Tibetan Royal Year of 2151 | Year of the Wood Dragon

བོད།

རྒྱ་ནག་གི་ནང་པའི་དགོན་ཁག་གི་བཟོ་བཀོད་བསྒྱུར་བཅོས་གཏང་དགོས།

རྒྱ་གཞུང་གིས་རྒྱ་ནག་ནང་ཡོད་པའི་ནང་པའི་དགོན་སྡེ་དང་ལྷ་ཁང་ཁག་གི་བཟོ་བཀོད་བོད་བརྒྱུད་ནང་བསྟན་ལྟར་ཡོད་པ་རྣམས་ལ་བསྒྱུར་བཅོས་གཏང་དགོས་པའི་བཀའ་རྒྱ་བཏང་ཡོད་པ་རེད།ཁ་སང་བོད་གནས་ལྟ་ཞིབ་ཁང་གིས་ Free Tibet ལ་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ཚེ་རྒྱ་ནག་གི་ Du’an Yao རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་དང་ཆོས་ལུགས་དོ་དམ་ལྷན་ཁང་ནས་ཉེ་ལམ་ཚེས་ ༡༣ ཉིན་ Disu གྲོང་སྡེ་ཉེ་འདབས་སུ་ཡོད་པའི་ Anfu ས་ཁུལ་ནང་གི་ནང་པའི་ལྷ་ཁང་གི་བཟོ་བཀོད་རྣམས་ཧན་ནང་པའི་ལྟ་གྲུབ་དང་འགལ་གྱི་ཡོད་སྟབས། དགོན་སྡེ་དང་ལྷ་ཁང་གི་དཀོན་གཉེར་ནས་བོད་བརྒྱུད་ནང་བསྟན་གྱི་བཟོ་བཀོད་དང་ལྡན་པའི་ལྷ་སྐུ་དང་མ་ནི་འཁོར་ལོ་ཡོངས་རྫོགས་བསྒྱུར་བཅོས་དགོས་པར་བཀའ་རྒྱ་བཏང་ཡོད་པ་རེད།བཀའ་རྒྱའི་ནང་ནང་པའི་ལྷ་ཁང་ཁག་གི་འདུ་ཁང་གཙོ་བོར་གྱུར་པའི་སྐུ་བརྙན་རྣམས་ཟླ་བ་འདིའི་ཚེས་ ༢༦ སྔ་རོལ་དུ་བསྒྱུར་བཅོས་བྱེད་ཚར་དགོས་པ་དང་། དེ་བཞིན་མ་ནི་འཁོར་ལོའི་བཟོ་བཀོད་ཚེས་ ༡༦ གོང་བཟོ་བཅོས་དགོས་པ་བཅས་ལྷ་ཁང་རྣམས་ཀྱི་བཟོ་བཀོད་རྣམས་ཧན་ནང་པའི་ལྟ་གྲུབ་དང་མཐུན་པ་བཟོས་དགོས་པའི་བཀའ་རྒྱ་བཏང་བ་མ་ཟད། གལ་ཏེ་དུས་ཚོད་དེའི་རིང་བསྒྱུར་བཅོས་མ་བྱེད་ཚེ་སྐུ་བརྙན་དང་བཟོ་བཀོད་རྣམས་གཏོར་བཤིག་དང་ཁྲིམས་སྒྲིག་གཞིར་བཟུང་ཉེས་ཆད་གཏང་རྒྱུ་ཡིན་པར་བརྗོད་འདུགགནད་དོན་དེ་འབྲེལ་རྒྱ་གར་དུ་ཡོད་པའི་བོད་གནས་ལྟ་ཞིབ་ཁང་གི་རྒྱ་ཡིག་ཉམས་ཞིབ་པ་ཞི་བདེ་ཟླ་བ་ལགས་སུ་བཅར་འདྲི་ཞུས་པར་ཨན་བྷུ་ལྷ་ཁང་ནས་ཉེ་ལམ་ཤྲི་ལངྐ་ནས་སངས་རྒྱས་ཀྱི་རིང་བསྲེལ་གདན་འདྲེན་ཞུས་པའི་ཐོག་ལྷ་ཁང་དེ་སྙན་གྲགས་ཅན་ཞིག་ཡིན་སྐོར་དང་། དེ་བཞིན་ལྷ་ཁང་དེ་དང་བོད་གསེར་རྟ་བླ་རུང་སྒར་གཉིས་དབར་འབྲེལ་བ་ཤུགས་ཆེ་ཡོད་པ་ཞིག་ཡིན་པ་མ་ཟད། སྒོས་སུ་རྒྱ་ནག་གཞུང་གིས་ཐོག་མཐའ་བར་གསུམ་ནས་བོད་བརྒྱུད་ནང་བསྟན་གཙོས་པའི་ཆོས་ལུགས་གཞན་ཁག་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་ལྡན་པར་འགྱུར་ཐབས་སུ་འབད་བཞིན་སྟབས། བོད་བརྒྱུད་ནང་བསྟན་དར་སྤེལ་གྱི་ཤུགས་རྐྱེན་དེ་བཀག་སྡོམ་བྱེད་བཞིན་པར་གསུངས་སོང་།རྩ་བའི་ཨན་བྷུ་ནང་ཡོད་པའི་ནང་པའི་ལྷ་ཁང་དེ་རྒྱ་ནག་ནང་པ་སྟོང་ཕྲག་མང་པོར་གནས་ཆེན་གཙོ་བོ་ཞིག་ཆགས་ཀྱི་ཡོད་པ་རེད། རྒྱ་གཞུང་ནས་ཉེ་ལམ་ཧྲན་ཞི་ཞིང་ཆེན་ནང་ཁུལ་དེར་ཡོད་པའི་ནང་པའི་དགོན་སྡེ་ཁག་ལ་སྤྱི་བསྒྲགས་གཅིག་མཚུངས་སྤེལ་ཡོད་པ་དང་། ཁྲིམས་སྒྲིག་དོན་ཚན་ ༩ ཆེད་བཏོན་དང་འབྲེལ་རྒྱ་ནག་གི་རྫོང་དང་ཁུལ་རིམ་པ་ཁག་ཏུ་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་རྡོར་དྲིལ་དང་། མ་ནི་འཁོར་ལོ། དེ་བཞིན་དར་ལྕོག་སོགས་ཀྱི་མཆོད་རྫས་བེད་སྤྱོད་དང་བོད་བརྒྱུད་ནང་བསྟན་དར་སྤེལ་གཏོང་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་རེད།  ཉེ་ལམ་ Henan ཞིང་ཆེན་ཁྱབ་ཁོངས་སུ་ཡོད་པའི་ནང་པའི་དགོན་པ་ཞིག་ཏུ་སྟོན་པའི་༸སྐུ་བརྙན་ཚབ་ཏུ་མའོ་ཙེ་ཏུང་གཙོས་པའི་དཔོན་རིགས་གཉིས་ཀྱི་སྣང་བརྙན་བཤམ་པའི་ཐོག་དགོན་པ་དེར་དམར་པོའི་རྒྱལ་ཞེན་གྱི་སློབ་གསོ་ཁང་ཞེས་མིང་བཏགས་ཏེ་རྒྱའི་དཔོན་རིགས་མང་པོ་ཞིག་དགོན་པ་དེར་ཕྱག་མཆོད་བྱེད་དུ་ཡོང་གི་ཡོད་པ་རེད།

