Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

ཨི་ཐ་ཁའི་གྲོང་ཁྱེར་ནང་༸གོང་ས་མཆོག་གི་མཚན་གནས་རྗེས་དྲན་གྱི་དཔེ་མཛོད་ཁང་དང་འགྲེམས་སྟོན་ཁང་ཞིག་ཆེད་འཛུགས་གནང་རྒྱུ།

ཨ་རིའི་གྲོང་ཁྱེར་ Ithaca ནང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་མོ་མཆོག་གི་མཚན་གནས་རྗེས་དྲན་གྱི་དཔེ་མཛོད་ཁང་དང་འགྲེམས་སྟོན་ཁང་ཞིག་ཆེད་འཛུགས་གནང་རྒྱུ་རེད་འདུག དེ་ཡང་ Ithaca Journal ཐོག་གནས་ཚུལ་ཐོན་པར་གཞིགས་ན། ད་རེས་ Ithaca གྲོང་ཁྱེར་ནང་ Dalia Lama’s library ཞེས་༸གོང་ས་༸སྐྱབས་མགོན་ཆེན་མོ་མཆོག་གི་མཚན་གནས་རྗེས་དྲན་གྱི་དཔེ་མཛོད་ཁང་དང་འགྲེམས་སྟོན་ཁང་དེ་ཁུལ་དེའི་ནང་རྟེན་གཞི་བྱས་པའི་རྣམ་རྒྱལ་གྲྭ་ཚང་འགན་འཁུར་འོག་ཆེད་འཛུགས་གནང་རྒྱུ་ཡིན་འདུག་པ་དང། དཔེ་མཛོད་ཁང་དེའི་སྒྲོམ་གཞི་དང་ཁྱད་ཆོས་ནི་ཨ་རིའི་སྲིད་འཛིན་གྱི་དཔེ་མཛོད་ཁང་ལྟར། དཔེ་མཛོད་ཁང་དེའི་ནང་ལ་༸གོང་ས་མཆོག་གི་ད་བར་ལྗགས་རྩོམ་མཛད་པའི་ཕྱག་དེབ་དང་ཆོས་འབྲེལ་གྱི་ཕྱག་དཔེ། དེ་བཞིན་བརྙན་མཛོད་དང་གསུང་མཛོད། གཞན་ཡང་༸སྐུ་ཆས་སོགས་ཡོད་པའི་ལྟེ་གནས་ཁང་ཞིག་ཆགས་ཀྱི་འདུག ལྷག་པར་དུ་ཐེངས་འདིའི་ ༸གོང་ས་༸སྐྱབས་མགོན་ཆེན་མོ་མཆོག་གི་མཚན་གནས་རྗེས་དྲན་གྱི་དཔེ་མཛོད་ཁང་དང་འགྲེམས་སྟོན་ཁང་དེ་ལྟ་བུ་ཆེད་འཛུགས་གནང་པའི་དགོས་དམིགས་གཙོ་བོ་ནི་ད་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཡུལ་གྲུ་ཀུན་ལ་བསྐྱངས་གནང་མཛད་པའི་རླབས་ཆེན་གྱི་མཛད་རྗེས་ཁག་སྲུང་སྐྱོབ་ཞུ་རྒྱུའི་ཆེད་ཡིན་པ་རེད་འདུག ད་ལན་ Ithaca གྲོང་ཁྱེར་ནང་༸གོང་ས་༸སྐྱབས་མགོན་ཆེན་མོ་མཆོག་གི་མཚན་གནས་རྗེས་དྲན་གྱི་དཔེ་མཛོད་ཁང་དང་འགྲེམས་སྟོན་ཁང་ཆེད་འཛུགས་གནང་རྒྱུའི་གསལ་བསྒྲགས་དེའང་ཁ་སང་ཚེས་ ༦ སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགུང་གྲངས་ ༨༡ ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་སྲུང་བརྩི་དང་བསྟུན་ནས་གསལ་བསྒྲགས་གནང་བ་ཞིག་དང། མཛད་སྒོའི་ཐོག Ithaca གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ Svante Myrick ལགས་དང། གཞུང་འབྲེལ་གནད་ཡོད་མི་སྣ་ཁག་ཅིག་སོགས་ཕེབས་འདུག སྐབས་དེར་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ Svante Myrick ལགས་ཀྱི་ལས་འཆར་འདི་ནི་ད་ལན་ Ithaca གྲོང་ཁྱེར་ལ་གོ་སྐབས་ཧ་ཅང་བཟང་པོ་ཞིག་ཡིན་པ་དང། ང་ཚོའི་ལས་འཆར་འདིའི་ཐོག་ཕྱོགས་གང་ས་ནས་མཐུན་འགྱུར་རོགས་རམ་གང་ཐུབ་ཞུ་རྒྱུ་ཡིན་ཅེས་གསུངས་འདུག ཁོང་གི་ངོ་དེབ་ཐོག་ད་བར་འཛམ་གླིང་ནང་གི་གྲོང་ཁྱེར་མང་པོ་ཞིག་གི་༸གོང་ས་༸སྐྱབས་མགོན་ཆེན་མོ་མཆོག་གི་མཚན་གནས་རྗེས་དྲན་གྱི་དཔེ་མཛོད་ཁང་དང་འགྲེམས་སྟོན་ཁང་ཆེད་འཛུགས་གནང་རྒྱུར་འབོད་སྐུལ་ཞུས་ཡོད་ཀྱང། ད་ལན་Ithaca གྲོང་ཁྱེར་ལ་རྒྱལ་ཁ་ཐོབ་ཡོད་པ་གསུངས་པ་སོགས་གསུངས་འདུག དེ་བཞིན་ལས་འཆར་འདིའི་འགན་འཁུར་མི་སྣ་ཁུལ་དེའི་རྣམ་རྒྱལ་གྲྭ་ཚང་གི་དགེ་བཤེས་བསྟན་འཛིན་ཆོས་བཟང་ལགས་ཀྱིས་ལྟེ་གནས་ཁང་འདིའི་དམིགས་ཡུལ་གཙོ་བོ་ནི། ཚན་རིག་པ་དང་ནང་ཆོས་སློབ་གཉེར་བ་ཕན་ཚུན་མཉམ་གནས་ཡོང་རྒྱུ་དང། ལྷག་པར་དུ་ཆེད་འཛུགས་གནང་རྒྱུའི་༸གོང་ས་༸སྐྱབས་མགོན་ཆེན་མོ་མཆོག་གི་མཚན་གནས་རྗེས་དྲན་གྱི་དཔེ་མཛོད་ཁང་དང་འགྲེམས་སྟོན་ཁང་དེའི་བརྒྱུད་ནས་ནང་པ་སངས་རྒྱས་པའི་ཆོས་དང་ལྟ་གྲུབ་སོགས་ཀྱི་དོ་དབྱིངས་ཡོད་མཁན། མ་འོངས་པར་གཞོན་སྐྱེས་སློབ་གཉེར་བ་དང་ཞིབ་འཇུག་པ། རྩོམ་པ་པོ་བཅས་ལ་ཕན་ཐོགས་ཡོང་སླད་ཡིན་པ་གསུངས་ཡོད་པ་རེད།

