Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་དང་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་ཕྱག་དེབ་གསར་པ་ཞིག་དབུ་འབྱེད་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་མཛད་འཕྲིན་བཀྲིན་བསྐྱངས་བཞིན་པའི་ཁྲོད་ཁ་སང་༸གང་ཉིད་མཆོག་དང་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Nitish Kumar མཆོག་ནས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཞེས་པའི་དཔེ་དེབ་ཨིན་དབྱིན་ཡིག་ཐོག་ཕབ་བསྒྱུར་གྲུབ་པ་ཞིག་དབུ་འབྱེད་བཀྲིན་མཛད་འདུག དེབ་དེ་ནི་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་དང་བཀའ་སློབ་ལམ་སྟོན་འོག་དགེ་བཤེས་ཁག་གཅིག་གིས་ལོ་མང་སྐུ་ངལ་སྐྱོན་གནང་པ་ཞིག་རེད་འདུག་པ་དེ་ཡང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་འཕགས་པའི་ཡུལ་གྱི་ནང་པའི་གཞུང་རྣམས་ཀྱི་བརྗོད་བྱ་ལ། གཞི་དངོས་པོའི་རྣམ་གཞག་གམ་ཚན་རིག་དང་། ལྟ་གྲུབ། ཆོས་ཀྱི་ལག་ལེན་བཅས་རིམ་པ་གསུམ་དུ་དབྱེ་རུང་བ་དང་། དེའི་ཐོག་ནས་ནང་པའི་ཚན་རིག་དང་ལྟ་གྲུབ་གཉིས་ནང་པ་ཙམ་གྱིས་མ་ཟད་འཛམ་གླིང་ཀུན་ལ་ཕན་ཐོགས་བསྒྲུབ་ཐུབ་པའི་ནུས་པ་ལྡན་ཡོད་པ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་ལྟར། མཛད་སྒོ་དེའི་ཐོག་༸སྐུའི་དབྱིན་སྐད་གསུང་སྒྱུར་བ་དགེ་བཤེས་གླང་རི་བ་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་ཆོས་ཞུ་བ་ཁྲི་ཚོ་འགའ་ཤས་ཡོད་པ་རྣམས་ལ་དཔེ་དེབ་དེ་ནི་ནང་པ་སངས་རྒྱས་པའི་བསྟན་པ་འཇིག་རྟེན་འདིར་དར་ནས་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་སོང་བའི་ལོ་རྒྱུས་ནང་གསར་གཏོད་ཀྱི་མཛད་རྗེསཤིན་ཏུ་ཆེན་པོ་ཞིག་ཏུ་གསུངས་འདུག གཞི་རྩའི་ཁ་ས་དབུ་འབྱེད་མཛད་པའི་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་དེབ་དེར་པོད་གླེགས་བམ་བཞི་ཡོད་པ་དེའི་ནང་གཞི་རྐང་ཕྱི་གཟུགས་ཅན་དང་ནང་སེམས་ཀྱི་རྣམ་གཞག་གི་སྐོར་པོད་གཉིས་དང་། དེ་ནས་ལྟ་གྲུབ་རིག་པའི་སྐོར་ལ་པོད་གཉིས་བཅས་འདུག ད་ལྟའི་སྐབས་འདིར་ཚན་རིག་ཀུན་བཏུས་དབྱིན་སྒྱུར་ཞུས་པའི་པོད་དང་པོ་དེ་ཚར་འདུག            

༸གོང་ས་མཆོག་གིས་མིའི་རིགས་ལ་རྣམ་དཔྱོད་ཀྱི་ནུས་པ་མི་འདྲ་བ་ཞིག་ཡོད་པའི་ལམ་སྟོན་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་གནས་མཆོག་རྡོ་རྗེ་གདན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོའི་བཀའ་ཆོས་ཉིན་གཉིས་པའི་སྟེང་ཉོན་མོངས་གྱི་གཉེན་པོ་བསྟེན་ཚུལ་དང་འགྲོ་བ་མི་རྣམས་ལ་སེམས་ཅན་གཞན་ལ་མེད་པའི་དམིགས་བསལ་རྣམ་དཔྱོད་ཀྱི་ནུས་པ་ཁྱད་པར་བ་ཞིག་ཡོད་པ་སོགས་ལམ་སྟོན་རྒྱ་ཆེ་བསྩལ་འདུག དེ་ཡང་མགོན་པོ་མཆོག་དེ་རིང་སྔ་དྲོ་གསུང་ཆོས་ར་བར་ཆིབས་སྒྱུར་གྲུབ་བསྟུན་བཀའ་ཆོས་འཕྲོ་སྐྱོང་དང་སྦྲགས། ཕྱི་ནང་གི་དད་ལྡན་ཆོས་ཞུ་བར་རྣམས་ལ་སྤྱིར་འགྲོ་བ་མིའི་གཙོས་པའི་སེམས་ཅན་ཀུན་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་ཡང་། མིའི་རིགས་ལ་སེམས་ཅན་གཞན་དང་མི་འདྲ་བར་འཕྲལ་ཕུགས་བདེ་སྡུག་ཐོག་ལ་བསམ་བློ་བཏང་ཐུབ་པའི་རྣམ་དཔྱོད་ཀྱི་ནུས་པ་ཁྱད་པར་བ་ཞིག་ཡོད་པ་མ་ཟད།  