བོད་རིགས་ཚོས་ངོ་རྒོལ་གྱི་ལམ་ནས་རྒྱ་ནག་གི་སྲིད་འཛིན་གཞོན་པར་སྣེ་ལེན།

ཁ་ཉིན་ཕྱི་ཚེས་ ༢༩ ཉིད་ཡོ་རོབ་ Netherlands རྒྱལ་ས་ Hague  ཁུལ་དུ་རྒྱ་ནག་གྱི་སྲིད་འཛིན་གཞོན་པ་ Wang Qishan ཚོང་འབྲེལ་ཆེད་དུ་ཁུལ་དེར་འབྱོར་བ་དང་བསྟུན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ས་གནས་བོད་རིགས། ཡུ་གུར་བ་དང་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་ནས་ཡུལ་དེར་རྟེན་གཞིར་བྱས་པའི་སྲིད་འཛིན་གྱི་གཞུང་འབྲེལ་བཞུགས་གནས་ཀྱི་ཉེ་འདབས་སུ་ཡོད་པའི་རྒྱ་ལམ་གྱི་ཟུར་ནས་ངོ་རྒོལ་སྐད་འབོད་གནང་འདུགརྒྱ་རིགས་རུ་ཁག་ཞིག་གིས་ལམ་ཟུར་དེ་ནས་རྒྱའི་རྒྱལ་དར་དང་སྦྱར་ཡིག་ཁྱེར་ནས་སྣེ་ལེན་ཞུ་བཞིན་པའི་ཁ་སྤྲོད་དུ་བོད་རིགས་ཚོས་ཕྱག་ལ་བོད་ཀྱི་རྒྱལ་དར་བསྣམས་ནས་༸གོང་ས་མཆོག་དང་ལྷན་དུ་གྲོས་མོལ་བྱེད་དགོས། བོད་ནང་དྲག་གནོན་མཚམས་འཇོག་བྱེད་དགོས། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་དགོས་ཞེས་འཁོད་པའི་སྦྱར་ཡིག་འཕྱར་བཞིན་ཞལ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཡུན་རིང་བརྟན་པར་ཤོག བོད་ལ་རང་དབང་དགོས། ༸པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་ཞེས་འབོད་ཚིག་སྒྲོག་ནས་ངོ་རྒོལ་གྱི་ལམ་ནས་རྒྱ་ནག་གི་སྲིད་འཛིན་གཞོན་པར་སྣེ་ལེན་གནང་འདུགསྐབས་དེར་ཁུལ་དེའི་ Boeddhistisch dabnlad ཞེས་པའི་གསར་ཁང་ལ་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངེས་སྟོན་པ་ཚེ་རིང་བྱམས་པ་ལགས་ཀྱིས་ Netherlands སྲིད་བློན་ Ruttem མཆོག་ནས་ངེས་པར་དུ་རྒྱ་གཞུང་གི་ངོས་ནས་༸གོང་ས་མཆོག་དང་ལྷན་དུ་གྲོས་མོལ་བྱེད་དགོས་པ་དང་། བོད་ཀྱི་རང་བྱུང་ཁོར་ཡུག་ལ་དོ་ཕོག་གཏང་རྒྱུ་མེད་སྐོར་ཐོག་ལ་སྐུལ་མ་གནང་དགོས་པ་མ་ཟད། བོད་ཀྱི་ས་ཁུལ་ཁག་ཏུ་ཆུ་མཛོད་གསར་རྒྱག་གི་ལས་གཞི་མཚམས་འཇོག་དགོས་པ་དང་། རྒྱ་ནག་གཞུང་ནས་བོད་ཀྱི་རང་བྱུང་ཁོར་ཡུག་གི་སྲིད་བྱུས་དང་འབྲེལ་བའི་འཆར་གཞི་དང་ལས་འགུལ་སྤེལ་བར་ས་གནས་བོད་རིགས་གཙོ་གྱུར་ས་གནས་ཁོར་ཡུག་ཚན་པའི་ཚོགས་མི་རྣམས་མཉམ་ཞུགས་གནང་འཇུག་དགོས་པ་སོགས་ངེས་པར་དུ་གླེང་སློང་གནང་་དགོས་པའི་དགོས་འདུན་ཁག་གཅིག་ཆེད་འདོན་གནང་འདུགརྩ་བའི་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཟླ་ ༥ ཚེས་ ༢༦ ནས་ཉིན་གསུམ་གྱི་རིང་ Pakistan ཁུལ་དུ་འབྱོར་ཡོད་པ་དང་སྐབས་དེར་ཡུལ་དེའི་སྲིད་འཛིན་དང་སྲིད་བློན་གྱི་ལྷན་དུ་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྐོར་གྲོས་བསྡུར་བྱས་ཡོད་པ་དང་། དེ་ནས་ཡོ་རོབ་ Netherlands ཁུལ་དུ་ཡུལ་དེའི་སྲིད་བློན་དང་ལྷན་དུ་ཚོང་འབྲེལ་སླད་གྲོས་བསྡུར་བྱས་ཡོད་པ་མ་ཟད་ཁ་སང་ཚེས་ ༣༠ ཉིན་ Germany ཁུལ་དུ་འབྱོར་ནས་ཕྱི་ཚེས་ ༢ གྱི་བར་དུ་འཇར་མ་ནིའི་དཔོན་རིགས་དང་ལྷན་དུ་ཕྱོགས་གཉིས་ཀྱི་འབྲེལ་ལམ་དང་ཚོང་འབྲེལ་སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད།

རྩྭ་ས་སྲུང་སྐྱོབ་ཀྱི་སྲིད་བྱུས་རྒྱབ་ཏུ་རྣོ་ངར་ལྡན་པའི་རལ་གྲི་ཞིག་སྦས་ཡོད།

རྒྱ་ནག་གིས་ཁོར་ཡུག་སྲུང་སྐྱོབ་དང་རྨ་འབྲུ་རྫ་གསུམ་གྱི་འགོ་ཁུངས་གཅེས་སྤྲོས་ཀྱི་འབོད་སྒྲའི་འོག་བོད་ཁུལ་དུ་ཞིང་འབྲོག་མང་ཚོགས་ཀྱི་ས་ཆ་བཙན་འའཕྲོག་གིས་ཞིང་གྲོང་དུ་སྡོད་ཁང་གནས་སྤོའི་སྲིད་བྱུས་སྤེལ་བཞིན་པ་ལྟར། འབའ་རྫོང་མགར་རྩེ་རྒྱལ་མོ་སྡེ་བར་སྲིད་གཞུང་གིས་སྲིད་བྱུས་དེ་ལག་བསྟར་བྱས་ནས་མང་ཚོགས་ལ་དཀའ་ངལ་མང་དག་ཅིག་འཕྲད་བཞིན་འདུག འབའ་རྫོང་མགར་རྩེ་རྒྱལ་མོ་རྫོང་གི་ཡུལ་མི་ཞིག་གིས་དེ་རིང་འདི་གར་ཡུལ་དངོས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བར་ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་རྒྱལ་ཁབ་ཀྱི་བཀས་བཀོད་ལྟར་འབྲོག་ཁུལ་གྱི་རྩྭ་ས་ཚང་མ་རིན་མེད་ཀྱིས་ལྕགས་ར་སྐོར་ཏེ་ཕྱུགས་ཟོག་འཚོ་སྐྱོང་ཉུང་འཕྲི་བྱེད་དགོས་པའི་སྲིད་བྱུས་གཏན་འབེབས་བྱས་པར་བརྟེན།  ཞིང་འབྲོག་མང་ཚོགས་མང་པོ་གྲོང་བརྡལ་དུ་གནས་སྤོར་བྱས་ཡོད་པ་དང་སྔོན་ཆད་རྩེད་དགའ་དང་འདུ་འཛི་ཆེ་བའི་འབྲོག་ཐང་དུ་ད་ལྟའི་ཆར་རྒན་རྒོན་འགའ་ལས་ལྷག་མེད་པར་མ་ཟད། འབྲོག་ཁུལ་གྱི་རིག་གཞུང་དང་སྔོན་ཆད་ཀྱི་འབྲེལ་འདྲིས་དེ་ཛ་དྲག་ཅན་དུ་གྱུར་ཡོད་པར་ངོ་སྤྲོད་གནང་སོང་།དེ་བཞིན་རྒྱ་ནག་གིས་འབྲོག་ཁུལ་གྱི་རྩ་སར་བདག་བཟུང་བྱས་ནས་མ་འོངས་པར་གཏེར་ཁ་སྔོག་འདོན་བྱེད་རྩིས་དང་འབྲོག་པ་མང་ཚོགས་ཀྱི་མི་རིགས་ཀྱི་བསམ་བློར་བསྒྱུར་བཅོས་གཏོང་རྒྱུའི་དམིགས་ཡུལ་ཡོད་པར་བརྗོད་དེ་རྩྭ་ས་སྲུང་སྐྱོབ་ཀྱི་སྲིད་བྱུས་རྒྱབ་ལ་རྣོ་ངར་ལྡན་པའི་རལ་གྲི་ཞིག་སྦས་ཡོད་པ་རེད་ཅེས་ངོ་སྤྲོད་གནང་ཡོད། རྩ་བའི་ཕྱི་ལོ་ ༢༠༠༣ ལོ་ནས་རྒྱ་ནག་གིས་བོད་ཁུལ་དུ་ཕྱུགས་སྐྱུར་རྩ་འདེབས་དང་འབྲོག་པ་གྲོང་བསྙེགས། དེ་བཞིན་ནུབ་རྒྱུད་གསར་གཏོད།  ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་འབོད་སྒྲའི་འོག་འབྲོག་པ་མང་ཚོགས་ཀྱི་སྲོལ་རྒྱུན་གྱི་འཚོ་བའི་ལམ་ལུགས་ལ་བསྒྱུར་བཅོས་བཏང་སྟེ་རི་ལུང་ནས་གྲོང་བརྡལ་དུ་གནས་སྤོར་བྱེད་དགོས་པའི་སྲིད་བྱུས་ཤིག་གཏན་འབེབས་ཀྱིས་ལག་བསྟར་བྱེད་བཞིན་ཡོད་སྟབས། བོད་ཁུལ་གྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་དང་བཅས་ལ་ཉམས་ཉེས་ཆེན་པོ་འབྱུང་བཞིན་པའི་སྣང་ཚུལ་ས་ཕྱོགས་གང་སར་འབྱུང་བཞིན་ཡོད་པ་རེད།གཞན་ཡང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་འབྲོག་རི་གནས་སྤོའི་སྲིད་བྱུས་འདི་དུས་ནམ་ཞིག་ལ་འགོ་ཚུགས་ཤིང་ཡུལ་དངོས་ཀྱི་ཞིང་འབྲོག་མི་མང་ལ་ཤན་ཤུགས་ཅི་ཞིག་སྤྲད་ཡོད་སྐོར་བཅར་འདྲི་ཞུས་པར་ཁོང་གིས་རྒྱ་ནག་གིས་དམིགས་འབེན་གཙོ་བོ་ནི་ཞིང་འབྲོག་མང་ཚོགས་གནས་སྤོར་དུ་བཅུག་ནས་ཐོན་ཁུངས་སྐྱེལ་འདྲེན་དང་ཆུ་གློག་འཛུགས་སྐྲུན་སོགས་ཀྱིས་མཚོན་པའི་རྒྱ་ནག་རང་གི་ཁེ་ཕན་འབའ་ཞིག་གི་ཆེད་དུ་བོད་ཁུལ་གྱི་སྙི་མོ་རྫོང་དང་ཅོ་ནེ་ཁུལ། དེ་བཞིན་འཇོ་མདའ་རྫོང་སོགས་སུ་འབྲོག་པ་གནས་སྤོར་གྱིས་མཚོན་པའི་ས་གནས་མང་དག་ཅིག་བཙན་དབང་གིས་གནས་སྤོར་བྱེད་དུ་བཅུག་ཡོད་སྟབས། ཞིང་འབྲོག་མི་མང་གི་མིག་སྔའི་འཚོ་གནས་ལ་དཀའ་ངལ་ཆེས་ཆེར་འཕྲད་བཞིན་ཡོད་པར་ངོ་སྤྲོད་གནང་ཡོད།

   ཁེ་ན་ཌའི་གྲོས་ཚོགས་སུ་བོད་རྒྱ་ཞི་མོལ་དགོས་པའི་གླེང་སློང་།

ཁ་སང་ཁེ་ན་ཌའི་གྲོས་ཚོགས་འཚོགས་བཞིན་པའི་དབུས་སུ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ Randall Garrison ལགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་དང་སྐད་ཡིག་རྡོག་རོལ་གྱི་གནད་དོན་གླེང་སློང་གནང་སྟེ་བོད་དོན་རྒྱབ་སྐྱོར་དགོས་པའི་ཞུ་སྐུལ་གནང་འདུགསྐུ་ཞབས་ Randall Garrison ལགས་ཀྱིས་རྒྱ་ན་གིས་སྔར་ལོ་ཡང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཤུགས་ཆེན་བཏང་ཡོད་པ་མ་ཟད། དོགས་སྲུང་གསང་མྱུལ་གྱི་དོ་དམ་ཤུགས་ཆེར་བྱས་ཏེ་བོད་མི་དག་གི་ཞི་བའི་ངོ་རྒོལ་ལ་འཇིགས་སྐུལ་དང་གང་བྱུང་འཛིན་བཟུང་བྱས་ཡོད་པའི་གནད་དོན་ལུང་འདྲེན་དང་སྦྲགས། ཉེ་ཆར་ཨ་རིའི་གཞུང་ཚབ་པ་བོད་དུ་ཆེད་ཕེབས་ཀྱིས་བོད་ནང་ཆོས་ལུགས་རང་དབང་ལ་རྡོག་རོལ་འགྲོ་བཞིན་པ་དང་། རྒྱལ་སྤྱིའི་ཕྱི་མི་བོད་ནང་འགྲོ་རྒྱུར་བཀག་འགོག་བྱེད་བཞིན་པའི་གནས་བབས་ཐེར་འདོན་གནང་བ་མ་ཟད། རྒྱ་ནག་གིས་གང་མགྱོགས་༸གོང་ས་མཆོག་དང་ལྷན་དུ་བོད་དོན་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་ལྟར། ཁ་ན་ཌའི་ངོས་ནས་ཀྱང་ཁོང་གི་འབོད་སྐུལ་ལྟར་རྒྱ་ནག་གིས་༸གོང་ས་མཆོག་དང་ལྷན་དུ་གྲོས་མོལ་བྱེད་རྒྱུར་རྒྱབ་སྐྱོར་གནང་དགོས་པའི་ཞུ་སྐུལ་གནང་འདུག ཁོང་གིས་གྲོས་ཚོགས་ཀྱི་ནང་བོད་དོན་གླེང་སློང་གནང་འཕྲལ་ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཁོང་གིས་བོད་དོན་གླེང་སློང་གནང་བ་ལུང་འདྲེན་གྱིས་ twitter དྲྭ་རྒྱ་བརྒྱུད་ནས་ཁོང་གིས་གྲོས་ཚོགས་སུ་བོད་དོན་གླེང་སློང་གནང་སྟེ་ཁ་ན་ཌའི་སྲིད་གཞུང་གིས་བོད་རྒྱ་ཞི་མོལ་ཡོང་བར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུའི་འཚམས་འདྲི་གནང་འདུག

སྟོན་པའི་༸སྐུ་བརྙན་ཚབ་ཏུ་མའོ་གཙོ་གྱུར་རྒྱ་ནག་གི་དཔོན་རིགས་གཉིས་ཀྱི་སྣང་བརྙན་བཤམ་པ།