བལ་ཡུལ་ཉེན་རྟོག་པས་འཛིན་བཟུས་བྱས་པའི་བོད་མི་རྣམས་གློད་གྲོལ་བཏང་འདུག

ཁ་སང་ཚེས་ ༦ ཉིན་བལ་ཡུལ་གཞུང་ནས་བོད་མི་ཚོར་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་མི་བཅུག་པའི་དམ་དྲག་འོག་འཛིན་བཟུང་བྱས་པའི་བོད་མི་དེ་དག་ཁ་སང་ཕྱི་དྲོ་གློད་གྲོལ་བཏང་འདུག དེའང་བལ་ཡུལ་ནང་ཁ་སང་བལ་ཡུལ་གཞུང་གིས་ཁུལ་དེའི་ནང་གི་བོད་མི་ཚོས་༸གང་ཉིད་ཀྱི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཅུག་མེད་པ་མ་ཟད། མཆོད་འབྱོར་ས་གནས་འགོ་འཛིན་གཙོས་པའི་བོད་མི་ ༢༥ དང་། བལ་ཡུལ་ཡུལ་མི་གསུམ་བཙན་དབང་གིས་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད། དེ་རིང་འདི་ག་རླུང་འཕྲིན་ཁང་ནས།་ཁ་སང་འཛིན་བཟུང་བྱས་པའི་མཆོད་འབྱོར་ས་གནས་འགོ་འཛིན་སྐལ་བཟང་དོན་གྲུབ་ལགས་སུ་ཞལ་པར་བརྒྱུད་ནས་གནས་སྟངས་ཇི་ཆགས་ཐད་བཀའ་འདྲི་ཞུས་པར་ཁོང་གིས་ས་གནས་བལ་ཡུལ་ཉེན་རྟོག་པས་བཀག་དཀྱིལ་ཁང་མི་འདྲ་བ་གསུམ་ནང་རེ་མོས་གནས་སྤོ་བྱེད་བཅུག་འདུག་ཀྱང་། མཐར་ཁ་སང་ཕྱི་དྲོ་ཚོུད་ལྔ་ཙམ་ལ་ཁོང་གཙོས་པའི་བོད་མི་གཞན་རྣམས་གློད་གྲོལ་བཏང་འདུག དེ་བཞིན་བལ་ཡུལ་ས་གནས་གཞོན་ནུ་པ་སངས་ཆུང་བདག་ལགས་ཀྱི་གསུངས་པར་ཉེ་ཆར་རྒྱ་གཞུང་གི་དཔོན་རིག་ཁག་ཅིག་བལ་ཡུལ་ནང་སླེབས་རྗེས་རྒྱ་གཞུང་གིས་གནོན་ཤུགས་འོག བལ་ཡུལ་ནང་སྔར་ལྷག་དམ་དྲག་བྱེད་ཤུགས་ཆེ་རུ་ཕྱི་ན་ཡོད་པ་མ་ཟད། ལོ་རྗེས་མ་ཡང་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུར་ཁག་པོ་ཆགས་རྒྱུའི་ཉེན་ཁ་ཡོད་པ་གསུངས་སོང་། ཁ་སང་བལ་ཡུལ་གཞུང་གིས་བོད་མི་ཚོས་ཁུལ་དེའི་ནང་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཅུག་མེད་པ་དང་། བོད་མི་ཁག་ཅིག་འཛིན་བཟུང་བྱས་པའི་གནས་ཚུལ་ཁག་བརྒྱུད་ལམ་ཁག་ཏུ་ཐོན་སྟབས། བོད་མི་ཁག་ཅིག་གིས་བལ་ཡུལ་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་དང་བློ་ཕམ་གྱི་རྣམ་འགྱུར་ཤུགས་ཆེ་སྟོན་མཁན་འདུག་པ་མ་ཟད། བལ་ཡུལ་གཞུང་གིས་རང་ཉིད་ཀྱི་རང་དབང་བློས་གཏོང་བྱས་ཏེ་རྒྱ་གཞུང་གིས་གནོན་ཤུགས་འོག་མགོ་འགུར་བར་ངོས་འཛིན་ཞུ་མཁན་ཡང་འདུག ལྷག་པར་དུ་ད་རེས་ཀྱི་གནད་དོན་དེའི་ཐོག བལ་ཡུལ་ནང་ཡོད་པའི་ Inhured རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་གི་བཀའ་རྒྱ་གང་ཡང་མེད་པར་བོད་མི་རྣམས་གང་བྱུང་འཛིན་བཟུང་བཀག་ཉར་བྱས་པར་སྐྱོན་བརྗོད་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག དེའི་ནང་བལ་ཡུལ་གཞུང་དང་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩའི་རྩ་ཁྲིམས་འབྲུ་དོན་ནང་དུ་མི་སྣ་སུ་འདྲ་ཞིག་ཡིན་རུང་། ཆོས་ཕྱོགས་དང་འདུ་འཛོམས་ཀྱི་རང་དབང་ཡོད་པ་གསལ་ཡོད་པ་ལྟར། ད་ལན་བལ་ཡུལ་ཉེན་རྟོག་པས་གཞི་རྩའི་འབྲུ་དོན་དེ་དག་བརྩི་མེད་ཀྱིས་བོད་མིར་གང་བྱུང་འཛིན་བཟུང་བྱས་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་གི་རྩ་ཁྲིམས་དང་འགལ་བའི་བྱ་སྤྱོད་ཞིག་རེད་ཅེས་སྐྱོན་བརྗོད་བྱས་པ་དང་སྦྲགས། བལ་ཡུལ་གཞུང་གིས་སླད་མར་བྱ་སྤྱོད་དེའི་རིགས་སྤེལ་རྒྱུ་མེད་པར་ནན་སྐུལ་ཤུགས་ཆེ་བྱས་འདུག

༸གོང་ས་མཆོག་དབུ་བཞུགས་ཐོག་འབྲས་སྤུངས་བླ་སྤྱིར་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་པ།

