཀྱི་ཐད་བཀའ་འདྲི་ཁག་ཅིག་ཞུས་པར་༸གོང་ས་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གནས་ནང་ཡོད་པའི་སེམས་ཁམས་རིག་པའི་རྣམ་གཞག་གི་འགྲོ་སྟངས་དེ་དག་ཧ་ཅང་ཕྱུག་པོ་ཡོད་ཀྱང་། བར་སྐབས་ཤིག་ནས་ལེགས་བཤད་དེ་དག་ཉམས་ཆག་འགྲོ་བཞིན་ཡོད་སྟབས། ༸གང་ཉིད་མཆོག་ནས་རྒྱ་གར་གྱི་གནའ་བོའི་ལེགས་བཤད་དེ་དག་ཉམས་གསོ་ཡོང་ཐབས་གནང་བཞིན་ཡོད་སྐོར་བཀའ་བསྩལ་དང་འབྲེལ་ཏེ་རིག་གནས་དེ་དག་དེང་དུས་ཀྱི་ཤེས་ཡོན་སློབ་གསོའི་ཁྲོད་སློབ་ཁྲིད་གནང་ཐུབ་ཚེ་མིའི་བསམ་བློ་གཏོང་སྟངས་ལ་ཕན་པ་མ་ཟད་སེམས་ཁམས་དང་འབྲེལ་བའི་དཀའ་ངལ་ཁག་ལ་གདོང་ལེན་གནང་བར་དགེ་མཚན་ཆེན་པོ་ཡོད་པར་ལམ་སྟོན་རྒྱ་ཆེ་མཛད་འདུག དེ་བཞིན་སྤྱི་ཚོགས་ཀྱི་དབྱེ་འབྱེད་སོགས་དང་འབྲེལ་བའི་བཀའ་ལན་མཛད་པར་འཛམ་བུ་གླིང་འདིའི་ཐོག་འཕྲད་བཞིན་པའི་དཀའ་རྙོག་མང་པོ་ཞིག་འགྲོ་བ་མི་རྣམས་ནས་ང་དང་ཁོ། རིགས་རུས་དང་ལུང་ཚན་སོགས་རིམ་པ་གཉིས་པའི་དབྱེ་འབྱེད་ཀྱི་བསམ་བློ་ཤུགས་ཆེ་དྲག་པའི་དབང་གིས་བྱུང་སྐོར་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་འགྲོ་བ་མི་ཐེར་འབུམ་བདུན་ལྷག་ཡོད་པ་ཚང་མས་རིམ་པ་གཉིས་པའི་དབྱེ་འབྱེད་ཀྱི་བསམ་བློ་དེ་དག་དོར་ནས་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློ་གོང་འཕེལ་གནང་དགོས་གལ་ཡིན་པ་བཀའ་བསྩལ་འདུག གཞན་ཡང་༸གོང་ས་མཆོག་ནས་གཞོན་སྐྱེས་ཚོར་ཆེད་དམིགས་ཀྱིས་འདས་པའི་དུས་རབས་ཉི་ཤུའི་ནང་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ། དེ་བཞིན་ཀོ་རི་ཡ་དང་ཝི་ཏི་ནམ་དམག་སོགས་དམག་འཁྲུག་མང་དག་ཞིག་བྱུང་ནས་འགྲོ་བ་མིའི་ཚེ་སྲོག་མང་པོ་ཤོར་ཡོད་པ་བཀའ་གནང་བ་དང་སྦྲགས། དུས་རབས་ཉེར་གཅིག་པ་འདི་ཞི་བདེ་དང་བདེ་སྐྱིད་ལྡན་པའི་དུས་རབས་ཤིག་ཡོང་ཐབས་སུ་གཞོན་སྐྱེས་ཚོར་དམིགས་བསལ་གྱི་འགན་བཞེས་དགོས་པར་ལམ་སྟོན་བཀྲིན་ཆེ་བ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འགྲོ་བ་མིའི་སྤྱི་ཚོགས་འདི་བདེ་སྐྱིད་དང་བྱམས་བརྩེ་ལྡན་པ་ཞིག་བཟོ་རྒྱུའི་འགན་དང་ནུས་པ་འགྲོ་བ་མི་ཚང་མར་ཡོད་སྟབས། འགྲོ་བ་མི་རེ་ངོ་རེ་ནས་རྒྱུན་དུ་དེའི་ཐད་བསམ་ཞིབ་ནན་པོའི་ཐོག་ནས་ནུས་པ་མཉམ་སྤུངས་གནང་གལ་ཡིན་པར་ལམ་སྟོན་མཛད་ཡོད།