རྒྱ་ནག་གཞུང་གིས་ Henan ཞིང་ཆེནགྱི་ཁྱབ་ཁོངས་སུ་ཡོད་པའི་ནང་པའི་དགོན་པ་ཞིག་ཏུ་སྟོན་པའི་༸སྐུ་བརྙན་ཚབ་ཏུ་མའོ་ཙེ་ཏུང་གིས་གཙོས་པའི་དཔོན་རིགས་གཉིས་ཀྱི་སྣང་བརྙན་བཤམ་ནས་རྒྱ་ནག་གི་དཔོན་རིགས་ཚོས་དེར་ཕྱག་མཆོད་བྱེད་ཀྱི་ཡོད་སྐོར་གནས་ཚུལ་སྤེལ་འདུགBreitbart གསར་ཁང་གིས་ Bitter Winter ཞེས་པའི་ཆོས་དད་རང་དབང་འབྲེལ་བའི་དུས་དེབ་ཅིག་གིས་གནས་ཚུལ་སྤེལ་བ་ལུང་འདྲེན་གནང་བར་གཞིགས་ན། Henan ཞིང་ཆེན་གྱི་རྒྱལ་ས་ Ruzhou ནང་ལོ་རབས་མང་པོའི་སྔོན་ལ་སྒེར་གྱི་ཆེད་འཛུགས་བྱས་པའི་ནང་པའི་དགོན་པ་དེར་ད་ཆ་རྒྱ་ནག་གི་དྲག་པོའི་སྲིད་བྱུས་འོག་ཕྱག་མཆོད་བྱེད་སའི་ལྷ་ཁང་གི་ངོ་བོའི་ཕྱག་འཁྱེར་སྤྲད་མེད་རྐྱེན་དགོན་པའི་ངོས་ནས་སྟོན་པའི་༸སྐུ་བརྙན་དེ་མའོ་ཙེ་ཏུང་དང་འགོ་ཁྲིད་གཉིས་ཀྱི་སྣང་བརྙན་དང་བརྗེ་སྟབས། ས་གནས་གཞུང་ནས་དགོན་པ་དེར་ red patriotic education base འམ་དམར་པོའི་རྒྱལ་ཞེན་གྱི་སློབ་གསོ་ཁང་ཞེས་མིང་གནས་སྤྲད་དེ་དེར་རྒྱའི་དཔོན་རིགས་མང་པོས་མའོ་ལ་ཕྱག་མཆོད་བྱེད་དུ་ཡོང་གི་ཡོད་པར་བརྗོད་འདུགད་ལྟའི་ཆར་ཁང་ཐོག་གཉིས་ཅན་གྱི་དགོན་པ་དེའི་རྩེ་ཐོག་ཏུ་རྒྱ་ནག་གི་རྒྱལ་དར་གཅིག་དང་རྒྱལ་སྒོའི་གཡས་གཡོན་དུ་རྒྱལ་དར་རེ་རེ་མཐོང་རྒྱུ་ཡོད་པ་མ་ཟད། ཁང་ཐོག་གཉིས་པའི་དཀྱིལ་དུ་མའོ་འདྲ་གཟུགས་ཀྱི་སྣང་བརྙན་དང་། སྣང་བརྙན་དེའི་གཡོན་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་གཙོ་ཟུར་པ་ Hua Guofeng གྱི་འདྲ་གཟུགས་ཀྱི་སྣང་བརྙན། དེ་བཞིན་གཡས་ཕྱོགས་སུ་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཆེད་འཛུགས་བྱེད་མཁན་ཁོངས་སུ་ཡོད་པ་ Dong Biwu གྱི་འདྲ་གཟུགས་ཀྱི་སྣང་བརྙན་སྒྲིག་གཤོམ་བྱས་ཡོད་པ་དང་ལྷ་ཁང་དེའི་གྱང་ངོས་སུ་བདེ་སྲུང་བློན་ཆེན་ཟུར་པ་དང་དམག་སྤྱི་ཁག་གཅིག་གི་འདྲ་པར་སོགས་ཀྱང་བཤམ་འདུགས་གནས་གྲོང་གསེབ་པ་ཞིག་གིས་སྤྱི་ཚོགས་དྲྭ་རྒྱའི་ཐོག་མའོ་ནི་མི་ཞིག་ཡིན་པའི་ཁར་དཀོན་མཆོག་ལ་དུས་ནམ་ཡང་ཁས་ལེན་མི་བྱེད་མཁན་ཞིག་ཡིན་པ་མ་ཟད། རིག་གནས་གསར་བརྗེའི་དུས་སུ་བྱས་པའི་ལས་ངན་དེ་དག་ནི་གདོན་འདྲེའི་བྱ་བ་དང་ཁྱད་མེད་ནའང་ད་ལྟ་གཞུང་འཛིན་མི་སྣ་ཚོས་ཁོ་པར་ཕྱག་མཆོད་བྱེད་བཞིན་པ་ནི་ཁྱད་མཚར་ཞིག་རེད་ཅེས་བརྗོད་འདུགརྩ་བའི་རྒྱ་གཞུང་གིས་ཡུལ་དེའི་ཆོས་ལུགས་རྣམས་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་ཆོས་ལུགས་ཏུ་འགྱུར་རྒྱུའི་ཆ་ཤས་འོག་སྔ་ལོ་རྒྱ་ནག་གི་གྲགས་ཅན་ Shaolin temple ཞེས་པའི་ལྷ་ཁང་སྟེང་དུ་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་ཡོད་པ་དང་། དེ་ནི་ལྷ་ཁང་དེའི་སྟེང་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་བྱས་པ་དུས་རབས་ ༡༥ ནང་ཐེངས་དང་པོ་ཆགས་ཡོད་པ་མ་ཟད། སྐབས་དེར་ནང་པ་ཞིག་གིས་སྤྱི་ཚོགས་དྲྭ་རྒྱའི་ཐོག་ནང་ཆོས་ཞེས་པ་ནི་མིའི་བསམ་བློར་བསྒྱུར་བཅོས་གཏོང་རྒྱུའི་ལྟ་གྲུབ་ཅིག་ཡིན་སྟབས་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་པ་དང་། བྱེད་སྟངས་དེ་ནི་ཧ་ཅང་འོས་འཚམས་ཤིག་མ་ཡིན་པར་འགྲེལ་བརྗོད་གནང་ཡོད་པ་རེད།Breitbart གསར་ཁང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་གཙོས་ས་གནས་དཔོན་རིགས་ཚོས་ནང་པའི་ཆོས་དེ་ཚོང་འབྲེལ་སླད་དུ་སྤྱོད་བཞིན་ཡོད་པ་མ་ཟད། ལྷག་པར་དུ་བོད་ནང་གི་ཆོས་དད་གཙོས་བོད་བརྒྱུད་ནང་བསྟན་ལ་འཇིགས་སྐུལ་སྣ་ཚོགས་བྱེད་བཞིན་པ་དང་ཆབས་ཅིག བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཀྱི་ཤུགས་རྐྱེན་མེད་པ་བཟོ་སླད་བོད་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་འོག་བོད་མིའི་ངོ་བོ་སྲུབ་ཐབས་བྱེད་ཀྱི་ཡོད་པར་བརྗོད་འདུགབོད་ཀྱི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་རང་ཉིད་ཀྱི་ངོ་དེབ་ཐོག་ཉེ་ལམ་ཕྱི་ཟླ་ ༥ ཚེས ༢༣ ཉིན་རྒྱ་ནག་ཤག་ཤིས་ཞིང་ཆེན་གྱི་ཁྱབ་ཁོངས་སུ་ཡོད་པའི་མི་རིགས་ཆོས་དོན་ལས་ཁུངས་ཀྱིས་བོད་བརྒྱུད་ནང་བསྟན་དེ་རྒྱ་ནག་གི་ས་ཁུལ་ཁག་ཏུ་དར་སྤེལ་གཏོང་ཕྱོགས་ཀྱི་ཐད་བྱེད་མི་ཆོག་པའི་ཁྲིམས་སྒྲིག་དོན་ཚན་ ༩ ཆེད་བཏོན་ཡོད་པ་གསལ་སྤེལ་བ་དང་འབྲེལ། སྤྱི་བསྒྲགས་ནང་བོད་བརྒྱུད་ནང་བསྟན་དེ་བཞིན་རྒྱ་ནག་གི་རྫོང་རིམ་དང་ཁུལ་རིམ་པ་སོགས་ཀྱི་ནང་དར་སྤེལ་གཏོང་ཕྱིར་ལས་འགུལ་གང་འདྲ་ཞིག་སྤེལ་གྱི་ཡོད་ན་མི་རིགས་ཆོས་དད་ལས་ཁུངས་སུ་ཆོག་ཆེན་མ་ཞུས་པར་བོད་བརྒྱུད་ནས་བསྟན་གྱི་བླ་མ་དང་ཆོས་དཔོན་ཚོས་དར་སྤེལ་གནང་མི་ཆོག་པའི་བཀའ་བརྒྱ་བཏང་ཡོད་པ་བཀོད་འདུག