དེ་རིང་ཟླ་ ༧ ཚེས་ ༦ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་བླ་སྤྱིར་༸གང་ཉིད་མཆོག་ཕྱི་ལུགས་དགུང་གྲངས་ ༨༡ དང་བོད་ལུགས་དགུང་གྲངས་ ༨༢ ཕེབས་པའི་གཞུང་འབྲེལ་གྱི་༸སྐུའི་འཁྲུངས་སྐར་དང་། མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཚུགས་ནས་ལོ་ངོ་ ༥༠ འཁོར་བའི་དུས་ཆེན་གཉིས་ལྷན་ཅིག་ཏུ་༸གང་ཉིད་མཆོག་དབུ་བཞུགས་ཀྱིས་གཙོས་དེ་སྔོན་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཚུགས་རྒྱུར་མཐུན་གྱུར་དང་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཀ་ན་ཊ་ཀ་མངའ་སྡེའི་བློན་ཆེན་འདས་པོ་སྐུ་ཞབས་ནི་ཇ་ལིང་གཱ་པ་མཆོག་གི་བཀྲིན་རྗེས་དྲན་ཞུ་ཕྱིར་ཁོང་གི་སྐུ་ཚ་ཞིག་ཀྱང་གདན་ཞུས་དང་། དམིགས་བསལ་སྐུ་མགྲོན་དུ་ཀར་ན་ཊ་ཀ་མངའ་སྡེའི་བློན་ཆེན་གྱི་ལྕམ་སྐུ་umashreeji མཆོག་དང་རྩ་ཆེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་ShriR.V.Dephande མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གསུམ་སོགས་ཕྱི་ནང་གི་སྐུ་མགྲོན་མང་དག་ཞིག་གདན་ཞུས་གནང་པ་མ་ཟད། དེ་བཞིན་བོད་མི་སེར་སྐྱ་མང་ཚོགས་བཅས་སྟོང་ཕྲག་བརྒལ་བ་ལྷན་འཛོམས་ཐོག་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་གནང་ཡོད་པ་རེད་འདུག སྐབས་དེར་ཆེས་ཐོག་མར་འབྲས་སྤུངས་ཁྲི་པ་མཆོག་ནས་གུས་བསུའི་འཚམ་འདྲིའི་གསུང་བཤད་གནང་པ་དང་། འཁྲུངས་སྐར་གྱི་མངར་ཟས་འདེགས་འབུལ་ཞུས་གནང་སོང་བ་དང་། དེ་བཞིན་ཕྱི་ལོ་ ༡༩༦༦ ལོར་མོན་གྷོ་བོད་མིའི་གཞིས་ཆགས་ཚུགས་ནས་ད་བར་ལོ་ངོ་ ༥༠ ཧྲིལ་པོ་འཁོར་བར་མོན་གྷོ་འདོད་རྒུ་གླིང་གི་སེར་སྐྱ་མི་མང་ཚོགས་ཡོངས་ནས་མགོན་པོ་༸གང་ཉིད་མཆོག་ལ་ བཀའ་དྲིན་རྗེས་དྲན་མཚོན་ཕྱིར་དངུལ་ལས་གྲུབ་པའི་ཆོས་ཀྱིི་འཁོར་ལོ་གསར་ཚགས་ཅན་ཞིག་འབུལ་ལམ་ཞུས་ཡོད་པ་རེད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་བའི་ནང་ང་ཚོ་བཙན་བྱོལ་དུ་འགྱར་ཏེ་ལོ་ངོ་ ༥༧ ཕྱིན་ཡོད་པ་དང་དེ་སྔོན་འཛམ་གླིང་ཐོག་བོད་མི་ཟེར་བ་དེ་རྗེས་ལུས་དང་ཡ་མཚན་ཅན་ཞིག་ཏུ་རྩིས་བཞིན་ཡོད་ན་ཡང་། དེང་སྐབས་ང་ཚོས་སྤོབས་པ་བྱེད་འོས་པ་ཞིག་ནི་ད་བར་ང་ཚོས་རྩ་ཆེར་གཅེས་ཉར་བྱས་པའི་སེམས་ཁམས་རིག་པ་དང་འབྲེལ་བའི་ནང་པའི་ལྟ་གྲུབ་ཀྱི་ཤེས་ཡོན་དེས་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་པའི་དུས་ལ་སླེབས་ཡོད་སྐོར་བཀའ་སྩལ་དང་སྦྲགས། དེང་སྐབས་ང་ཚོས་འགྲིག་བསྡད་ཡོད་བསམ་ནས་ཆོག་ཞེན་བྱས་ཏེ་ལྷོད་གཡེངས་མ་བཏང་བར་ད་དུང་མུ་མཐུད་ཡར་རྒྱས་དང་འཐུས་ཤོར་མེད་པ་བྱེད་དགོས་པའི་བཀའ་སློབ་བརྩལ་གནང་སོང་།    གཞན་ཡང་སློབ་ཕྲུག་ཚོར་དམིགས་ནས་ཁྱེད་རང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་བདག་པོ་རྒྱག་མཁན་ཡིན་པས་ཚང་མས་ཧུར་ཐག་བྱེད་དགོས་པའི་བཀའ་སློབ་བསྩལ་བ་མ་ཟད། ༸གང་ཉིད་མཆོག་ནས་ཁ་ཆེ་དང་ཡེ་ཤུ་ཧིན་དུ་བཅས་ཆོས་ལུགས་ཁག་གསུམ་གྱི་བླ་ཆེན་རྣམ་པ་དང་གཞན་ཡང་རྒྱ་གར་སྐུ་མགྲོན་རྣམས་ལ་༸གོང་ས་མཆོག་གི་ཕྱག་ནས་སྟོན་པའི་༸སྐུ་བརྙན་གྱི་དྲན་རྟེན་ཕྱག་རྟགས་རེ་རེ་གནང་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་མཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ནས་བཀའ་སྤྱི་གཉིས་ཀྱི་འཁྲུངས་སྐར་དང་འབྲེལ་བའི་ཡོངས་ཁྱབ་གསུང་འཕྲིན་སྙན་སྒྲོན་གནང་སོང་། བཀའ་ཤག་གི་གསུང་འཕྲིན་དེའི་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཚེའི་ནང་བོད་དང་བོད་མིའི་ཆེད་རླབས་ཆེན་གྱི་ཆོས་སྲིད་གཉིས་ཀྱི་མཛད་འཕྲིན་བསྐྱངས་ཁག་ལ་དྲན་གསོ་དང་བཀའ་དྲིན་རྗེས་དྲན་ཞུས་ཡོད་པ་མ་ཟད། སྔ་ལོ་སྲིད་སྤྱི་གཉིིས་ཀྱི་འོས་བསྡུའི་སྐབས་ཆོལ་ཁའི་འཐེན་འཁྱེར་སོགས་ཀྱི་ཐད་༸གོང་ས་མཆོག་གིས་བོད་མི་རྣམས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དགོས་གལ་ཆེ་བ་སོགས་ཀྱི་ལམ་སྟོན་གནང་ཁག་ལུང་འདྲེན་དང་བཅས་བོད་མི་ཚང་མས་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་ཁྱེར་སྤངས་ཏེ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་བྱེད་གལ་ཆེ་བ་སོགས་ཀྱི་གཏམ་བཤད་གནང་ཡོད་པ་རེད། གོང་ཚེས་ཉིན་རྒྱབ་ཏུ་༸གོང་ས་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གི་ཆོས་ར་གསར་པ་དབུ་འབྱེད་རབ་གནས་མཛད་ཡོད་པ་དང་། སང་ཚེས་ ༧ ཉིན་༸གང་ཉིད་མཆོག་གི་སྐུ་འཁོར་ལྷན་རྒྱས་ མོན་གྷོ་བོད་མིའི་གཞིས་ཆགས་ནས་བཞུགས་སྒར་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་རྒྱུ་རེད་འདུག