གཞོན་སྐྱེས་ཚོས་མི་རབས་ནས་མི་རབས་བར་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཞོན་སྐྱེས་ཚོས་མི་རབས་ནས་མི་རབས་བར་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་གལ་ཡིན་པར་ལམ་སྟོན་གནང་བ་དང་འབྲེལ། ཉིན་གྲངས་གསུམ་རིང་གི་ནང་ཆོས་ངོ་སྤྲོད་ཀྱི་བཀའ་ཆོས་ལེགས་པར་མཇུག་སྒྲིལ་མཛད་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཆོས་འབྲེལ་གྱི་ཉིན་མཐའ་མའི་ཐོག་བོད་རིགས་གཞོན་སྐྱེས་གཙོ་གྱུར་ཕྱི་ནང་གི་དད་ལྡན་སྟོང་ཕྲག་བརྒལ་བར་ཐོག་མར་སྤྱོད་འཇུག་ཆེན་མོའི་ལེའུ་དགུ་པ་ཤེས་རབ་ཀྱི་ལེའུ་དང་ལེའུ་བཅུ་པ་བསྔོ་བའི་ལེའུ་བཅས་བཀའ་འཁྲིད་བསྩལ་བ་དང་འབྲེལ། ༸རྗེ་བཙུན་འཇམ་དཔལ་དབྱངས་ལ་དམིགས་པ་གཙོ་དམིགས་ཀྱིས་བྱང་ཆུབ་སེམས་པའི་རྗེས་གནང་བཀྲིན་བསྩལ་སོང་། མགོན་པོ་༸གང་ཉིད་མཆོག་གིས་ཆོས་འབྲེལ་བསྩལ་གྲུབ་མཚམས་གཞོན་སྐྱེས་དད་ལྡན་རྣམས་ལ་ལུང་གི་བསྟན་པ་སྡེ་སྣོད་གསུམ་པོ་དེ་འཆད་ཉན་གྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་དང་། རྟོགས་པའི་བསྟན་པ་བསླབ་པ་གསུམ་པོ་དེ་གྲུབ་པ་ཉམས་ལེན་གྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་མ་གཏོགས་བསྟན་པ་འཛིན་སྟངས་གཞན་མེད་པར་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་གཞོན་སྐྱེས་ཚོས་མི་རབས་ནས་མི་རབས་བར་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་གལ་ཡིན་པའི་ལམ་སྟོན་རྒྱ་ཆེ་བཀྲིན་བསྩལ་ཡོད། ༸གང་ཉིད་མཆོག་གིས་བོད་པ་ཞིག་ཡིན་པའི་ཆ་ནས་བོད་པའི་རྣམ་དཔྱོད་འཐོན་དགོས་པ་དང་ལྷག་པར་འཛམ་གླིང་ཐོག་བོད་མིའི་སེམས་པ་བཟང་པོའི་རིག་གཞུང་ཞེས་མཐོང་ཚུལ་ཞིག་ཡོད་པ་ནི་བྱང་ཆུབ་སེམས་ནས་ཡོང་བ་ཞིག་ཡིན་སྐོར་བཀའ་བསྩལ་ཡོད་པ་རེད། གཞི་རྩའི་དྷ་ས་ནང་ཆོས་གོ་སྒྲིགས་ཚོགས་ཆུང་དང་བོད་ཕྲུག་ཁྱིམ་སྡེ་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆོག་གིས་ཟླ་ ༦ ཚེས་ ༦ ཉིན་དབུས་འཛུགས་ཀྱིས་དེ་རིང་བར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་ཚོར་སྤྱོད་འཇུག་འཇུག་ཆེན་མོ་དང་བྱང་ཆུབ་སེམས་ཀྱི་བསྟོད་པ་རིན་ཆེན་སྒྲོལ་མ་གཉིས་ཀྱི་བཀའ་ཆོས་བཀྲིན་བསྐྱངས་ཡོད་པ་དང། ཐེངས་འདིའི་ཆོས་འབྲེལ་ཐོག་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སེར་སྐྱ་མང་ཚོགས་ ༥༦༠༠ ལྷག་ཙམ་དང་ལྷག་པར་རྒྱ་གར་དང་ཕྱི་རྒྱལ་མཐོ་སློབ་ཁག་གི་བོད་རིགས་སློབ་མ། འཛིན་རིམ་བཅུ་པ་ནས་བཅིུས་བར་གྱི་བོད་རིགས་སློབ་མ་ཁྱོན་ ༣༠༠༠  བཅས་ཁྱོན་ཆོས་ཞུ་བ་ ༨༦༠༠ ལྷག་ནས་མཉམ་ཞུགས་གནང་ཡོད་པ་རེད།

༸གོང་ས་མཆོག་གིས་ཁ་ཆེའི་འཇིགས་སྐུལ་བ་དང་ནང་པའི་འཇིགས་སྐུལ་བ་ཞེས་མེད་པ་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་གཙོ་འགྱུར་ཕྱི་ནང་གི་དད་ལྡན་སྟོང་ཕྲག་བརྒལ་བར་སྤྱོད་འཇུག་ཆེན་མོའི་གསུང་ཆོས་མུ་མཐུད་འཕྲོ་སྐྱོང་མཛད་པ་མ་ཟད། བཀའ་ཆོས་ཞུ་མཁན་ཁོངས་སུ་ཡོད་པའི་ཏུར་ཏུག་ནས་བཅར་བའི་ཁ་ཆེའི་སློབ་མ་ཞིག་གི་དྲི་བར་བཀའ་ལན་གནང་སྐབས་ཁ་ཆའི་ཆོས་ལུས་ནང་དཀོན་མཆོག་གིས་བཀོད་པ་ཡོངས་ལ་གུས་བརྩི་ཞུ་དགོས་སྐོར་འཁོད་པ་དེར་ཡིད་རང་ཞུས་པ་དང་འབྲེལ། འཇིགས་སྐུལ་བ་དེ་འཇིགས་སྐུལ་བ་རང་མ་གཏོགས་ཁ་ཆེའི་འཇིགས་སྐུལ་བ་དང་ནང་པའི་འཇིགས་སྐུལ་བ་ཟེར་བ་གང་ཡང་ཡོད་མ་རེད་ཅེས་བཀའ་ནན་བསྩལ་ཡོད། རྩ་བའི་༸གོང་ས་མཆོག་གིས་དེ་རིང་གསུང་ཆོས་ཉིན་གཉིས་པར་སྤྱོད་འཇུག་གི་ལེའུ་ལྔ་པའི་འཕྲོ་སྐྱོང་དང་ལེའུ་དྲུག་པ་བཟོད་པའི་ལེའུ་བཀའ་ཁྲིད་མཛད་ཡོད་པ་དང། མགོན་པོ་༸གང་ཉིད་མཆོག་གིས་ངོས་ཀྱི་སེམས་རྒྱུད་དུ་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་སེམས་གཉིས་ཀྱི་ལྟ་བ་གདེངས་ཁེལ་བ་ཞིག་ཡོད་ཅེས་བཀའ་བསྩལ་བ་དང་ཆབས་ཅིག