སྐུ་ཞབས་ Branstad མཆོག་ནས་བོད་ནང་གི་འཚམས་གཟིགས་སྐོར་འཛེམས་ཟོན་མེད་པར་གསུངས་དགོས།

པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ Terry Branstad ལགས་ཟླ་བ་འདིའི་ཚེས་ ༡༩ ནས་བོད་རང་སྐྱོང་ལྗོངས་ཟེར་བ་དང་དེ་བཞིན་མཚོ་སྔོན་གཙོས་པའི་ས་ཁུལ་ཁག་གཅིག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་དང་བསྟུན། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྐུ་ཞབས་ Branstad ལགས་ནས་བོད་ནང་གི་འཚམས་གཟིགས་དང་འབྲེལ་བའི་མྱོང་བ་རྣམས་རྒྱལ་སྤྱིའི་གསར་ཁང་ཁག་ལ་འཛེམས་ཟོན་མེད་པར་ཡོངས་བསྒྲགས་གསུངས་དགོས་པར་ཞུས་འདུག ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྐུ་ཞབས་ Branstad ལགས་ནས་བོད་ནང་གི་འཚམས་གཟིགས་དང་འབྲེལ་སྤྱི་བསྒྲགས་ཤིག་སྤེལ་འདུག་པ་དང་། སྤྱི་བསྒྲགས་ནང་ད་རེས་ཨ་རིའི་གཞུང་ཚབ་པས་བོད་ནང་འཚམས་གཟིགས་གནང་བ་དེ་ནི་ཨ་རིའི་གཞུང་ནས་རྒྱའི་དབང་སྒྱུར་འོག་ལྷུང་བའི་བོད་མིར་རྒྱབ་སྐྱོར་ཡོད་པ་མཚོན་པ་དང་། ལྷག་པར་དུ་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་གྲོས་ཚོགས་ཀྱི་ལས་དོན་ལ་གྲུབ་འབྲས་ངེས་ཅན་ཡོད་པ་ར་འཕྲོད་ཐུབ་སྐོར་གསུངས་འདུག རྩ་བའི་ཉེ་ལམ་ཨ་རི་ཕྱི་སྲིད་ལས་ཁུངས་ནས་བོད་ནང་འདྲ་མཉམ་གྱི་འགྲུལ་བསྐྱོད་ཆོག་པའི་ཐད་སྙན་ཐོ་འདོན་སྤེལ་གནང་བའི་ནང་ཕྱི་ལོ་ ༢༠༡༨ ལོར་ཨ་རིའི་གཞུང་ཚབ་པ་བོད་ནང་སྐྱོད་ཆོག་པར་ཆོག་མཆན་ཞུས་ཀྱང་རྒྱ་གཞུང་གིས་རྒྱུ་མཚན་གང་ཡང་མེད་པར་དེ་འབྲེལ་ཆོག་མཆན་སྤྲད་མེད་པ་དེ་ལྟར་ཡང་། འདས་ལོའི་ཟླ་མཇུག་ཏུ་བོད་ནང་འདྲ་མཉམ་གྱི་འགྲུལ་སྐྱོད་ཆོག་པའི་ཁྲིམས་གཞི་གཏན་འབེབས་གནང་རྗེས་སྐུ་ཞབས་ Branstadལགས་བོད་ནང་ཕེབས་ཆོག་པའི་ཆོག་མཆན་སྤྲད་ཡོད་པ་དང་།  ད་རེས་ཁོང་གི་འཚམས་གཟིགས་དེ་ནི་ཕྱི་ལོ་ ༢༠༡༥ རྗེས་སུ་ཨ་རི་གཞུང་ཚབ་པ་ཕེབས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། འཚམས་གཟིགས་དེ་འབྲེལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འདས་པའི་དུས་ཡུན་ནང་བོད་ནང་གི་བོད་མི་ནས་ཕྱི་མི་དང་ལྷན་དུ་བློ་ཁོག་ལྡན་པའི་སྒོ་ནས་རང་རང་སོ་སོའི་མྱོང་ཚོར་བཤད་སྐབས་རྒྱ་གཞུང་ནས་བོད་མི་དེ་རྣམས་ལ་བཙོན་འཇུག་དང་མི་སྤྱོད་ལས་འདས་པའི་ཉེས་རྡུང་བཏང་ཡོད་སྟབས། ད་རེས་རྒྱ་གཞུང་གིས་སྐུ་ཞབས་ Branstad ལགས་དང་བོད་མི་དབར་གུ་ཡངས་ཐོག་བཀའ་མོལ་ཡོང་བར་ཆེས་དམ་དྲག་བྱེད་སྲིད་པ་ང་ཚོར་ཤེས་རྟོགས་དང་སྒོས་རྒྱ་གཞུང་གིས་བཏང་འཛིན་འོག་ཡོད་པའི་རྒྱའི་གསར་ཁང་ནས་ཀྱང་ད་རེས་ཨ་རིའི་གཞུང་ཚབ་ཀྱི་འཚམས་གཟིགས་དེ་རྒྱལ་སྤྱིའི་སྡིངས་ཆའི་ཁྲོད་རྒྱ་གཞུང་ནས་ཨ་རིའི་སྲིད་དོན་པ་དང་། གསར་འགོད་པ། དེ་བཞིན་བོད་མི་ཨ་རིའི་མི་སེར་ཡིན་པ་རྣམས་བོད་ནང་འགྲོ་འོང་གི་ཆོག་མཆན་སྤྲད་ཀྱི་མེད་པའི་གནད་དོན་ཁྱབ་སྤེལ་ཤུགས་ཆེ་བྱུང་བ་དེར་གདོང་ལེན་གྱི་ཚུལ་དུ་གནས་ཚུལ་དྲིལ་བསྒྲགས་བྱ་ཕྱིར་ཡིན་སྟབས་སྐུ་ཞབས་  Branstad ལགས་ནས་འཚམས་གཟིགས་དེའི་ཁྲོད་དམ་དྲག་བྱས་པས་དེ་འབྲེལ་མྱོང་ཚོར་རྣམས་ཕྱིའི་གསར་ཁང་ཁག་ལ་འཛེམས་ཟོན་མེད་པར་ཡོངས་བསྒྲགས་གསུངས་དགོས་གལ་ཡིན་པ་དང་། ལྷག་པར་དུ་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ནས་དེ་འབྲེལ་དམ་དྲག་ཨ་རིའི་ནང་མྱོང་དགོས་ཀྱི་མེད་པ་གསུངས་འདུག དེ་བཞིན་སྐུ་ཞབས་ Branstad ལགས་སུ་བོད་ནང་འཚམས་གཟིགས་སུ་ཕེབས་པ་དེར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས།  རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ལོ་འདིའི་ཟླ་མཇུག་ཏུ་བོད་ནང་འདྲ་མཉམ་འགྲུལ་སྐྱོད་ཀྱི་ཁྲིམས་གཞི་དེ་ལག་ལེན་དུ་འཁྱོལ་ཐབས་ཀྱི་ལས་འགུལ་སྤེལ་རྒྱུ་དང་། ཁྲིམས་གཞི་དེ་བརྒྱུད་རྒྱ་གཞུང་ནས་ཨ་རིའི་མི་སེར་བོད་ནང་སྐྱོད་པར་དབྱེ་འབྱེད་ཀྱི་སྲིད་བྱུས་དེ་མཚམས་འཇོག་བྱེད་དགོས་པ་ཤེས་ཐབས་བཟོ་རྒྱུ་ཡིན་པར་གསུངས་འདུག རྩ་བའི་སྐུ་ཞབས་ Branstad ལགས་ཀྱི་འཚམས་གཟིགས་དེའི་ཁྲོད་གཞུང་འབྲེལ་ཚོགས་འདུ་དང་ཆོས་ཕྱོགས་ཀྱི་ས་གནས་དང་ཕ་མེས་ནས་བརྒྱུད་པའི་གཅེས་ནོར་ལ་གཟིགས་སྐོར། དེ་བཞིན་ས་གནས་འགོ་ཁྲིད་ཚོ་དང་མཇལ་འཕྲད་གནང་བས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་འཚམས་གཟིགས་དེ་ནི་རྒྱ་གཞུང་གིས་བོད་མིའི་སྐད་དང་རིག་གཞུང་།  ཆོས་ལུགས་རང་དབང་སོགས་ལ་ཡུན་རིང་ནས་དམ་དྲག་བྱས་པའི་གནད་དོན་རྣམས་གླེང་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡིན་པར་གསུངས་འདུག ཡིན་ནའང་ཉེ་ལམ་རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་ Lu Kang ཡིས་སྐུ་ཞབས་ Branstad ལགས་ནས་ད་རེས་འཚམས་གཟིགས་དེའི་ཁྲོད་བོད་ཞི་བའི་བཅིངས་བཀྲོལ་བཏང་ནས་ལོ་ངོ་ ༦༠ འགྲོ་བའི་བོད་ནང་གི་བོད་མིའི་འཚོ་བ་དང་། དཔལ་འབྱོར། སྤྱི་ཚོགས་སོགས་འཕེལ་རྒྱས་འགྲོ་བ་གཟིགས་རྒྱུ་དང་། ལྷག་པར་དུ་ཨ་རིའི་གཞུང་ཚབ་ནས་བོད་མིའི་རིག་གཞུང་དང་ཆོས་ལུགས། ལོ་རྒྱུས་རང་བཞིན་ལྡན་པའི་ཕ་མེས་ནས་བརྒྱུད་པའི་གཅེས་ནོར་སོགས་ཀྱི་ཐད་འཁྱོག་བཤད་ཀྱི་སྐད་ཆ་ལ་ཤུགས་རྐྱེན་མ་ཐེབས་པར་བོད་ཀྱི་དངོས་ཡོད་གནས་སྟངས་ལ་སྡོམ་ཚིག་གནང་བའི་རེ་བ་ཡོད་ཅེས་བརྗོད་ཡོད་པ་རེད།