བཞུགས་སྒར་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།

དེ་རིང་ཟླ་ ༧ ཚེས་ ༦ ཉིན་གྱི་སྔ་དྲོ་ཚོུད་ ༨ ཐོག་བཞུགས་སྒར་ལྷ་རྒྱལ་རིར་༸སྐུ་ཁམས་དང་མཐུན་པའི་༸སྐུ་རླུང་དར་འཛུགས་གྲུབ་བསྟུན། ཚོུད་ ༡༠ པའི་ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་གི་གསུང་ཆོས་ར་བའི་ནང་འཁྲུངས་སྐར་དུས་ཆེན་གྱི་དམིགས་བསལ་སྐུ་མགྲོན་དུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇེ་སིངྒ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ ཚབ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་སོགས་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་ཁག་ཅིག་དང་། དེ་བཞིན་ས་གནས་ཀྱི་སེར་སྐྱ་རྒན་གཞོན་བཅས་མང་ཚོགས་རྣམས་ཚང་འཛོམས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༡ ཕེབས་པའི་༸སྐུའི་འཁྲུངས་སྐར་བརྩི་གཟབ་རྒྱས་ཞུས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྣམ་གཉིས་ནས་བཀའ་སྤྱི་གཉིས་ཀྱི་གསུང་འཕྲིན་སྒྲོག་གནང་པ་དང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཚེའི་ནང་བོད་དང་བོད་མིའི་ཆེད་རླབས་ཆེན་གྱི་ཆོས་སྲིད་གཉིས་ཀྱི་མཛད་འཕྲིན་བསྐྱངས་ཁག་ལ་དྲན་གསོ་དང་བཀའ་དྲིན་རྗེས་དྲན་ཞུས་ཡོད་པ་མ་ཟད། སྔ་ལོ་སྲིད་སྤྱི་གཉིིས་ཀྱི་འོས་བསྡུའི་སྐབས་ཆོལ་ཁའི་འཐེན་འཁྱེར་སོགས་ཀྱི་ཐད་༸གོང་ས་མཆོག་གིས་བོད་མི་རྣམས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དགོས་གལ་ཆེ་བ་སོགས་ཀྱི་ལམ་སྟོན་གནང་ཁག་ལུང་འདྲེན་དང་བཅས་བོད་མི་ཚང་མས་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་ཁྱེར་སྤངས་ཏེ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་བྱེད་གལ་ཆེ་བ་སོགས་ཀྱི་གཏམ་བཤད་གནང་ཡོད་པ་རེད།

དགེ་ལུགས་ཡོངས་དང་མོན་གྷོ་སེར་སྐྱ་མི་མང་གིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ།

དེ་རིང་ཟླ་ ༧ ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་ཚོུད་ ༨།༠༠ སྟེང་མོན་གྷོ་འབྲས་སྤུངས་བླ་སྤྱིའི་གཙུག་ལག་ཁང་དུ་དགེ་ལུགས་ཡོངས་དང་མོན་གྷོ་འདོད་རྒུ་གླིང་གི་སེར་སྐྱ་མི་མང་ཐོུང་གིས་༸རྒྱལ་བའི་༸སྐུའི་འཁྲུངས་སྐར་དང་བསྟུན་ཏེ་༸གོང་ས་༸སྐྱབས་མགོན་ཆེནེ་པོ་མཆོག་ལ་༸རྗེ་ཚེ་འཛིན་མའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་གནང་སོང་། དེའང་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་གི་ཆོས་རྗེ་རྣམ་གཉིས། འབྲས་སྤུངས་ཁྲི་པ་བཅས་ནས་སྤོས་སྣེ་དང་བཅས་མགོན་པོ་༸གང་ཉིད་མཆོག་འབྲས་སྤུངས་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གཟིམ་ཆུང་ནས་འབྲས་སྤུངས་ཚོགས་ཆེན་འདུ་ཁང་དུ་གདན་འདྲེན་ཞུས་ཏེ་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་དགའ་ལྡན་ཁྲི་པ་མཆོག་ནས་མཇལ་དར་ཕུལ་གནང་རྗེས། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་པཎ་གྲུབ་ ༡༧ གསོལ་འདེབས་སོགས་གསུང་འདོན་དང་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་འདེགས་འབུལ་གནང་སོང་། བརྟན་བཞུགས་དངོས་གཞིའི་སྐབས་རྡོ་རྗེ་སློབ་དཔོན་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་མཎྜལ་ལྗགས་བཤད་གནང་པ་དང་། གཞུང་འབྲེལ་སྲུང་མ་གནས་ཆུང་ཆོས་རྒྱལ་ཆེན་པོ་མཆོག་སྤྱན་འདྲེན་ཞུས་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་བའི་ནང་ཐེངས་འདིའི་བརྟན་བཞུགས་འདི་ནི་སྔར་གྱི་ལམ་ལུགས་སྲོལ་ཙམ་མིན་པར་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་ལྷག་བསམ་དང་མོས་གུས་གདུང་ཤུགས་དྲག་པོས་ཕུལ་བ་ཞིག་ཆགས་ཡོད་སྟབས། བདེན་པའི་ནུས་པ་ཞིག་གཏན་གཏན་ཡོད་པ་ཙམ་དུ་མ་ཟད། ལྷག་དོན་བསྟན་སྲུང་དམར་ནག་གཉིས་གཙོ་བོར་གྱུར་བའི་དཀར་ཕྱོགས་སྐྱོང་བའི་སྲུང་མ་ཚོས་ཀྱང་གྲོགས་དང་འཕྲིན་ལས་མཛད་བཞིན་ཡོད་སྐོར་བཀའ་བསྩལ་སོང་། ༸གོང་ས་མཆོག་གིས་༸གང་ཉིད་དགུང་ལོ་ ༡༡༣ བར་བཞུགས་ཐུབ་རྒྱུར་ལྷ་དང་བླ་མའི་ལུང་བསྟན་དང་གཟིམ་ལམ་སོགས་མང་པོ་ཞིག་ནས་རྟགས་མཚན་དུ་མ་བྱུང་ཡོད་སྐོར་དང་། མགོན་པོ་མཆོག་གིས་ཀྱང་རྒྱུན་དུ་༸སྐུ་ཚེ་ཡུན་དུ་འཚོ་བཞེས་ཐུབ་ཏེ་འགྲོ་དོན་རྒྱ་ཆེ་མཛད་ཐུབ་པའི་ཐུགས་སྨོན་གནང་བཞིིན་ཡོད་པ་བཀའ་བསྩལ་གནང་པ་དང་ཆབས་ཅིག ལྷག་དོན་༸གོང་ས་མཆོག་དགུང་ལོ་ ༡༡༣ བར་བཞུགས་ཐུབ་མིན་གཙོ་བོ་ནི་རྒྱུ་རྐྱེན་གྱི་རྟེན་འབྲེལ་མང་པོ་ཞིག་ལ་ལྟོོས་དགོས་པས་ཆོས་ཕྱོགས་ནས་བླ་སློབ་ཀྱི་དམ་ཚིག་དེ་གལ་ཆེན་པོ་ཡིན་སྟབས། བླ་མའི་༸སྐུ་ཚེ་སྲིང་མིན་གལ་ཆེ་ཤོས་ནི་དད་པ་དང་དམ་ཚིག་གཙང་མ་དགོས་པ་དེ་རེད་ཅེས་བཀའ་བསྩལ་མཛད་ཡོད་པ་རེད། གཞན་ཡང་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་ནས་གཏང་རག་གི་མཎྜལ་འདེགས་འབུལ་དང་ས་གནས་གཞིས་འགོ་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་འབྲེལ་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གི་ཚོགས་མིི་རྣམས་དང་ས་གནས་ཀྱི་འཐུས་མི་གསུམ་བཅས་ལ་མཇལ་ཁ་གནང་ནས་བརྟན་བཞུགས་ཀྱི་མཛད་སྒོ་མཇུག་སྒྲིལ་གནང་སོང་།