བྱང་ཆུབ་ཀྱི་སེམས་བསྟན་པའི་ཕྱག་དཔེ་སྤྱོད་འཇུག་ལས་ལྷག་པ་མེད་སྐོར་བཀའ་བསྩལ་སོང་། སློབ་མའི་ཁྲོད་མགོན་པོ་༸གང་ཉིད་མཆོག་ལ་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་གནང་དོན་ལྟར། བོད་རིགས་སློབ་མ་དང་བོད་ཕྲུག་ཁྱིམ་སྡེར་སློབ་གཉེར་བྱེད་མཁན་ཁ་ཆེའི་སློབ་མ་བཅས་ནས་༸གོང་ས་མཆོག་ལ་གཞན་གྱི་ཁོང་ཁྲོ་སོགས་ལ་གཉེན་པོ་བསྟན་ཚུལ་དང་། ཤེས་བཞིན་ཉམས་ལེན་བྱེད་སྟངས་། ཚན་རིག་སོགས་ཀྱི་བརྗོད་གཞི་འདྲ་མིན་ཐོག་བཀའ་འདྲི་དགོངས་སྐོར་ཞུས་པར་མགོན་པོ་མཆོག་ནས་ཐུགས་བརྩེ་བ་ཆེན་པོས་བཀའ་ལན་མཛད་ཡོད་པ་རེད།

བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཀྱི་བཀའ་ཆོས་དབུ་འཛུགས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་ཀྱི་བཀའ་ཆོས་དབུ་འཛུགས་གནང་སོང་། དེ་ཡང་དྷ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་དང་དྷ་སྟེང་བོད་ཁྱིམ་སློབ་གྲྭ་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་སྟེ། དེ་རིང་ཟླ་ ༦ ཚེས་ ༦ ཉིན་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་དང་ཕྱི་རྒྱལ་མཐོ་སློབ་ཁག་གི་བོད་རིགས་སློབ་མ་དང། བོད་སློབ་ཁག་གི་བོད་ཕྲུག་སློབ་མ་རྣམས་ཀྱིས་གཙོས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་ལྷག་ལ་སློབ་དཔོན་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་མཛད་པའི་བྱང་ཆུབ་སེམས་ཀྱི་བསྟོད་པ་རིན་ཆེན་སྒྲོལ་མ་གཉིས་ཀྱི་བཀའ་ཆོས་དབུ་འཛུགས་བཀྲིན་བསྐྱངས་གནང་སོང་། མགོན་པོ་༸གང་ཉིད་མཆོག་གིས་སྐབས་དེར་གཞོན་སྐྱེས་ཚོར་སྤྱོད་འཇུག་ཆེན་མོ་བཀའ་ཁྲིད་གནང་བའི་རྒྱུ་མཚན་ནི་སེམས་མ་སྐྱིད་པ་དང་སེམས་འཁྲུག་བའི་གནས་སྐབས་སུ་སྤྱོད་འཇུག་གི་ལེའུ་དྲུག་པ་བཟོད་པའི་ལེའུ་ལ་དོ་སྣང་ཆེ་ཙམ་བྱེད་ཚེ་ཕན་ཐོགས་ཆེན་པོ་ཡོད་པ་དང་། ཁོང་ཁྲོའི་རྩ་བ་ནི་རང་གཅེས་འཛིན་ཡིན་སྟབས་དེ་དག་མི་ཡོང་ཆེད་སྤྱོད་འཇུག་གི་ལེའུ་བརྒྱད་པ་བསམ་གཏན་གྱི་ལེའུ་ལས་ལྷག་པ་ཞིག་གཞན་གང་ཡང་མེད་སྟབས་དེར་དོ་སྣང་ཆེ་ཙམ་བྱས་ནས་རྒྱུན་དུ་བལྟ་ཀློག་གནང་གལ་ཡིན་པར་བཀའ་སློབ་བསྩལ་སོང་།   ༸གང་ཉིད་མཆོག་ནས་བཀའ་ཆོས་དངོས་སུ་དབུ་འཛུགས་མ་གནང་གོང་ཐེ་ཝན་དགེ་འདུན་པ་གཙོས་ཕྱི་རྒྱལ་བ་དང་། བོད་རིགས་གཞོན་སྐྱེས། སེར་སྐྱ་མང་ཚོགས་བཅས་ལ་འཚམས་འདྲི་གནང་བ་དང་འབྲེལ་པཱ་ལིའི་ཆོས་བརྒྱུད་དང་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་གཉིས་ཀྱི་དབར་འབྲེལ་བ་དམ་གཟབ་གནང་དགོས་པར་ལམ་སྟོན་མཛད་ཡོད། ༸གོང་ས་མཆོག་གིས་འཛམ་གླིང་འདིའི་ནང་ཆོས་བརྒྱུད་ཚང་མས་འདས་པའི་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་མི་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་སྟབས། ང་ཚོ་དང་ཁོང་ཚོ་ཞེས་ཆོས་ལུགས་འཐེན་འཁྱེར་གནང་དགོས་དོན་མེད་པ་དང་། རང་ཉིད་ཀྱི་ཆོས་ལུགས་ལ་དད་པ་དང་ཆོས་ལུགས་གཞན་ལ་གུས་བརྩི་བྱེད་དགོས་པའི་ལམ་སྟོན་རྒྱ་ཆེ་མཛད་སོང་། ༸གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་ཆེད་དུ་དམིགས་ནས་བོད་པ་གཅིག་མཚུངས་ཡིན་སྟབས་སྔོན་གྱི་མེས་དབོན་ཚོས་སྐུ་ལས་སྐྱོན་པའི་བོད་ཀྱི་སྐད་ཡིག་ལ་དོ་སྣང་བྱེད་དགོས་གལ་ཡིན་པ་བཀའ་བསྩལ་ཡོད། རྩ་བའི་ཕྱི་ལོ་ ༢༠༠༧ ལོ་ནས་བཟུང་ངྷ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གིས་ལོ་ལྟར་༸གོང་ས་མཆོག་ལ་གསོལ་འདེབས་ཞུས་ཏེ་བཞུགས་སྒར་དུ་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་ཚོགས་ཀྱི་ཡོད་པ་དང་། འདི་ལོའི་ནང་ཆོས་ངོ་སྤྲོད་ཐེངས་ ༡༢ ཐོག་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སེར་སྐྱ་མང་ཚོགས་ ༥༦༠༠ ལྷག་དང་རྒྱ་གར་དང་ཕྱི་རྒྱལ་མཐོ་སློབ་ཁག་གི་བོད་རིགས་སློབ་མ། དེ་བཞིན་འཛིན་རིམ་བཅུ་པ་ནས་བཅིུས་བར་གྱི་བོད་རིགས་སློབ་མ་ཁྱོན་ ༣༠༠༠  བཅས་ཆོས་ཞུ་བ་ ༨༦༠༠ ལྷག་ལ་ནས་མཉམ་ཞུགས་གནང་འདུག ༸གོང་ས་མཆོག་གིས་དེ་རིང་ཟླ་ ༦ ཚེས་ ༦ ནས་དབུ་འཛུགས་ཀྱིས་གནངས་ཚེས་ ༨ བར་ཉིན་གསུམ་རིང་གསུང་ཆོས་བཀའ་དྲིན་བསྩལ་གནང་གི་ཡོད་པ་དང་། བཀའ་ཆོས་དེའང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་རྒྱ་Dalialama.comཐོག་ཐད་གཏོང་གནང་གི་འདུག་པ་དང་། གསུང་ཆོས་རིང་བོད་སྐད་དང་། རྒྱ་སྐད། ཧིན་དྷི། དབྱིན་སྐད། ཉི་ཧོང་སྐད། ཀོ་རི་ཡའི་སྐད། ཝི་ཏི་ནམ་གྱི་སྐད། འཇར་མན་གྱི་སྐད། སི་པན་ནི་ཤཱི་ཡིའི་སྐད། ཧྥ་རན་སིའི་སྐད། རཱ་ཤཱི་ཡའི་སྐད་བཅས་སུ་གསུང་བསྒྱུར་གནང་གི་ཡོད་པ་རེད།