ནག་ཚོགས་གཙང་སེལ་ལས་འགུལ་ཁྲོད་མགོ་ལོག་ཕྱོགས་ནས་བོད་མི་ ༡༤ འཛིན་བཟུང་།

འདི་ལོ་ ༢༠༡༩ ཕྱི་ཟླ་ལྔ་པའི་ཚེས་ཤར་ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་མཚོ་སྔོན་ཞིང་ཆེན་མགོ་ལོག་རྫོང་ཁག་དྲུག་ནང་ནག་ཚོགས་གསང་སེལ་ཟེར་བའི་ལས་འགུལ་སྤེལ་ཡོད་པ་དང་ནག་ཚོགས་གཙང་སེལ་ཟེར་བའི་ལས་འགུལ་དེའི་འོག་ནས་བོད་མི་གང་བྱུང་འཛིན་བཟུང་བྱེད་བཞིན་ཡོད་པ་དང་། ཕྱི་ཟླ་ལྔ་པའི་ནང་ལས་འགུལ་འགོ་འཛུགས་ཀྱིས་ད་བར་དངོས་སུ་ཤེས་རྟོགས་བྱུང་བར་བོད་མི་ ༡༤ ཙམ་འཛིན་བཟུང་བྱས་ཡོད་པ་ལྟར། དེ་དག་ནི་མགོ་ལོག་དགའ་བདེ་ནས་མི་༧ དང་མགོ་ལོག་དར་ལག་ནས་མི་ ༧ བཅས་འཛིན་བཟུང་བྱས་ཡོད་པ་རེད་འདུག ལས་འགུལ་དེ་སྤེལ་བ་ནས་ཁྲོམ་གཞུང་དུ་ས་གནས་བོད་མི་ཕན་ཚུན་དབར་རྒྱུན་གཏན་བཞིན་བཀའ་མོལ་གནང་ཕད་ཀྱི་མེད་པར་འཇིགས་སྣང་འོག་གནས་མུས་རེད་འདུག ནག་ཚོགསགཙང་སེལ་ཞེས་པའི་ཉེས་ཁྲིམས་ནང་ཁྲིམས་དང་མི་མཐུན་པའི་ཤོ་སྦག་རྒྱག་པ་དང་། རྒྱན་འཛུགས་བྱེད་པ། ཚོགས་པ་བཙུགས་ནས་མང་ཚོགས་ཀྱི་ལག་ནས་དངུལ་ལེན་པ་སོགས་འཛིན་བཟུང་གིས་རྡུང་རྡེག་གཏང་རྒྱུ་ཡིན་འདུག་ཀྱང་། གཙོ་བོ་ནི་རྒྱལ་ཁབ་ལ་མི་དགའ་མཁན་དང་རྒྱལ་ཁབ་ལ་ཁ་གཏད་ཀྱིས་ཆབ་སྲིད་ལས་འགུལ་ནང་ཞུགས་མྱོང་མཁན་དང་དེ་བཞིན་གནད་དོན་དེ་དག་དང་འབྲེལ་ཡོད་དོགས་གཞི་ཡོད་པ་རྣམས་གཙོ་གནད་དུ་བཟུང་ནས་རྡུང་རྡེག་གཏོང་བཞིན་ཡོད་པ་རེད།མང་ཚོགས་ནང་མི་གྲངས་བཅུ་ཡན་གྱི་ཚོགས་པ་འཛུགས་དགོས་ན་ཐོག་མར་ས་གནས་ཡུལ་ཚོ་དང་རྫོང་བཅས་སོགས་སུ་སྙན་ཞུ་ཕུལ་ནས་ཐོ་འགོད་དང་ཆོག་མཆན་ཞུ་དགོས་པ་མ་ཟད། བརྡ་འཕྲིན་བརྒྱུད་ནས་ཐེ་ཝན། ཧོང་ཀོང་། བོད་དང་རྒྱ་ནག་གི་སྐོར་གྱི་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་རིགས་སྐུར་མི་ཆོག་པ། ད་དུང་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ནས་ཡོང་བའི་མི་ལ་བཀའ་མོལ་གནང་མི་ཆོག་པ། ཁོང་ཚོའི་དྲི་བར་ལན་འདེབས་གནང་མི་ཆོག་པ་སོགས་ཀྱི་བརྒྱུད་བསྒྲགས་ཀྱང་བྱེད་བཞིན་ཡོད་པ་རེད། སྤྱིར་ནག་ཚོགས་གཙང་སེལ་ཞེས་པའི་ལས་འགུལ་དེ་ནི་ཕྱི་ལོ་ ༢༠༡༨ ཕྱི་ཟླ་དང་པོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་གྲོང་ཁྱེར་དུ་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་མགོ་ཁྲིད་ཚོགས་འདུ་ཚོགས་ཏེ་ཞི་ཅིན་ཕིང་གི་གཙང་སེལ་ལས་འགུལ་གཞི་རྩར་བཟུང་ནས་ ༢༠༡༨ ལོ་ནས་ཕྱི་ལོ་ ༢༠༢༡ བར་སྤྱི་ཚོགས་ཁྲོད་ཀྱི་ནག་ཚོགས་གཙང་སེལ་དགོས་སྐོར་གྱི་དོན་ཚན་བཞི་ཅན་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་མ་ཟད། ནག་ཚོགས་འབུར་འཇོམ་གྱི་ལས་འགུལ་དེར་ས་གནས་སོ་སོ་ནས་དོ་ནན་ལག་བསྟར་དགོས་པའི་བཀོད་ཁྱབ་བཏང་ཡོད་སྟབས། ལོ་དེའི་ཕྱི་ཟླ་གཉིས་པ་ཚེས་ཤར་ནས་བཟུང་ལས་འགུལ་དེ་རྒྱ་ནག་གི་གྲོང་ཁྱེར་ཁག་དང་ལྷག་པར་དུ་བོད་ཀྱིས་གཙོས་པའི་གྲངས་ཉུང་མི་རིགས་ས་ཁུལ་དུ་ཤུགས་ཆེར་སྤེལ་བཞིན་ཡོད་པ་རེད། ཕྱི་ལོ་ ༢༠༡༨ ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་གྱུར་མཚོ་སྔོན་དང་སི་ཁྲོན། ཡུན་ནན་སོགས་བོད་རིགས་གནས་སྡོད་ས་ཁུལ་ཡོངས་སུ་ལས་འགུལ་དེ་སྤེལ་སྤེལ་མུས་ཡིན་པ་མ་ཟད་ལྷ་སའི་ནག་ཚོགས་འབུར་འཇོམས་གསལ་བསྒྲགས་ནང་ནག་ཚོགས་ཀྱི་དམིགས་གཏད་གཙོ་བོ་དེ་ཏཱ་ལའི་ཁ་བྲལ་ཤོག་ཁག་དང་ཏཱ་ལའི་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན། དེ་བཞིན་སྐད་ཡིག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་བྱང་འོག་ནས་ལས་འགུལ་སྤེལ་མཁན་རིགས་ལ་དམིགས་པ་ཡིན་སྐོར་བརྗོད་འདུག