བལ་ཡུལ་ནང་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་བཅུག་མི་འདུག

དེ་རིང་བལ་ཡུལ་གཞུང་ནས་ཁུལ་དེའི་ནང་གི་བོད་མི་ཚོར་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཅུག་མེད་པ་མ་ཟད། མཆོད་འབྱོར་ས་གནས་འགོ་འཛིན་ཡང་ཉེན་རྟོག་པསའཛིན་བཟུང་བྱས་འདུག དེའང་དེ་རིང་བཙན་བྱོལ་ནང་གི་བོད་མིའི་གཞིས་སྡོད་གང་སར་བྱེད་སྒོ་འདྲ་མིན་བརྒྱུད་ནས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༡ ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ལ་དགའ་དད་སྤྲོ་གསུམ་གྱིས་དགའ་སྐྱིད་དཔལ་ལ་རོལ་བཞིན་སྲུང་བརྩི་ཞུ་བཞིན་ཡོད་ཀྱང་། བལ་ཡུལ་ནང་དེ་རིང་བལ་ཡུལ་གཞུང་གིས་ཁུལ་དེའི་ནང་གི་བོད་མི་ཚོར་༸གང་ཉིད་ཀྱི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཅུག་མི་འདུག བལ་ཡུལ་གྱི་ཉེན་རྟོག་པས་འཁྲུངས་སྐར་གྱི་མཛད་སྒོ་མ་འཚོགས་གོང་ནས་ཁུལ་དེའི་མཆོད་འབྱོར་ས་གནས་འགོ་འཛིན་སྐལ་བཟང་དོན་གྲུབ་ལགས་བཙན་འཁྲིད་ཀྱིས་འཛིན་བཟུང་བྱས་པ་མ་ཟད། ས་གནས་ཀྱི་བོད་མི་ཚོར་༸གང་ཉིད་ཀྱི་༸སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་མཚམས་འཇོག་དགོས་པའི་བཀོད་ཁྱབ་བཏང་དགོས་པའི་གནོན་ཤུགས་སྤྲད་ཡོད་པ་རེད། ད་ལྟའི་ཆར་འཁྲུངས་སྐར་གྱི་མཛད་སྒོ་ཚོགས་ཡུལ་སྲོང་བཙན་སློབ་གྲྭའི་མཐའ་འཁོར་དུ་བལ་ཡུལ་ས་གནས་ཉེན་རྟོག་པ་འཕོན་ཆེ་འགྲེམས་འཇོག་གིས་བོད་མི་ཚོ་སློབ་གྲྭའི་ར་བའི་ནང་བཀག་དཀྱིལ་བྱས་འདུག རྩ་བའི་ད་ལྟའི་ཆར་བལ་ཡུལ་ནང་བོད་མི་ ༡༢༠༠༠ ལྷག་ཡོད་པ་དང་རྒྱ་གཞུང་གི་གནོན་ཤུགས་འོག་བོད་མི་དེ་དག་ལ་རྒྱལ་ཁབ་དེའི་ནང་གནས་སྡོད་ཆོག་པའི་ཡིག་ཆ་རག་རྒྱུར་ངལ་བ་ཤུགས་ཆེ་འཕྲད་བཞིན་ཡོད་པ་མ་ཟད། ས་གནས་སུ་རྒྱུན་དུ་བོད་མི་ཚོ་བོད་དོན་དང་འབྲེལ་བའི་ལས་འགུལ་དང། ༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སོགས་སྲུང་རྩི་ཞུ་རྒྱུར་དམ་དྲག་བྱེད་བཞིན་ཡོད་པ་རེད།