ལྷག་པར་འགྲོ་བ་མིའི་རིགས་ལ་ལྷན་སྐྱེས་ཀྱི་བྱམས་བརྩེའི་རང་བཞིན་ཡོད་པ་ལམ་སྟོན་བཀྲིན་བསྩལ་འདུག དེ་བཞིན་མགོན་པ་༸གང་ཉིད་མཆོག་གིས་སྤྱིར་འཛམ་བུ་གླིང་གི་ཆོས་ལུགས་གཙོ་ཆེ་ཚང་མས་སྡུག་བསྔལ་གྱི་རྩ་བ་ཕྲག་དོག་དང་ང་རྒྱལ་སོགས་ཡིན་པ་ངོས་འཛིན་བྱས་པ་དང་ཆབས་ཅིག་དེའི་གཉེན་པོ་ནི་བྱམས་པ་དང་བརྩེ་བ་ཡིན་སྐོར་ཤོད་ཀྱི་ཡོད་ཀྱང་།  རྒྱ་གར་གྱི་གནའ་བོའི་ཆོས་བརྒྱུད་ནང་སྒོ་ལྔའི་ཤེས་པ་དེ་བདེ་སྡུག་དབྱེ་འབྱེད་ཀྱི་བརྒྱུད་ལམ་ལྟ་བུ་ཞིག་ལས་རྩ་བའི་བདེ་སྡུག་གི་ཚོར་བ་མྱོང་མཁན་ཡིད་བློ་ཡིན་པ་གསལ་པོ་བཤད་ཡོད་པའི་ལམ་སྟོན་ཞིབ་རྒྱས་མཛད་འདུག ད་དུང་༸གོང་ས་མཆོག་གིས་ཡིད་བློ་མི་སྐྱིད་པ་བཟོ་མཁན་དེ་ཉོན་མོངས་ཡིན་པ་དང་། ཉོན་མོངས་དུག་གསུམ་གྱི་རྩ་བ་དེ་གཏི་མུག་བདེན་འཛིན་ཡིན་ཞིང་། དེའི་གཉེན་པོ་ནི་རྟེན་འབྱུང་གི་ལྟ་བ་ཡིན་པ་སོགས་བཀའ་ཆོས་མུ་མཐུད་བསྩལ་གནང་ཡོད་པ་རེད།                          

སངས་རྒྱས་པའི་ཆོས་ཀྱི་འབྱུང་ཁུངས་གཙོ་བོ་རྒྱ་གར་གྱི་ཆོས་གྲོགས་ཚོར་ནང་ཆོས་ངོ་སྤྲོད་གནང་རྒྱུ་དེ་སྐལ་པ་བཟང་པོ་ཞིག་རེད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་ནས་གནས་མཆོག་རྡོ་རྗེ་གདན་དུ་རྒྱ་གར་ནང་ཆོས་དོན་གཉེར་ཅན་ཁག་ཅིག་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ཉིན་གསུམ་གྱི་ཆོས་འབྲེལ་དབུ་འཛུགས་བསྐྱངས་ཡོད། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་འབྲེལ་དངོས་གཞི་དབུ་འཛུགས་མ་གནང་གོང་ཆོས་འབྲེལ་དེའི་ཆེད་དུ་བྱ་བའི་འདུལ་བྱ་གཙོ་བོ་རྒྱ་གར་བ་དང་། གཞན་ཡང་ཕྱི་རྒྱལ་མི་རིགས། བོད་མི་བཅས་ཁྱོན་ཆོས་ཞུ་བ་ཁྲི་ཚོ་འགའ་ཤས་ཡོད་པ་དེ་དག་ལ་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དང་། ལོ་དྲུག་དཀའ་བ་སྤྱད་པ། དེ་བཞིན་མཐར་མངོན་པར་རྫོགས་པ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་བཅས་མཛད་པ་ཁག་ཅིག་ངོ་སྤྲོད་མཛད་པ་དང་འབྲེལ། སྤྱིར་མཛམ་གླིང་ནང་སྟོན་པ་མང་པོ་བྱུང་ཡོད་ནའང་བསྲེགས་བཅད་བརྡར་གསུམ་གྱི་སྒོ་ནས་རིག་པས་དཔྱད་པ་བྱེད་རྒྱུ་ཡོད་པ་དང་། དེང་དུས་ཀྱི་ཚན་རིག་དང་མཐུན་པའི་ཆོས་དེ་སྟོན་པ་སངས་རྒྱས་ཤཱཀྱ་སེང་གེས་གསུངས་བཞག་པའི་ཆོས་དེ་ཡིན་པ་སོགས་བཀའ་བསྩལ་འདུག ལྷག་པར་༸གང་ཉིད་མཆོག་ནས་སངས་རྒྱས་ཀྱི་ཆོས་ཀྱི་འབྱུང་ཁུངས་རྒྱ་གར་ཆོས་ཞུ་བ་ཚོ་དང་ད་རེས་དམིགས་བསལ་ཆོས་འབྲེལ་གྱི་གོ་སྐབས་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་དང་སྐལ་པ་བཟང་པོ་ཞིག་ཡིན་སྐོར་བཀའ་བསྩལ་གནང་པ་མ་ཟད། སྒོས་སུ་སངས་རྒྱས་པའི་ཆོས་དེ་ནི་དེང་དུས་ཀྱི་ཚན་རིག་དང་མཐུན་པའི་སྐོར་དང་། བྱམས་སྙིང་རྗེའི་ཕན་ཡོན། ཆོས་ལུགས་མཐུན་སྒྲིལ་གྱི་གལ་གནད་སོགས་སྐོར་ལ་བཀའ་བསྩལ་ཏེ། རྒྱ་གར་བ་ཚོས་སངས་རྒྱས་ཀྱི་རྩ་ཆེའི་ཆོས་དེ་བདག་གཅེས་དང་བསྐྱར་གསོ་ཡོང་ཐབས་གནང་དགོས་པའི་ལམ་སྟོན་བཀྲིན་བསྩལ་གནང་ཡོད་པ་རེད། རྩ་བའི་དེ་རིང་༸གོང་ས་མཆོག་གིས་དབུ་འཛུགས་མཛད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ་དང་སཱ་ལུ་ལྗང་པའི་རྟེན་འབྲེལ་གྱི་མདོའི་ཆོས་འབྲེལ་དེ་ དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲྭ་གནས་ཐོག་སྐད་རིགས་མི་འདྲ་མིན་བ་ ༡༢ ཐོག་ནས་ཐད་སྲིང་གནང་གི་འདུག        

༸སྐུའི་སྲུང་ཆའི་ཐོག་དུས་དབང་ལྟ་བུའི་མཐུན་རྐྱེན་བསྐྲུན་ཡོད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་སང་ཉིན་ཕྱི་ཟླ་ ༡ ཚེས་ ༥ ནས་མཛད་ཆར་སྔོན་སྒྲིག་ལྟར་ཆོས་འབྲེལ་དངོས་གཞི་དབུ་འཛུགས་བསྐྱང་གནང་གི་ཡོད་པ་དང་། བྷི་ཧར་མངའ་སྡེའི་གཞུང་དང་གྷ་ཡ་རྫོང་གི་མཐུན་འགྱུར་འོག་ས་གནས་སྐོར་སྲུང་ལས་ཁུངས་ནས་༸གོང་ས་མཆོག་གི་སྐུའི་སྲུང་ཆའི་ཐད་དུས་འཁོར་དབང་ཆེན་ལྟར་མཐུན་རྐྱེན་གང་ལེགས་བསྐྲུན་ཡོད་ཅེས་གསུང་འདུག   གནས་མཆོག་རྡོ་རྗེ་གདན་དུ་ཐཻངས་འདིའི་ཆོས་འབྲེལ་ཆེད་རྒྱལ་སྤྱིའི་ཁྱོན་ནས་ཆོས་ཞུ་བ་མང་པོ་ཞིག་ཕེབས་འདུག་པ་མ་ཟད། ལྷག་པར་བོད་ནང་ནས་ཀྱང་དད་ལྡན་ཆོས་ཞུ་བ་གྲངས་ཆིག་སྟོང་ལྔ་བརྒྱ་ཙམ་ཞིག་ཕེབས་འདུག་པ་དང་། གསུང་ཆོས་གོ་སྒྲིག་ཚོགས་ཆུང་ངོས་ནས་ད་རེས་ཀྱི་ཆོས་འབྲེལ་དེའི་ཐོག་ཁྱོན་ཆོས་ཞུ་བ་ཁྲི་གསུམ་ནས་བཞི་བར་འབྱོར་རྒྱུའི་ཚོད་དཔག་གནང་གི་ཡོད་པ་རེད། མཛད་འཆར་སྔོན་སྒྲིག་ལྟར་སང་ཉིན་ཕྱི་ཚེས་ ༥ ནས་ཕྱི་ཚེས་ ༧ བར་ཉིན་གྲངས་གསུམ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་དད་ལྡན་ཁག་གཅིག་ནས་གསོལ་འདེབས་ཞུས་པ་གཞི་བཟུང་ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ་དང་། སྭ་ལུ་ལྗང་པའི་རྟེན་འབྲེལ་གྱི་མདོའི་གསུང་ཆོས་བཀྲིན་སྩལ་གནང་རྒྱུ་དང་། དེ་ནས་གནས་ཚུལ་ཤེས་གསལ་ལྟར་ན་ཕྱི་ཚེས་ ༩ ཉིན་༸ གོང་ས་ སྐྱབས་མགོན་ཆེན་པོ་མཆོག་མཛད་འཆར་གཞན་ཞིག་གི་རྐྱེན་པས་རྒྱ་གར་གྱི་ Maharashtra མངའ་སྡེའི་ Pune གྲོང་ཁྱེར་ཁུལ་དུ་ཆིབས་བསྒྱུར་གནང་གི་ཡོད་པ་དང་། ཕྱི་ཚེས་ ༡༠ ཉིན་སླར་ཡང་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་འཁོད་དེ་ཕྱི་ཚེས་ ༡༤ ནས་ཉིན་གྲངས་གསུམ་རིང་བྱང་ཆུབ་སེམས་འགྲེལ་དང་ལག་ལེན་སོ་བདུན་མའི་གསུང་ཆོས་བཀྲིན་བསྩལ་གནང་གི་ཡོད་པ་མ་ཟད། ད་དུང་ཕྱི་ཚེས་ ༡༨ ནས་སླར་ཡང་ཉིན་གྲངས་བཞིའི་རིང་མགོན་པོ་༸གང་ཉིད་མཆོག་ནས་འཇིགས་བྱེད་ལྷ་བཅུ་གསུམ་དང་ལྡེམ་མཆོག་གི་བཀའ་དབང་སོགས་བཀྲིན་བསྩལ་གནང་རྒྱུའི་མཛད་འཆར་ཡོད་པ་རེད། གནས་མཆོག་རྡོ་རྗེ་གདན་གྱི་ད་རེས་ཆོས་འབྲེལ་དེར་ཆོས་ཞུ་བ་ཕོན་ཆེ་ཞིག་འདུ་འཛོམས་བྱུང་ཡོད་པ་ལྟར། འབྲེལ་ཡོད་བདེ་སྲུང་ལས་ཁུངས་ཀྱི་གཙོ་བོ་ཐུགས་འགན་བཞེས་པའི་འོག་བྷི་ཧར་མངའ་སྡེའི་གཞུང་དང་ གྷ་ཡ་རྫོང་གི་མཐུན་འགྱུར་བཅས་ཀྱི་འོག་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་སྲུང་ཆ་དང་འབྲེལ་བའི་ཐོག་ས་གནས་སུ་གྲ་སྒྲིག་གང་ལེགས་ཞུས་འདུག་པ་དང་། ས་གནས་སྐོར་སྲུང་ལས་ཁུངས་ཀྱི་དཔོན་པོ་ SSP Garima Malik མཆོག་གི་གསུང་དོན་བྱས་ནས་ས་གནས་སུ་ཉེན་རྟོགས་མི་སྣ་ ༣༠༠༠ ལྷག་འགྲེམས་འཇོག་བྱས་ཡོད་པ་མ་ཟད། སྐབས་འཕྲལ་ས་གནས་སུ་ཉེན་རྟོགས་ལས་ཁུངས་ ༢༠ ལྷག་ཆེད་བཙུགས་ཀྱིས་༸སྐུ་ཕྱའི་སྲུང་སྐྱོབ་ཆེད་རྐང་ཐོག་སྐོར་བསྐྱོད་དང་། སྦག་སྦག མོ་ཊ་བཅས་རིམ་པ་གསུམ་གྱི་སྐོར་བསྐྱོད་ཉེན་སྲུང་བཙུགས་སྟེ་བདེ་འཇགས་ཐོག་དུས་འཁོར་དབང་ཆེན་ལྟ་བུའི་མཐུན་རྐྱེན་བསྐྲུན་ཡོད་པ་སོགས་གསུང་གི་འདུག གནས་ཚུལ་ཤེས་གསལ་ལྟར་ན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ད་རེས་གནས་མཆོག་རྡོ་རྗེ་གདན་ཁུལ་དུ་ཕྱི་ཟླ་ ༢ ཚེས་ ༡ བར་སྐུ་བཞུགས་གནང་གི་ཡོད་པ་དང་། དེ་རྗེས་མགོན་པོ་༸གང་ཉིད་མཆོག་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་གནང་གི་ཡོད་པ་རེད།      

༸གོང་ས་མཆོག་ཝ་ར་ཎ་སི་ནས་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་བདེ་བར་འཁོད་གནང་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཝ་ར་ཎ་སིའི་ཁུལ་གྱི་རྒྱལ་སྤྱིའི་ལྷན་ཚོགས་དེ་ལེགས་པར་གྲུབ་སྟེ་ཁ་སང་ཕྱི་དྲོ་ཚོུད་༧ཙམ་ལ་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་བདེ་བར་འཁོད་འདུག ཐོག་མའི་མཛད་འཆར་ལྟར་ན་མགོན་པོ་༸གང་ཉིད་མཆོག་ཝ་ཎ་ནས་མཁའ་ལམ་བརྒྱུད་གནས་མཆོག་རྡོ་རྗེ་གདན་དུ་ཉིན་རྒྱབ་ཚོུད་༢ཐོག་༸ཞབས་སོར་འཁོད་རྒྱུ་ཡིན་ནའང་། སྐབས་མཚམས་སུ་གནམ་གཤིས་ཡག་པོ་མེད་པའི་རྐྱེན་གྱིས་མཛད་འཆར་ལ་འགྱུར་བ་ཕྱིན་ནས་མགོན་པོ་༸གང་ཉིད་མཆོག་ཝ་ཎ་ནས་གནས་མཆོག་རྡོ་རྗེ་གདན་བར་ཕེབས་འགྲོའི་ཐོག་ཕེབས་དགོས་བྱུང་ཡོད་པ་རེད། གནས་མཆོག་རྡོ་རྗེ་གདན་དུ་འབྱོར་བའི་དད་ལྡན་ཆོས་ཞུ་བ་ཚོས་ཉིན་རྒྱབ་ནས་མགོན་པོ་༸གང་ཉིད་མཆོག་ལ་སྣེ་ལེན་ཕེབས་བསུའི་ཆེད་སྐོམ་པ་ཆུ་འདོད་ཀྱིས་མཇལ་ཁའི་རེ་འགུག་གནང་ཡོད་པ་མ་ཟད།  ཕྱི་དྲོ་དངོས་སུ་༸ཞབས་སོར་འཁོད་སྐབས་ཀྱང་མུན་རུབ་སྟེ་དད་ལྡན་མང་པོ་ཞིག་ལ་དངོས་སུ་ཞལ་མཇལ་གྱི་གོ་སྐབས་སོགས་བྱུང་མེད་ནའང་། དད་ལྡན་ཚང་མས་མགྲིན་དབྱངས་གཅིག་འགྱུར་གྱིས་མགོན་པོ་མཆོག་སྐུ་ཚེ་སྐལ་བརྒྱར་བརྟན་པ་དང་བོད་མི་གཞིས་བྱེས་མཉམ་འཛོམས་ཡོང་བའི་ཐུགས་སྨོན་གནང་བཞིན་འདུག ༸གོང་ས་མཆོག་ནས་དེ་རིང་སྔ་འདྲོ་ཚོུད་༡༠ཙམ་ལ་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་རིན་པོ་ཆེར་གནས་གཟིགས་དང་འབྲེལ་སྟོན་པའི་སྐུ་བརྙན་རིན་པོ་ཆེར་ཤེས་རབ་སྙིང་པོ་གསུང་འདོན་མཛད་པ་མ་ཟད། དེ་ཁུལ་དུ་༸དཔལ་ས་སྐྱ་ཁྲི་འཛིན་༤༢ པ་མཆོག་དབུ་བཞུགས་ཐོག་ཚོགས་བཞིན་པའི་ས་སྐྱའི་སྨོན་ལམ་་ཆེན་མོར་འཁྱུག་ཙམ་རིང་ཆིབས་བསྒྱུར་གྱིས་ཐུགས་སྨོན་མཛད་ཡོད་པ་རེད། གཞི་རྩའི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་སྔོན་མའི་ཕྱི་ཚེས་ ༣༠ ནས་རྒྱ་གར་ཡུ་པི་མངའ་སྡེའི་ཝ་ར་ཎ་སི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གོ་སྒྲིག་ཞུས་པའི་རྒྱ་གར་གྱི་གནའ་བོའི་ལྟ་གྲུབ་དང་དེང་དུས་ཚན་རིག་ཞེས་པའི་རྒྱལ་སྤྱིའི་ལྷན་ཚོགས་སུ་དབུ་བཞུགས་དང་། དེ་ནས་ཝ་ན་གཙུག་ལག་སློབ་གཉེར་ཁང་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུ་བཞུགས་བཅས་མཛད་དེ། ཁུལ་དེའི་མཛད་ཆར་ཁག་ལེགས་པར་གྲུབ་བསྟུན།  ཁ་སང་ཕྱི་དྲོ་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་འཁོད་པ་ཞིག་ཡིན་པ་དང་། མཛད་འཆར་སྔོན་སྒྲིག་ལྟར་ན་གནས་མཆོག་རྡོ་རྗེ་གདན་ཁུལ་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཚེས ༥ ནས་ ༧ བར་ཉིན་གསུམ་རིང་རྒྱ་གར་གྱི་དད་ལྡན་ཁག་ཅིག་ནས་གསོལ་འདེབས་ཞུས་དོན་ལྟར་ཆོས་འཁོར་མདོ་དང་སཱ་ལུ་ལྗང་པའི་རྟེན་འབྲེལ་གྱི་མདོའི་བཀའ་ཆོས་བཀའ་དྲིན་བསྩལ་རྒྱུ་མ་ཟད། ཚེས་ ༡༤ ནས་ ༡༦ བར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་རྒྱལ་སྲས་ཐོག་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་བཀྲིན་སྩལ་རྒྱུ་དང་། དེ་རྗེས་ཕྱི་ཚེས་ ༡༦ ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་དེ་རྗེས་སོག་པོ་བླ་མའི་དགེ་རྒན་བསྟན་འཛིན་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་རིན་པོ་ཆེ་དང་རྣམ་རྒྱལ་གྲྭ་ཚང་བཅས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་གི་ཆོས་འབྲེལ་མཛད་ཆར་དེ་དག་ཆེད་དུ་གནས་མཆོག་རྡོ་རྗེ་གདན་དུ་འཛམ་གླིང་ས་ཕྱོགས་གང་ས་ནས་ཆོས་ཞུ་བ་ཕོན་ཆེ་ཞིག་འབྱོར་འདུག་པ་མ་ཟད། ད་དུང་མུ་མཐུད་འབྱོར་མུས་རེད་འདུག་པ་དང་། ཆོས་འབྲེལ་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ད་རེས་གནས་མཆོག་རྡོ་རྗེ་གདན་གྱི་ཆོས་འབྲེལ་དེའི་སྐབས་ཆོས་ཞུ་བ་སྟོང་ཕྲག་སུམ་བཅུ་ནས་བཞི་བཅུ་བར་འབྱོར་རྒྱུའི་ཚོད་དཔག་གནང་གི་ཡོད་པ་རེད།        

༸གོང་ས་མཆོག་གིས་ཕྱི་ལོ་གསར་པའི་འཆམས་འདྲི་མཛད་པ།

བོད་མའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ལི་༢༠༡༨།༡།༡ གི་སྔ་ཐོག ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་༥༠ འཁོར་བའི་དུས་སྟོན་མཛད་སྒོའི་སྟེང་ཕྱི་ལོ་གསར་པའི་འཚམས་འདྲི་དང་སྦྲགས། ལོ་གསར་པ་འདི་འཆར་ཅན་ལྟར་མ་ཡིན་པར་བསམ་བློ་གསར་པ་བརྒྱུད་དོན་དང་ལྡན་པའི་ཐོག་སྐྱེལ་དགོས་པ་རེད་ཅེས་ལམ་སྟོན་མཛད་འདུག དེ་ཡང་དེ་རིང་སྔ་ཐོག་དབུས་གཙུག་ལག་སློབ་གཉེར་ཁང་གི་ལོ་ལྔ་བཅུའི་དུས་སྟོན་མཛད་སྒོའི་ཚོགས་མགོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་བཞུགས། དམིགས་བསལ་སྐུ་མགྲོན་དུ་རྒྱ་གར་འབྲས་ལྗོངས་མངའ་སྡེའི་སྲིད་སྐྱོང་ཟུར་པ་སྐུ་ཞབས་ B P Singh མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་བཅས་དང་། གཞན་ཡང་གཙུག་ལག་སློབ་གཉེར་ཁང་དེ་གའི་སློབ་སྤྱི་ཟུར་པ་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོས་པའི་དགེ་བའི་བཤེས་གཉེན་བགྲེས་པ་ཁག་ཅིག་དང་རྒྱལ་ཁབ་༡༢ ནས་སློབ་ཟུར་༢༥༠ཙམ་ཕེབས་འདུག དབུས་གཙུག་ལག་སློབ་ཁང་དེ་གའི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་ནས་ལྟེ་གནས་ཁང་དེ་བཞིན་ད་ཆ་ལོ་༥༠ཧྲིལ་པོ་འཁོར་བ་འདི་ནི་གཙོ་བོ་༸གོང་ས་མཆོག་དང་རྒྱ་གར་གཞུང་གི་བཀྲིན་ལ་བརྟེན་ནས་ཡིན་པ་ཐུགས་རྗེའི་བཀྲིན་རྗེས་དྲན་ཞུས་དང་སྦྲགས། ཁོང་གི་འཚམས་འདྲིའི་གསུང་བཤད་ཁྲོད་གཙུག་ལག་སློབ་གཉེར་ཁང་དེ་ཐོག་མ་བཙུགས་པའི་དམིགས་ཡུལ་དང་འདས་པའི་དུས་ཡུན་དེའི་རིང་གི་བྱ་གཞག་ཁག་ཅིག་སྙན་སྒྲོན་གནང་སོང་བ་དང་། ལྷག་པར་མ་འོངས་པ་ན་གསོ་བ་རིག་པ་སོགས་རིག་གནས་སྡེ་ཁག་ཅིག་གི་ཐོག་ལ་འབད་བརྩོན་གནང་བཞིན་པ་སོགས་གསུངས་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་གར་འདུས་པའི་དགེ་སློབ་ཀུན་ལ་ཕྱི་ལོ་གསར་པའི་འཚམས་འདྲི་བསྩལ་བ་དང་ཆབས་ཅིག ལྟེ་གནས་ཁང་དེ་ད་ཆ་ལོ་ངོ་༥༠འཁོར་བ་དང་གྲུབ་འབྲས་གང་མཚམས་ཤིག་ཐོན་ཡོད་པ་དེ་ནི། མི་རབས་ནས་མི་རབས་སྙིང་སྟོབས་བསྐྱེད་ནས་འབད་བརྩོན་བྱས་པའི་འབྲས་བུ་ཞིག་ཏུ་བཀའ་གནང་པ་དང་། སྐུ་ལས་སྐྱོན་མཁན་མང་ཆེ་བ་འདས་གྲོངས་སུ་གྱུར་ཚར་ཡོད་སྟབས་ཁོང་རྣམ་པའི་རླབས་ཆེན་གྱི་བྱ་གཞག་ལ་རྗེས་དྲན་ཞུ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་ཡིན་པའི་ལམ་སྟོན་མཛད་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ཤེས་ཡོན་ལྟེ་གནས་ཁང་དེས་ད་བར་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཙམ་དུ་མ་ཟད། ཕྱི་རྒྱལ་མང་པོའི་ནང་དུ་བོད་ཀྱི་ཆོས་དང་རིག་གནས་ཀྱི་ཐོག་ནས་ཞབས་ཞུ་བསྒྲུབས་དང་སྒྲུབ་མུས་ཡིན་པར་བསྔགས་བརྗོད་དང་། ལྷག་པར་འབྱུང་གྱུར་ཡང་༸གོང་ས་མཆོག་གིས་དགོངས་གཞིའི་ཐོག་ལ་འབད་པ་བསྐྱེད་ནས་ཞབས་འདེགས་རླབས་པོ་ཆེ་འཇོག་གལ་ཡིན་པའི་འབོད་སྐུལ་བཅས་གནང་འདུག དབུས་གཙུག་ལག་སློབ་གཉེར་ཁང་དེ་ནི་བཙན་བྱོལ་ནང་དུ་རྒྱ་གར་གཞུང་གི་ངོས་འཛིན་ཡོད་པའི་ཆེས་མཐོའི་ཤེས་ཡོན་ལྟེ་གནས་ཁང་སྙིང་གྲས་དང་གལ་ཆེ་ཞིག་ཆགས་ཀྱི་ཡོད་པ་རེད། ད་ལྟའི་ཆར་གཙུག་ལག་སློབ་གཉེར་ཁང་དུ་དགེ་སློབ ༥༠༠ཡས་མས་འདུག་པ་དང་། སློབ་ཚན་གཙོ་བོ་རང་གཞུང་དང་རྒྱ་གཞུང་གཉིས་ཀྱི་ཐོག་ནས་ལོ་རྒྱུས་དང་བརྡ་སྤྲོད་རིག་གནས། གཞན་ཡང་གསོ་བ་རིག་པ་སོགས་སློབ་འཁྲིད་གནང་གི་འདུག  

༸གོང་ས་མཆོག་ནས་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུའི་ཐོག་དབུ་བཞུགས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་རྒྱ་གར་ Uttra Pradesh མངའ་སྡེ་ནང་དུ་ རྟེན་གཞི་བྱས་པའི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་རྒྱ་གར་ལྟ་གྲུབ་དང་ཚན་རིག་ནང་སེམས་ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུའི་ཐོག་དབུ་བཞུགས་མཛད་ཡོད་པ་རེད།   