བོད་མི་མང་དག་ཅིག་གློ་བུར་འཛིན་བཟུང་བྱེད་བཞིན་པ།

རྒྱ་ནག་གཞུང་གིས་སྤྱི་ཚོགས་བདེ་འཇགས་ལ་ཁ་གཡར་ཏེ་ནག་ཚོགས་གཙང་སེལ་དང་ཟང་ཟིང་བཅོས་སྒྲིག་ཞེས་པའི་ལས་འགུལ་ཞིག་སྔ་ལོ་ནས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་གང་སར་སྤེལ་བཞིན་ཡོད་པ་དང་། དེང་སྐབས་ལས་འགུལ་དེའི་རྐྱེན་པས་ཉིན་རེ་བཞིན་དམ་དྲག་ཆེ་རུ་འགྲོ་བཞིན་ཡོད་པ་རེད་འདུགདེང་སྐབས་ལས་འགུལ་དེའི་འོག་ནས་ལྷ་ས་གྲོང་ཁྱེར་ཁུལ་ནས་བོད་མི་མང་པོ་ཞིག་གློ་བུར་དུ་བོར་བརླག་འགྲོ་བཞིན་ཡོད་པ་མ་ཟད་ཁག་གཅིག་དོགས་གཞིའི་འོག་བཀག་ཉར་བྱས་འདུགནག་ཚོགས་གཙང་སེལ་ཞེས་པའི་ལས་འགུལ་ནི་སྤྱི་ཚོགས་བདེ་འཇགས་ལ་ཁ་གཡར་བ་ཙམ་ལས་དོན་དངོས་ཐོག་བོད་མིར་དམ་དྲག་བྱེད་པའི་ལག་ཆ་ཞིག་ཡིན་པ་མ་ཟད་གང་ཟག་སུ་ཞིག་གིས་ལས་འགུལ་དེའི་ནང་མཉམ་ཞུགས་གནང་ཚེ་བྱ་དགའ་རྒྱ་སྒོར་ཁྲི་གསུམ་ཡན་སྤྲོད་རྒྱུ་ཡིན་ཚུལ་བརྗོད་བཞིན་ཡོད་པ་དང་། མི་རྩིས་སྤྲོད་ཐེར་འདོན་བྱེད་མཁན་གྱི་བདེ་འཇགས་དང་གསང་བ་འགན་སྲུང་བྱ་རྒྱུའི་ཁས་ལེན་བྱེད་བཞིན་ཡོད་སྟབས་དེང་སྐབས་དངུལ་ཁོ་ནར་དགའ་བའི་མི་ཁག་གཅིག་གིས་བོད་མི་ནང་ཁུལ་རྩིས་སྤྲོད་བྱེད་བཞིན་ཡོད་རྐྱེན་དེང་སྐབས་སོ་སོའི་གྲོགས་པོ་ཕན་ཚུལ་དབར་ལའང་ཡིད་ཆེས་གནང་དཀའ་བའི་གནས་སུ་གྱུར་ཡོད་པ་རེད་འདུགདེ་བཞིན་ནག་ཚོགས་གཙང་སེལ་གྱི་ལས་འགུལ་ནི་དུས་ཡུན་ལོ་ངོ་གསུམ་ནང་མཇུག་སྒྲིལ་བྱ་རྒྱུའི་དམིགས་ཚད་བཟུང་ཡོད་པར་འགྲེལ་བརྗོད་བྱས་འདུག ཕྱོགས་མཚུངས་ཁ་ཉིན་ཚེས་ ༢༡ ཉིན་ལྷ་ས་སྟོད་ལུང་གདོང་དཀར་ཡུལ་ཚོར་མང་ཚོགས་བསྐོངས་ནས་ནག་ཚོགས་གཙང་སེལ་དང་ཟང་ཟིང་བཅོས་སྒྲིག་ཞེས་པའི་དྲིལ་བསྒྲགས་སློབ་གསོའི་ལས་འགུལ་ཞིག་སྤེལ་འདུག་པ་དང་། དྲིལ་བསྒྲགས་ལས་འགུལ་གྱི་ཡིག་ཆའི་ནང་ཁྲིམས་འགལ་དོན་ཚན་ ༢༢ བཀོད་ཡོད་པ་ལྟར། དོན་ཚན་གང་རུང་དང་འགལ་བའི་མི་སྣ་རྩིས་སྤྲོད་གནང་ཚེ་བྱ་དགའ་གྱ་ནོམ་པ་སྤྲོད་རྒྱུ་ཡིན་པ་མ་ཟད་རྩིས་སྤྲོད་བྱེད་མཁན་གྱི་བདེ་འཇགས་དང་གསང་བ་སྲུང་རྒྱུ་ཡིན་ཚུལ་ཡང་བརྗོད་འདུགདེ་བཞིན་རང་ཉིད་ཁྲིམས་འགལ་ནག་ཚོགས་ནང་མི་ཞུགས་པ་མ་ཟད་རང་གི་ངོ་ཤེས་ཉེ་འབྲེལ་ཚོ་ལ་ཡང་དེ་དོན་སློབ་གསོ་སྤྲོད་དགོས་ཚུལ་ནན་བརྗོད་བྱས་འདུག དྲིལ་བསྒྲགས་ལས་འགུལ་དེའི་ཐོག་ད་དུང་སྟོད་ལུང་གདོང་དཀར་ཡུལ་ཚོ་དེ་ནག་ཚོགས་གཙང་སེལ་བྱས་ཏེ་མང་ཚོགས་རྣམ་པ་བདེ་བར་འཁོད་ཐུབ་པ་ཞིག་གནང་དགོས་པ་སོགས་བཤད་འདུག ནག་ཚོགས་གཙང་སེལ་ཞེས་པའི་སྐོར་སྐྱོད་དྲིལ་བསྒྲགས་སློབ་གསོ་སྤེལ་རྗེས་དྲིལ་བསྒྲགས་ནང་དོན་དེའི་མིང་བྱང་འོག་ནས་མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་ཞིག་ཀྱང་བྱས་ཡོད་པ་མ་ཟད། དྲིལ་བསྒྲགས་ལས་དོན་དེ་ནི་སྟོད་ལུང་གི་ས་ཁུལ་ཡོངས་སུ་སྤེལ་འཆར་ཡོད་པར་བརྗོད་འདུག