༸གོང་ས་མཆོག་དབུ་བཞུགས་ཐོག་ནང་པའི་ལྟ་གྲུབ་དང་དེང་དུས་ཤེས་ཡོན་དབར་བགྲོ་གླེང་གནང་པ།

དེ་རིང་ཟླ་ ༧ ཚེས་ ༥ ཉིན་རྒྱབ་ཚོུད་ ༢ སྟེང་འབྲས་སྤུངས་བླ་སྤྱིའི་གཙུག་ལག་ཁང་དུ་༸གོང་ས་མཆོག་དབུ་བཞུགས་ཐོག་གྲོང་ཁྱེར་སྦེང་ལོར་ནང་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་ཕྲུག་དང་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་འདུན་པའི་དབར་ལ་ནང་པའི་ལྟ་གྲུབ་དང་དེང་དུས་ཤེས་ཡོན་གོ་རྟོགས་སྤེལ་རེས་ཀྱི་བགྲོ་གླེང་ཚོགས་ཡོད་པ་རེད། དེའང་དགེ་འདུན་པ་དང་སློབ་ཕྲུག་དབར་ལ་ནང་པའི་དབུ་མ་པ་དང་སེམས་ཙམ་པའི་ལྟ་གྲུབ། འཛམ་གླིང་མང་གཙོའི་ལམ་ལུགས་སྤྱི་དང་སྒོས་སུ་བོད་ཀྱི་མང་གཙོའི་སྐོར། རྒྱ་ནག་གཞུང་ནས་བོད་དེ་རྒྱ་ནག་གི་མངའ་ཁོངས་ཡིན་སྟངས་སྐོར་ལོ་རྒྱུས་ཀྱི་འཁྱོག་བཤད་བྱེད་སྟངས།  བོད་པ་དང་དེང་དུས་འཕྲུལ་ལས་བར་གྱི་འབྲེལ་བ་དང་ཤེས་པའི་སྐོར་བཅས་བརྗོད་གཞི་ཁག་མི་འདྲ་བ་དྲུག་ཙམ་གི་ཐོག་ལ་གཏམ་བཤད་དང་དྲི་བ་དྲི་ལན་གནང་སོང་། སྐབས་དེར་༸གོང་ས་མཆོག་གིས་མང་གཙོ་དང་འབྲེལ་བའི་བཀའ་སློབ་སྩལ་དོན་ལ། མང་གཙོའི་ལམ་ལུགས་ཡག་པོ་ཡོང་དང་མི་ཡོང་གཙོ་བོ་ནི་མིའི་ལྷག་བསམ་དང་བྱེད་ལས་ལ་རག་ལས་ཡོད་སྐོར་སོགས་བཀའ་བསྩལ་སོང་།  དེ་བཞིན་༸གང་ཉིད་ཀྱིས་ཤེས་པ་ཕྲ་མོའི་ཐོག་ལ་བསམ་བློ་གཏོང་དགོས་གལ་ཡིན་པ་བཀའ་སློབ་གནང་སོང་།  དེ་བཞིན་སློབ་ཆུང་སློབ་མ་ཁག་ཅིག་གིས་རྟགས་གསལ་སྤྱན་འབུལ་ཞུས་གྲུབ་མཚམས་༸གང་ཉིད་ནས་སློབ་ཕྲུག་ཚོས་ཀྱང་རང་ཉིད་ཀྱི་རིག་པ་གསལ་ཕྱིར་རིགས་ལམ་རྟགས་གསལ་ལ་དོ་སྣང་བྱ་དགོས་པ་མ་ཟད། རིགས་ལམ་དེའང་སློབ་ཚན་ཚང་མའི་ནང་བེད་སྤྱོད་ཡོད་པ་ཞིག་ཡིན་སྟབས་དེར་དོ་སྣང་བྱ་གལ་ཆེ་བ་ཡིན་པ་སོགས་ཀྱི་བཀའ་སློབ་ཟབ་མོ་བསྩལ་ཡོད་པ་རེད། གོང་ཚེས་ཉིན་གྱི་སྔ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་པ་ ༧༢ ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་གྲུབ་རྗེས།  དགེ་སློང་སྒྲུབ་གནང་རྒྱུའི་མཛད་རིམ་རེ་ཞིག་མཇུག་སྒྲིལ་གནང་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༢ ནས་དབུ་འཛུགས་ཀྱིས་དེ་རིང་བར་དུ་ཁྱོན་དགེ་འདུན་ཞལ་གྲངས་ ༣༣༣ ལ་བསྙེན་རྫོགས་སྒྲུབ་གནང་ཡོད་པ་རེད། རྩ་བའི་སང་ཕྱི་ཚེས་ ༦ ཉིན་༸གོང་ས་མཆོག་འབྲས་སྤུངས་བླ་སྤྱིར་སྔ་ཐོག་དགེ་ལུགས་ཡོངས་དང་མོན་གྷོ་གཞིས་ཆགས་ཀྱི་སེར་སྐྱ་མི་མང་ཀུན་ཐུན་མོང་གིས་༸གང་ཉིད་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་གནང་རྒྱུ་ཡིན་འདུག དེ་རྗེས་སུ་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོར་དབུ་བཞུགས་གནང་རྒྱུ་དང་ཉིན་རྒྱབ་ཏུ་འབྲས་སྤུངས་བློ་གསལ་གླིང་གི་ཆོས་ར་གསར་པ་དབུ་འབྱེད་རབ་གནས་མཛད་རྒྱུ་རེད་འདུག