༸གོང་ས་མཆོག་ལ་དྭགས་སུ་ཆིབས་བསྒྱུར་མཛད་གཏན་ཁེལ་འདུག

རྒྱ་གར་བྱང་ཕྱོགས་ཇ་མུ་ཀཤ་མིར་མངའ་སྡེ་ནང་དུ་རྟེན་གཞི་བྱས་པའི་ལ་དྭགས་ནང་པའི་དགོན་ཚོགས་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་བཟང་པོ་སྨིན་སྩོལ་ཐོབ་སྟེ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཟླ་ ༧ པའི་ནང་རྒྱ་གར་བྱང་ཕྱོགས་ལ་དྭགས་གླེ་དང་ནུབ་ར་ས་གནས་བཅས་སུ་ཆིབས་བསྒྱུར་གྱིས་ས་གནས་མང་ཚོགས་ལ་ཆོས་འབྲེལ་སོགས་ཀྱི་མཛད་འཆར་ཁག་ཅིག་བཀྲིན་བསྐྱང་གཏན་འཁེལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༧ ཚེས་ ༣ ཉིན་སྔ་དྲོ་ལ་དྭགས་གླེ་རུ་༸ཞབས་སོར་བདེ་བར་འཁོད་གནང་གི་འདུག་པ་དང། ཚེས་ ༤ དང་ ༥ ཉིན་༸སྐུ་ངལ་གསོ་བཞུགས་མཛད་རྒྱུ་དང་དེ་རྗེས་ཚེས་ ༦ ཉིན་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་ལ་དྭགས་མང་ཚོགས་ནས་གོ་སྒྲིག་ཞུས་པའི་ ༸གོང་ས་མཆོག་དགུང་གྲངས་ ༨༣ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྟོན་ཐོག་མགོན་པོ་༸གང་ཉིད་མཆོག་དབུ་བཞུགས་མཛད་གནང་གི་འདུག ཚེས་ ༡༠ ནས་ ༡༢ བར་ཉིན་གྲངས་གསུམ་རིང་ཞི་བའི་ཚལ་དུས་འཁོར་ཐང་ཆེན་དུ་ས་གནས་སུ་ཡོད་པའི་དད་ལྡན་མང་ཚོགས་ལ་སྔ་ལོའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་འཕྲོ་སྐྱོང་མཛད་ཀྱི་འདུག གཞི་རྩའི་ད་རེས་༸གོང་ས་མཆོག་གི་ལ་དྭགས་ཁུལ་དུ་བདུན་ཕྲག་གསུམ་མན་ཙམ་རིང་བཞུགས་ཞག་མཛད་རྒྱུའི་ཁྲོད་ཟླ་ ༧ ཚེས་ ༡༤ ཉིན་མགོན་པོ་༸གང་ཉིད་མཆོག་ལ་དྭགས་གླེ་ནས་ནུབ་ར་ཁུལ་དུ་ཆིབབས་ཞལ་བསྒྱུར་གནང་མཛད་དེ་ཁུལ་དེའི་མང་ཚོགས་ལ་སྒོམ་རིམ་བར་པའི་བཀའ་ཆོས་དང། དེ་བཞིན་བསམ་གཏན་གླིང་དགོན་པའི་ཕར་ཕྱིན་དབྱར་ཆོས་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་མཛད་རྒྱུ་སོགས་ཀྱི་མཛད་འཆར་བསྐྱང་གནང་གི་འདུག རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ནང་ཆིབས་བསྒྱུར་མ་མཛད་གོང་ཟླ་ ༦ ཚེས་ ༡༣ ནས་ ༡༨ བར་ཡོ་རོབ་རྒྱལ་ཁབ་ལི་ཐོ་ནི་ཡ་དང། ལ་ཊི་ཝི་ཡ་རྒྱལ་ཁབ་གཉིས་ནང་ཆིབས་བསྒྱུར་གྱིས་ས་གནས་མང་ཚོགས་ལ་བཀའ་སློབ་དང་ཆོས་འབྲེལ་སོགས་བཀྲིན་བསྐྱང་གནང་མཛད་ཀྱི་ཡོད་པ་རེད།

བཙན་བྱོལ་སྒྲིག་འཛུགས་ཇི་སྲིད་ཚགས་ཚུད་གནས་པ་དེ་སྲིད་དུ་བོད་ཀྱི་ཤེས་ཡོན་འཛིན་ཐུབ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། མགོན་པོ་༸གང་ཉིད་མཆོག་གིས་དེ་རིང་ཕྱི་ཟླ་ ༦ ཚེས་ ༤ ཉིན་སྔ་དྲོ་༸རྒྱལ་བའི་ཕོ་བྲང་དུ་རྒྱ་གར་དང་འབྲུག དེ་བཞིན་ཕྱིའི་རྒྱལ་ཁབ་བཅས་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ཏུ་དང་བླངས་ཞབས་ཕྱི་ཞུ་མཁན་བོད་ཕྲུག་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ་སྐབས་༸གང་ཉིད་མཆོག་གིས་བཙན་བྱོལ་སྒྲིག་འཛུགས་ཇི་སྲིད་ཚགས་ཚུད་གནས་པ་དེ་སྲིད་དུ་བོད་ཀྱི་ཤེས་ཡོན་འཛིན་ཐུབ་ཡོད་པ་དང་། སྒྲིག་འཛུགས་དེ་མུ་མཐུད་ཚགས་ཚུད་པོ་གནས་པར་གཞོན་སྐྱེས་ཚོས་ཧུར་ཐག་བྱེད་དགོས་ཞེས་ལམ་སྟོན་བསྩལ་འདུག ༸རྒྱལ་བ་རིན་པོ་ཆེ་ཞེས་པའི་གཞུང་འབྲེལ་ངོ་དེབ་སྟེང་དེ་རིང་མགོན་པོ་མཆོག་གིས་བོད་མིའི་སྒྲིག་འཛུགས་སུ་དང་བླངས་ཞབས་ཕྱི་ཞུ་མཁན་ཚོར་མཇལ་ཁ་དང་བཀའ་སློབ་བསྩལ་བའི་སྐར་མ་གཉིས་ལྷག་ཡོད་པའི་བརྙན་ཐུང་དེའི་ནང་༸གང་ཉིད་མཆོག་གིས་ད་ཆ་བོད་མིའི་སྐྱབས་བཅོལ་བ་ཚོ་འཛམ་གླིང་དེའི་ཐོག་གྲུབ་འབྲས་གཟེངས་སུ་ཐོན་པའི་སྐྱབས་བཅོལ་བའི་སྤྱི་ཚོགས་ཤིག་ཆགས་ཡོད་པ་དེ་ནི་གཙོ་བོ་མང་ཚོགས་ནས་སེམས་ཁུར་བླངས་པར་བརྟེན་ནས་བྱུང་བ་ཞིག་ཡིན་པ་བཀའ་བསྩལ་འདུག་པ་མ་ཟད། བོད་ཕྲུག་གཞོན་སྐྱེས་ཚོས་དང་བླངས་ཐོག་སྒྲིག་འཛུགས་ལ་ཞབས་ཞུ་གནང་བར་བསྔགས་བརྗོད་མཛད་འདུག ལྷག་པར་དུ་༸གང་ཉིད་མཆོག་གིས་ད་ཆ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་གི་ཆ་ནས་འཛམ་བུ་གླིང་ཐོག་བོད་མི་རིགས་དེ་སྤོབས་པ་དང་ཞེན་ཁོགས་བྱེད་ཆོག་པ་ཞིག་ཆགས་ཡོད་སྐོར་བཀའ་བསྩལ་འདུག

Latest news