ས་ཞིང་བཙན་འཕྲོག་གི་གནད་དོན་དང་འབྲེལ་བའི་བོད་མི་ ༩ པོ་གློད་བཀྲོལ་དགོས་པའི་ཞུ་སྐུལ།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང། Habitat International Coalition ཞེས་པའི་རྒྱལ་སྤྱིའི་ཁྲོད་ས་ཆའི་བདག་དབང་གི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་ཚོགས་པ་གཉིས་མཉམ་རུབ་ཀྱིས་རེབ་གོང་ཧོར་རྒྱ་སྡེ་བའི་བོད་མི་མང་ཚོགས་ཀྱི་ས་ཆའི་བདག་དབང་རྩོད་མཁན་ཁ་འགོ་བ་ཚོགས་ཆུང་གི་བོད་མི་ ༩ ལ་རྒྱ་གཞུང་གིས་ཉེས་མིང་འདྲ་མིན་འོག་འདི་ལོ་ཕྱི་ཟླ་ ༤ པའི་ཟླ་དཀྱིལ་དུ་ཁོང་རྣམས་ལ་ལོ་ ༣ ནས་ ༧ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་ལྟར། ཚོགས་པ་དེ་དག་གཉིས་ཀྱི་ངོས་ནས་རྒྱ་གཞུང་གིས་ཧོར་རྒྱ་སྡེ་བའི་བོད་མི་ ༩ པོ་དེ་དག་འཛིན་བཟུང་བཀག་ཉར་དང་བཙོན་འཇུག་ཁྲིམས་ཐག་བཅད་པ་ནི་བོད་མི་མང་ཚོགས་ཀྱི་ཞི་བའི་ཡར་ལངས་གནད་དོན་ལ་ནག་ཚོགས་ཀྱི་མིང་བཏགས་ནས་དམ་གནོན་བྱེད་ཐབས་ཀྱི་རྣམ་པ་གསལ་པོ་ཡིན་པ་དང་འབྲེལ། བོད་མི་དེ་དག་གིས་རང་དང་མང་ཚོགས་ཀྱི་ས་ཆའི་བདག་དབང་རྩོད་པ་དེ་ནི་ནག་ཚོགས་ཀྱི་བྱ་སྤྱོད་གང་ཡང་མིན་པ་དང་། རང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩོད་པའི་གནད་དོན་ཞིག་ཡིན་སྟབས་ཁོང་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པའི་དྲྭ་ཐོག་འབོད་སྐུལ་གྱི་ལས་འགུལ་ཞིག་དབུ་འཛུགས་གནང་འདུགརྩ་བའི་དེ་སྔ་རེབ་གོང་ཧོར་རྒྱ་སྡེ་བའི་ས་གནས་སུ་སྲིད་གཞུང་གིས་མང་ཚོགས་ཀྱི་ས་ཆ་བཙན་འཕྲོག་བྱས་ནས་སོ་ཕག་བཟོ་གྲྭ་གསུམ་བཙུགས་ཡོད་པ་དང། ཕྱི་ལོ་ ༢༠༡༡ ལོར་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་ཐོག་ནས་བཟོ་གྲྭ་དེ་དག་སྒོ་བརྒྱབ་པ་དང་འབྲེལ། སྲིད་གཞུང་གིས་བཟོ་གྲྭའི་བདག་པོ་རྣམས་ལ་གུན་གསབ་འབོར་ཆེན་སྤྲད་ཡོད་ཀྱང། འདས་པའི་མི་ལོ་ ༧ རིང་ལ་ས་བདག་ས་གནས་མང་ཚོགས་རྣམས་ལ་ས་ཆ་ཕྱིར་སློག་མ་བྱེད་པའི་ཁར་ས་རིན་ཡང་སྤྲད་མེད་པ་རེད་འདུགདེའི་ཁྲོད་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༢༡ ཉིན་ཧོར་རྒྱ་སྡེ་བའི་མི་མང་ ༥༠༠ ཙམ་གྱི་རྒྱབ་སྐྱོར་ཡོད་པའི་ཐོག་ཁ་འགོ་བ་ཞེས་པའི་ཚོགས་ཆུང་ཞིག་གསར་འཛུགས་ཀྱིས་ས་གནས་ཀྱི་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་ ༢༤ བསྐོ་གཞག་དང་འབྲེལ་ཏེ་ཁ་འགོ་བའི་ཚོགས་མི་ ༢༤ ཡི་ས་ཡིག་འཁོད་པའི་ཞུ་ཡིག་ཞིག་ས་གནས་སྲིད་གཞུང་ལ་ཕུལ་འདུགཞུ་ཡིག་ནང་དེ་སྔོན་སྲིད་གཞུང་གིས་མང་ཚོགས་ཀྱི་ས་ཆ་བཙན་འཕྲོག་བྱས་ནས་སོ་ཕག་བཟོ་གྲྭ་བཙུགས་ཡོད་ཀྱང་བཟོ་གྲྭ་སྒོ་བརྒྱབ་རྗེས་ས་ཆ་དེ་དག་ཕྱིར་མང་ཚོགས་ལ་སྤྲོད་དགོས་པའི་ཞུ་སྐུལ་གནང་དོན་ལྟར། སྐབས་དེར་ཧོར་རྒྱ་སྡེ་བའི་གཞུང་གིས་རྒྱབ་སྐྱོར་དང་ཁག་ཐེག་ཡང་བྱས་ཡོད་པ་རེད། འོན་ཀྱང་སྲིད་གཞུང་གིས་བོད་མིའི་སྐུ་ཚབ་ཚོགས་ཆུང་གི་ཞུ་ཡིག་ལ་དང་ལེན་བྱེད་རྒྱུ་ལས་ལྡོག་ནས་ཞུ་གཏུག་གི་ལས་འགུལ་སྤེལ་བར་དྲག་གནོན་བྱས་པ་མ་ཟད་ཧོར་རྒྱ་སྡེ་བའི་འགོ་ཁྲིད་ཀྱི་སྟོབས་ཤུགས་མེད་པ་བཟོ་ཐབས་བྱེད་བཞིན་པའི་ཁྲོད། རྒྱ་གཞུང་གིས་ཁ་འགོ་བ་ཞེས་པའི་ཚོགས་པ་དེ་ནག་ཚོགས་ཡིན་པ་དང། བོད་མི་དེ་དག་གིས་མི་མང་དཔུང་འདེགས་ཀྱི་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླག་བཏང་རབས་སོགས་བཤད་དེ་ཁ་འགོ་བའི་ཚོགས་མི་ ༩ པོ་དེ་དག་སྔར་ལོའི་ཕྱི་ཟླ་ ༧ པའི་ནང་བཀག་ཉར་གྱིས་ཕྱི་ཟླ་ ༨ ནང་དངོས་སུ་འཛིན་བཟུང་གིས་ཟླ་བ་བརྒྱད་ཙམ་གྱི་རྗེས་སུ་འདི་ལོའི་ཕྱི་ཟླ་ ༤ པའི་ནང་མདོ་སྨད་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་མི་དམངས་ཁྲིམས་ཁང་ནས་བོད་མི་དེ་དག་ལ་ལོ་ ༣ ནས་ ༧ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཉེ་ཆར་ཕྱི་ཟླ་ ༤ པའི་ནང་དེའི་སྐོར་གནས་ཚུལ་སྤེལ་བར་རྒྱ་གཞུང་གིས་ཁ་འགོ་བ་ཞེས་པའི་ཚོགས་པ་དེ་ནག་ཚོགས་ཡིན་པ་དང། བོད་མི་དེ་དག་གིས་མི་མང་དཔུང་བསྡེབས་ཀྱི་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླག་གནང་རབས་སོགས་བཤད་ཡོད་ཀྱང་། རྒྱ་གཞུང་གིས་འཁྱོག་བཤད་བྱས་པ་ཁོ་ན་ཡིན་སྐོར་གསུངས་ཡོད་པ་རེད།དེ་རིང་ཚོགས་པ་གཉིས་ཀྱིས་ཞུ་སྐུལ་གྱི་ལས་འགུལ་སྤེལ་བར་རེབ་གོང་ནང་དུ་བོད་མི་ ༩ པོ་དེ་དག་འཛིན་བཟུང་བྱས་པའིབརྒྱུད་རིམ་ཆ་ཚང་ངོ་སྤྲོད་དང་སྦྲགས། རྒྱ་ནག་གཞུང་གིས་སྔ་ལོ་ནས་བོད་ཀྱི་ས་ཁུལ་ཁག་ཏུ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་འགུལ་ཞེས་པའི་ཁྲིམས་གཞི་གསར་པ་ལག་བསྟར་འོག་བོད་མི་མང་ཚོགས་ཀྱི་རང་གི་ས་ཆའི་བདག་དབང་དང། ཆོས་དད་དང་སྐད་ཡིག་རང་དབང། དེ་བཞིན་འཚོ་ཐབས་ཀྱི་རང་དབང་སོགས་ཀྱི་འཐབ་རྩོད་གནང་ཁག་ནག་ཚོགས་བྱ་སྤྱོད་ཀྱི་མིང་བཏགས་ནས་དམ་གནོན་བྱ་རྒྱུའི་སྲིད་བྱུས་ཤིག་ཡིན་པ་དང། རེབ་གོང་གི་ནང་དུ་ཁྲིམས་གཞི་དེ་ལག་བསྟར་འོག་བོད་མིར་དྲག་གནོན་བྱེད་པའི་གནད་དོན་དང་པོ་དེ་ཆགས་ཀྱི་ཡོད་པ་དེ་ལྟར་ཡང། རེབ་གོང་ཁུལ་དུ་རྒྱ་གཞུང་གིས་བོད་མིའི་ས་ཆ་བཙན་འཕྲོག་བྱེད་པའི་གནད་དོན་དེ་དྲང་པོ་རྩ་བ་ནས་མིན་པ་ལས། དེ་སྔོན་ཕྱི་ལོ་ ༢༠༡༦ ནང་དུའང་རྒྱ་གཞུང་གིས་རོང་པོ་དགོན་པའི་ས་ཆ་བཙན་འཕྲོག་བྱས་ཡོད་པ་དང། རྒྱ་གཞུང་གི་བྱ་སྤྱོད་དེ་དག་ནི་རྒྱལ་སྤྱིའི་ས་ཆ་བདག་དབང་གི་ཁྲིམས་ཙམ་མ་ཟད་རྒྱ་ནག་རང་གི་རྩ་ཁྲིམས་དང་ཡོངས་སུ་འགལ་ཡོད་སྟབས། བོད་མི་ ༩ པོ་དེ་དག་འཕྲལ་མར་གློད་བཀྲོལ་དགོས་པ་དང། རྒྱ་ནག་གཞུང་གི་མང་ཚོགས་ཐོག་དྲང་ལྡན་མིན་པའི་ཁྲིམས་རྣམས་ལ་བསྒྱུར་བཅོས་དགོས་པ་སོགས་དགོས་འདུན་དོན་ཚན་བརྒྱད་ཅན་ཞིག་ཆེད་བཏོན་གྱིས་རྒྱ་གཞུང་གི་བཙོན་འཇུག་འོག་ཡོད་པའི་བོད་ཀྱི་ས་ཁུལ་ཡོངས་ཀྱི་མགོ་ཁྲིད་རྣམས་ལ་གཏང་རྒྱུ་རེད་འདུག

Latest news