༸གོང་ས་མཆོག་གིས་སྐུ་ཞབས་ཝི་སེལ་མཆོག་དམ་པ་དེ་ཉིད་ནས་མི་ཚེ་དོན་སྙིང་ལྡན་པ་ཞིག་སྐྱེལ་ཡོད་པ་གསུངས་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེའི་ལས་འགུལ་བ་དང་རྩོམ་པ་པོ་གྲགས་ཅན། དེ་བཞིན་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་བོད་ཀྱི་གྲོགས་པོ་སྐུ་ཞབས་ Elie Wiesel ལགས་ཁ་ཉིན་ཚེས་ ༢ ཉིན་གུང་གྲངས་ ༨༧ ཐོག་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་ཐོན་པར་དམ་པ་དེ་ཉིད་ཀྱི་ནང་མིར་ཐུགས་གསོ་བསྩལ་འདུག དེའང་མགོན་པོ་༸གང་ཉིད་མཆོག་གིས་ཁ་སང་ཕྱི་ཚེས་ ༣  ཉིན་ཁོང་གི་སྐུ་ཟླ་ Marion Wiesel མཆོག་གི་མཚན་ཐོག་ཏུ་བསྩལ་བའི་ནང་། སྐུ་ཞབས་ Wiesel ཁོང་འདས་གྲོངས་སུ་གྱུར་བར་༸གང་ཉིད་མཆོག་ཐུགས་ཕམ་ཆེན་པོ་བྱུང་སྐོར་བཀའ་གནང་བ་དང་སྦྲགས། སྐུ་ཞབས་ Elie Wiesel དམ་པ་དེ་ཉིད་དང་མགོན་པོ་མཆོག་གཉིས་ནས་འཛམ་གླིང་ཞི་བདེའི་དེད་དཔོན་གཞན་རྣམས་དང་ལྷན་དུ་གྲོས་མོལ་དང་འཆམ་མཐུན་གྱི་ལམ་ནས་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས་བཅས་ཀྱི་ཐོག་ལ་ཕྱག་ལས་གནང་མྱོང་ཡོད་པ་དང། ད་ཆ་ཁོང་འདས་གྲོངས་སུ་གྱུར་བའི་དུས་སྐབས་འདིར་༸གང་ཉིད་ནས་ཁོང་གི་ལྷག་བློ་ཆེ་བའི་བྱམས་བརྩེའི་དགོངས་པ་རྣམས་ལ་རྗེས་དྲན་ཞུ་བཞིན་ཡོད་པ་དང། དམ་པ་དེས་སྐུ་འཚོ་བཞུགས་རིང་དོན་སྙིང་ལྡན་པའི་མི་ཚེ་སྐྱེལ་ཡོད་ལྟར།  ང་ཚོས་དམ་པ་དེ་ཉིད་ལ་རྗེས་དྲན་ཞུ་སྟངས་ལེགས་ཤོས་ནི་ཁོང་གིས་ཐུགས་གཉེས་པའི་འགྲོ་བ་མི་ཕན་ཚུན་མཛའ་འབྲེལ་དང་མཆེད་གྲོགས་བཅས་གོང་སྤེལ་གྱི་འདུ་ཤེས་འཛིན་པའི་མི་ཚེའི་རིན་ཐང་རྣམས་གོང་སྤེལ་གཏོང་གལ་ཡིན་པ་སོགས་བཀའ་སྩལ་གནང་པ་དང་ཆབས་ཅིག དམ་པ་ཁོང་ལ་ཡོན་ཏན་མང་དག་ཞིག་ཡོད་པ་ལས་གཅིག་ནི་ཁོང་བོད་ཀྱི་གྲོགས་པོ་བརྟན་པོ་ཞིག་ཡིན་པ་དང། ༸གང་ཉིད་མཆོག་གིས་བསྔོ་སྨོན་དང་བཅས་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོ་མཛད་འདུག རྩ་བའི་སྐུ་ཞབས་ Elie Wiesel མཆོག་ནི་ Romania ནང་དུ་སྐུ་འཁྲུངས་ཤིང། ཕྱི་ལོ་ ༡༩༣༩ ནས་ ༤༥ བར་བྱུང་བའི་འཛམ་གླིང་དམག་ཆེན་གཉིས་པའི་ཁྲོད།  Germany ཡི་དབང་ཆ་གཅིག་བསྡུས་རིང་ལུགས་པ་ Hitler ཡིས་དབང་གྱུར་འོག Jew མི་རིགས་རྩ་གཏོར་གྱི་དཀའ་སྡུག་དངོས་སུ་མྱངས་མྱོང་ཡོད་མཁན་ཞིག་ཡིན་པ་མ་ཟད། འཛམ་གླིང་ཁྱོན་ཡོངས་ལ་མུན་ནག་ཅན་གྱི་དུས་ཚོད་བྱུང་རིམ་ཁག་ལ་བདེན་དཔང་གནང་མཁན་གཙོ་གྲས་ཤིག་དང། འཛམ་གླིང་ནང་འཚེ་བ་དང་བཙན་གནོན། མི་རིགས་དབྱེ་འབྱེད་སོགས་ལ་གདོང་ལེན་གྱིས་སྐུ་ཚེ་ཧྲིལ་པོའི་རིང་ཞི་བདེའི་ཆེད་དུ་ཕྱག་ལས་མང་དག་གནང་སྟབས། ཕྱི་ལོ་ ༡༩༨༦ ལོར་ཁོང་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་དང་། དེ་སྔོན་ཕྱི་ལོ་ ༡༩༨༥ ལོར་ཨ་རིའི་གྲོས་ཚོགས་ཀྱི་ཚད་མཐོའི་གཟེངས་རྟགས་ Congressional Gold Medal ཞེས་པ་དེའང་བཞེས་མྱོང་ཡོད་པ་མ་ཟད། དེ་བཞིན་ཕྱི་ལོ་ ༢༠༠༥ ལོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཆེད་སྒྲིག་ཞུས་པའི་ Light of Truth འམ་བདེན་པའི་སྒྲོན་མེའི་གཟེངས་རྟགས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ནས་བཞེས་མྱོང་ཡོད་པ་རེད།  དེ་མཚུངས་སུ་ཕྱི་ལོ་ ༢༠༠༧ ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལའང་ཨ་རིའི་གྲོས་ཚོགས་ཀྱི་གཟེངས་རྟགས་ Congressional Gold Medal དེ་འབུལ་བཞེས་མཛད་པའི་སྐབས་ཁོང་ཆེད་ཕེབས་ཀྱིས་༸གང་ཉིད་ལ་ཆེ་བསྟོད་དང་བཅས་༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་དོན་ངོ་སྤྲོད་གནང་པའི་བརྒྱུད། ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་རྣམས་ནས་བདེན་པའི་ནུས་སྟོབས་ཤུགས་ཆེ་རུ་བཏང་ཡོད་སྐོར་གསུངས་ཡོད་པ་མ་ཟད། ༸གོང་ས་མཆོག་ལ་གྲོགས་པོ་༸གང་ཉིད་སྐྱབས་བཅོལ་ནང་ཇི་སྲིད་བར་དུ་བཞུགས་ཀྱང་ཁེར་ཀྱང་རྩ་བ་ནས་མིན་པ་དང། ང་ཚོའི་རང་དབང་གྱི་འདོད་དོན་དེ་དུས་རྟག་ཏུ་ཁྱེད་ཀྱི་ལྷན་དུ་ཡོད་པ་དང། གལ་སྲིད་ང་གསོན་པོར་གནས་ཚེ་ཉིན་གཅིག་ང་གཉིས་མཉམ་དུ་བོད་ལ་ཕྱིར་ལོག་གནང་ཆོག་གི་རེད་ཅེས་མཛའ་བརྩེས་གསུང་བཤད་གནང་ཡོད་པ་རེད།