མགོན་པོ་༸གང་ཉིད་མཆོག་གིས་མཛད་སྒོའི་ཐོག་འདས་པའི་ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་འགྲོ་བ་མི་རྣམས་ནས་རང་ལ་བཟང་ཕྱོགས་ཀྱི་ནུས་སྟོབས་ཡོད་པ་དེ་དག་བེད་སྤྱོད་ལོག་པར་བཏང་ནས་མིའི་སྤྱི་ཚོགས་འདི་བཞིན་མི་གསོད་ཁྲག་སྦྱོར་དང་གཏོར་རྒོལ་སོགས་དམག་འཁྲུག་ཅན་གྱི་སྤྱི་ཚོགས་ཤིག་བཟོས་ཡོད་པ་བཀའ་གནང་པ་དང་འབྲེལ། དེང་གི་དུས་རབས་འདིའི་ནང་འཛམ་གླིང་ཤར་ནུབ་དང་བྱང་ཤར་སོགས་ཕྱོགས་གང་སར་ཡོད་པའི་འགྲོ་བ་མིའི་སྤྱི་ཚོགས་ནང་ཚོང་འབྲེལ་དང་ཁོར་ཡུག གནམ་གཤིས་འགྱུར་ལྡོག་སོགས་གང་འདྲ་ཞིག་ཡིན་ཡང་ཚང་མ་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་གྲུབ་ཡོད་སྟབས། འགྲོ་བ་མི་རྣམས་ནས་འདས་ཟིན་པའི་དམག་འཁྲུག་གི་བསམ་བློ་དེ་དག་དོར་ཏེ་དཀའ་རྙོག་རིགས་འཕྲད་སྐབས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་གནང་སྟེ་དུས་རབས་༢༡ པ་འདི་བཞིན་འཚེ་བ་མེད་པ་གྲོས་མོལ་གྱི་དུས་རབས་ཤིག་བསྐྲུན་དགོས་གལ་ཡིན་པ་སོགས་ལམ་སྟོན་བཀའ་སློབ་རྒྱ་ཆེ་བསྩལ་འདུག

༸གོང་ས་མཆོག་ཝ་ཎ་སིར་༸ཞབས་སོར་བདེ་བར་འཁོད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག རྒྱ་གར་རྒྱལ་ས་ལྡི་ལི་ནང་གི་མཛད་འཕྲིན་ལེགས་པར་འགྲུབ་ཀྱིས་དེ་རིང་ཉིན་རྒྱབ་གནས་མཆོག་ཝ་ཎ་སི་༸ཞབས་སོར་བདེ་བར་འཁོད་འདུག ༸གོང་སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཝ་ན་གཙུག་ལག་སློབ་གཉེར་ཁང་དུ་༸ཞབས་གསོར་འཁོད་སྐབས། ཕེབས་བསུར་ཝ་ན་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱི་ལགས་ཀྱི་གཙོས་པས། གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་མ་རྣམས་ནས་དགའ་དད་སྤྲོ་གསུམ་ངང་མགོན་པོ་མཆོག་ལ་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་འདུག མཛད་འཆར་ལྟར་ན། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སང་ཉིན་ཕྱི་ཚེས་༣༠་དང་སྣང་ཉིན་༣༡བཅས་སུ་ཁུལ་དེའི་ནང་ཝ་ཎ་དབུས་གཙུག་ལག་སློབ་གཉེར་ཁང་ནས་གོ་སྒྲིག་ཞུས་པའི་རྒྱ་གར་གྱི་གནའ་བོའི་ལྟ་གྲུབ་དང་དེང་དུས་དུས་ཚན་རིག་ཞེས་པའི་རྒྱལ་ཚོགས་ལྷན་ཚོགས་དབུ་འབྱེད་དང་བཀའ་སློབ་བཀྲིན་བསྩལ་གནང་གི་ཡོད་པ་དང། ལྷན་ཚོགས་དེའི་ཐོག་ཨ་རི་དང་ཧྥ་རན་སི། ཨི་ཊ་ལི་བཅས་ནས་མཚན་རིགས་མཁས་དབང་དང། དེ་བཞིན་ཤི་རི་ལང་ཀའི་ནང་པ་དང། རྒྱ་གར་གྱི་གཙུག་ལག་སློབ་གྲྭ་ཆེན་མོའི་མཁས་དབང་སོགས་འདུ་མཁྱོན་མི་གྲངས་༡༥༠༠ལྷག་བཅར་གྱི་འདུག དེ་བཞིན་ཕྱི་ཟླ་དང་པོིའི་ཚེས་༡ཉིན། ཝ་ཎ་གཙུག་ལག་སློབ་གཉེར་ཁང་ནས་དབུ་བརྙེས་ནས་མི་ལོ་༥༠འཁོར་བའི་དུས་དྲན་མཛད་སྒོ་ཐོག་སྐུ་མགྲོན་གཙོ་བོར་༸གོང་ས་མཆོག་གིས་དབུས་པས། གཞན་ཡང་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དམིགས་བསལ་སྐུ་མགྲོན་དང། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མིའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སོགས་གཞུང་འབྲེལ་གནད་ཡོད་མི་སྣ་དང། དེ་བཞིན་དགེ་ལས་སློབ་ཟུར་བཅས་ཕེབས་ཀྱི་འདུག    

༸གོང་ས་མཆོག་ལ་ཁ་ཆེའི་ཆོས་ལུགས་ཀྱི་དབུ་ཁྲིད་ཞིག་ནས་ཆེས་བསྟོད་གཟེངས་རྟགས་ཤིག་ཕུལ་འདུག

  བོད་མིའི་བླ་ན་མེད་པའི་དབུ་ཁྲིད་ སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཤི་ཡ་ཁ་ཆེའི་ཆོས་ལུགས་ཀྱི་དབུ་ཁྲིད་ཞིག་ནས་ཆེས་བསྟོད་གཟེངས་རྟགས་ཤིག་ཕུལ་སོང་བ་དང་། གཟེངས་རྟགས་དེ་ནི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་༸གང་ཉིད་ཀྱི་རྒྱལ་སྤྱིའི་ཁྱོན་དུ་ཞི་བདེ་གོང་འཕེལ་དང་ཆོས་ལུགས་དང་མི་རིགས་སོགས་དབྱེ་བ་མེད་པར་ཕན་ཚུན་མཐུན་འབྲེལ་གོང་འཕེལ་ལས་དོན་བཅས་ཀྱི་རླབས་ཆེན་མཛད་འཕྲིན་ལ་ཆེས་བསྟོད་ཞུས་པའི་གཟེངས་རྟགས་ཤིག་ཡིན་པ་རེད། དེ་ཡང་ད་རང་སྔ་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ནེ་རུ་གཙུག་ལག་སློབ་གྲྭའི་ནང་སློབ་གྲྭ་ཆེན་མོ་དེའི་ཨ་རབ་དང་ཨ་ཕི་རི་ཀའི་སློབ་གཉེར་བལྟེ་གནས་དང་།   Qutbi jubilee scholarship Program  ཞེས་ཁ་ཆེའི་ཚོགས་པ་གཉིས་ཐུན་མོང་གིས་གོ་སྒྲིག་ཞུས་པའི་ཆོས་ལུགས་མཐུན་འབྲེལ་གྱི་ལྷན་ཚོགས་ཤིག་གི་ཐོག་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་མགྲོན་གཙོ་བོའི་ངོ་བོར་གདན་ཞུ་གནང་ཡོད་པ་མ་ཟད།   འཛམ་གླིང་གི་ཆོས་ལུགས་ཆེ་ཁག་ཡེ་ཤུ་དང་ཁ་ཆེ། ཧིན་དྷུ། སིག་དང་ཇེན། མཇེའུ་སོགས་ཀྱི་བླ་ཆེན་དབུ་བཞུགས་གནང་བའི་ལྷན་ཚོགས་དེའི་ཐོག་ནས།   མགོན་པོ་༸གང་ཉིད་མཆོག་ལ་ཁ་ཆེའི་ཤི་ཡ་བྷོ་ར་ཆོས་ལུགས་ཀྱི་བླ་ཆེན་ Syedna Taher  Fakhruddin Saheb  མཆོག་ནས་ཆེས་བསྟོད་ཀྱི་གཟེངས་རྟགས་དེ་དང་དངུལ་འབོར་ཧིན་སྒོར་འབུམ་བཅུ་བཅས་ཕུལ་ཡོད་པ་རེད། ༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་ད་རེས་ JNU གཙུག་ལག་སློབ་གྲའི་སློབ་གཉེར་སྡེ་ཚན་དང་ཁ་ཆེའི་ཆོས་ལུགས་ཀྱི་ངོས་ནས་ལྷན་ཚོགས་དེ་ལྟར་ཞིག་གོ་སྒྲིག་ཞུས་ཐུབ་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བའི་སྐོར་དང་།   ལྷག་པར་དེང་སྐབས་འཛམ་གླིང་ནང་ཁ་ཆེའི་ཆོས་ལུགས་པ་ཚོར་ལྟ་སྟངས་ངན་པ་ཞིག་ཡོད་པ་དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པ་དང་།   མགོན་པོ་༸གང་ཉིད་ཀྱི་ངོས་ནས་དགུ་པའི་བཅུ་གཅིག་གི་དོན་རྐྱེན་དེའི་རྗེས་དངོས་སུ་ཕྱི་ལ་ཐོན་སྟེ་ཁ་ཆེའི་ཐོག་འཛིན་པའི་བསམ་ཚུལ་དེར་ཁས་ལེན་རྩ་བ་ནས་མེད་པ་གསལ་པོར་བཤད་ཀྱི་ཡོད་བཀའ་བསྩལ་གནང་བ་མ་ཟད།    སྤྱིར་སྟངས་ཆོས་ལུགས་ཆེ་ཁག་ཕན་ཚུན་ཙམ་མ་ཟད་ཆོས་ལུགས་གང་ཟག་ནང་ཁུལ་ཡང་ཕྲན་བུའི་རྙོག་ཁྲ་དེ་འདྲ་ཡོང་གི་ཡོད་པ་ཡིན་ནའང་།    སྤྱི་ཡོངས་ནས་ཆོས་ལུགས་ཚང་མའི་བསླབ་བྱ་དེ་ཞི་བདེ་མཉམ་གནས་བྱེད་རྒྱུ་དེ་ཡིན་སྟབས་རྒྱུན་དུ་བསམ་བློ་རྒྱ་ཆེ་ས་ནས་གཏོང་དགོས་པ་སོགས་ཀྱི་ལམ་སྟོན་བཀྲིན་བསྩལ་ཡོད་པ་རེད། གཞི་རྩའི་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ་ཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་ཡོད་པ་དང་།     མགོན་པོ་༸གང་ཉིད་མཆོག་སང་ཉིན་མཛད་ཆར་སྔོན་སྒྲིག་ལྟར་རྒྱ་གར་ཡུ་སྤི་མངའ་སྡེའི་ཝ་ར་ན་སིར་ཆིབས་བསྒྱུར་གནང་གི་ཡོད་པ་རེད།      

Latest news