༸གོང་ས་མཆོག་གིས་དགེ་འདུན་པ་ ༩༠ སྐོར་ཞིག་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ་བཞིན་པ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་འདིའི་ཚེས་ ༢ ནས་དབུ་འཛུགས་ཀྱིས་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་གྱི་གྲྭ་ཚང་དྲུག་དང་། རྭ་སྟོད། རྒྱུད་གྲྭ་སྟོད་སྨད། བཀྲི་ཤིས་ལྷུན་པོ། རྫོང་དགའ་ཆོས་སྡེ་བཅས་ཀྱི་གྲྭ་ཚང་དགུའི་དགེ་འདུན་པ་ཞལ་གྲངས་ ༩༠༠ ལ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནང་རྟེན་གཞི་བྱས་པའི་འབྲས་སྤུངས་ཚོགས་ཆེན་དུ་བསྙེན་རྫོགས་ཀྱི་སྡོམ་པ་འབོག་ཆོག་གནང་བཞིན་ཡོད་པ་རེད། དེའང་ཁ་ཉིན་ཕྱི་ཚེས་ ༢ ཉིན་འབྲས་སྤུངས་ཀྱི་དགེ་འདུན་པ་ཞལ་གྲངས་ ༨༡ ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་ཡོད་པ་དང་། དེ་རྗེས་ཕྱི་ཚེས་ ༣ ཉིན་དགའ་ལྡན་དགོན་པའི་དགེ་འདུན་པ་ཞལ་གྲངས་ ༩༠ ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་ཡོད་པ་རེད། དེ་རིང་ཕྱི་ཚེས་ ༤ ཉིན་སེ་ར་ཐེག་ཆེན་གླིང་གི་དགེ་འདུན་པ་ཞལ་གྲངས་ ༩༠ ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་ཡོད། སྙེན་རྫོགས་ཀྱི་སྡོམ་པ་དེ་གནད་ཆེ་ཆུང་ཇི་ཡིན་སྐོར་སྐུ་བཅར་དགེ་བཤེས་ལྷ་རམས་པ་ཡང་སྟེང་རིན་པོ་ཆེར་བཅར་འདྲི་ཞུས་པར་ཁོང་གིས་གསུང་དོན། དེེ་ནི་ཧ་ཅང་གལ་ཆེན་པོ་ཡིན་ཞིང་སྤྱིར་སྡོམ་པ་ལ་དབྱེ་བ་གསུམ་ཙམ་ཡོད་པ་ལས་དགེ་སློང་གིི་སྡོམ་པ་དེ་ནི་ལུས་ངག་གཉིས་ཀྱི་ཉེས་སྤྱོད་མཐའ་དག་སྡོམ་པའི་ཁས་ལེན་ཞིག་ཡིན་པ་དང་། ལྷག་དོན་སྡོམ་པ་དེ་ནི་སྡོམ་པ་ཀུན་གྱི་ནང་ནས་གནས་རིམ་མཐོ་ཤོས་དང་གལ་ཆེ་ཤོས་དེ་ཡིན་པ་མ་ཟད། སངས་རྒྱས་ཀྱི་བསྟན་པ་གནས་དང་མི་གནས་དེ་བསྙེན་རྫོགས་ཀྱི་སྡོམ་པ་ཚུལ་བཞིན་དུ་སྲུང་མཁན་གྱི་འདུལ་བ་འཛིན་པ་དགེ་སློང་གནས་དང་མི་གནས་ལ་རག་ལུས་ཡོད་ཅེས་འགྲེལ་བརྗོད་གནང་སོང་། དེ་བཞིན་ཁོང་གིས་དགེ་སློང་བསྒྲུབ་མཁན་གང་ཟག་དེ་ལོ་ཚད་ཀྱི་ཆ་ནས་ལོ་ངོ་ ༢༠ ཧྲིལ་པོ་ལོན་དགོས་པ་དང་འདི་བཞིན་བསམ་བློ་དང་ལུས་ཀྱི་ཐོག་ནས་ཀྱང་ཆ་རྐྱེན་མང་པོ་ཞིག་ཚང་དགོས་པ་གསུངས་པ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་དགེ་སློང་གི་སྡོམ་རྒྱུན་དང་ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགེ་སློང་གི་སྡོམ་རྒྱུན་དེ་ནི་ཡོངས་འཛིན་གླིིང་རིན་པོ་ཆེ་མཆོག་གི་དྲུང་ནས་ཞུས་པ་ཞིག་དང་། དེ་ཡང་འདི་ནས་ཡར་ཁུངས་གཏུག་ན་མཁན་ཆེན་ཞི་འཚོ་ལ་ཐུག་གི་ཡོད་པ་གསུངས་ཡོད། གཞི་རྩའི་ཐེངས་འདིའི་བསྙེན་རྫོགས་སྒྲུབ་རྒྱུ་དེའང་འབྲས་སྤུངས་དགོན་པར་གནང་དོན་ནི་སྔ་ལོ་འབྲས་སྤུངས་དགོན་པའི་ངོས་ནས་འདི་ལོའི་༸སྐུའི་འཁྲུངས་སྐར་སྐབས་འདིར་ཆིབས་བསྒྱུར་མཛད་གནང་ཡོང་བའི་གསོལ་འདེབས་ཡང་ཡང་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་པ་ཞིག་དང་། ༸སྐུའི་འཁྲུངས་སྐར་སྐབས་གསུང་ཆོས་རིགས་དམིགས་བསལ་མི་དགོས་པར་བསྙེན་རྫོགས་སྒྲུབ་རྒྱུ་མང་པོ་ཞིག་ལྷག་བསྡད་ཡོད་པ་དེ་རྣམས་ལ་བསྙེན་རྫོགས་སྒྲུབ་གནང་རྒྱུའི་མཛད་འཆར་ཞིག་ཆགས་ཀྱི་འདུག དེ་ཡང་ཐོག་མའི་འཆར་ཉིན་གྲངས་དགུའི་རིང་སྒྲུབ་གནང་རྒྱུ་ཐུགས་གཏན་འཁེལ་ཡོང་ཀྱང་། ཉེ་ལམ་༸གོང་ས་མཆོག་ཨ་རིར་གཟའ་འཁོར་གཉིས་ལྷག་གི་མཛད་འཕྲིན་བསྐྱངས་པ་དང་། དེ་མིན་མཛད་འཕྲིན་གཞན་ཁག་ཅིག་གི་རྐྱས་པས་ཐེངས་འདིར་ཉིན་གྲངས་བཞིར་ཐུགས་གཏན་འཁེལ་བ་ཞིག་ཡིན་པ་རེད་འདུག རྩ་བའི་ཐེངས་འདིར་གདན་ས་གྲྭ་ཚང་ཁག་ནས་དགེ་སློང་སྒྲུབ་མཁན་ཐོ་གཞུང་གནང་དོན་ལྟར་ན། དགེ་འདུན་ཞལ་གྲངས་ ༩༠༠ ལྷག་ཙམ་ཡོད་ནའང་ཉིན་བཞིའི་རིང་ཉིན་རེར་དགེ་འདུན་པ་གྲངས་ ༦༠ ནས་ ༩༠ བར་སྒྲུབ་གནང་རྒྱུ་ཡིན་པ་དང། སང་ཕྱི་ཚེས་ ༥ ཉིན་མཐའ་མའི་སྐབས་འཕྲོས་རྣམས་ལ་གང་ཚར་ཚར་ཞིག་ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་རྒྱུ་དང་། དེ་མིན་བལ་ཡུལ། མོན། ལ་དྭགས་སོགས་ཕྱོགས་མཐའ་ཁག་ནས་ཕེབས་མཁན་རྣམས་ལོ་རྗེས་མ་ཕྱི་ཟླ་ ༡ ནང་སྒྲུབ་འཆར་ཡོད་པ་རེད་འདུག

Latest news