Tibetan Royal Year of 2151 | Year of the Wood Dragon

བོད།

རྒྱ་གཞུང་གིས་ཁམས་ནང་ཆེན་ཁུལ་གྱི་དགོན་སྡེ་ལ་ཉེན་བརྡ་བཏང་བ།

ནང་ཆེན་རྫོང་འཐབ་ཕྱོགས་གཅིག་གྱུར་ཁང་དང་ནང་ཆེན་རྫོང་མི་རིགས་ཆོས་ལུགས་ཁང་ཟེར་བས་གྲོང་རྡལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། དགོན་པ་དོ་དམ་ཁང་སོ་སོར་བཀའ་རྒྱ་ཞིག་བཀྲམས་ཏེ་དགུན་ཁའི་གུང་སེང་སྐབས་དགོན་པས་བོད་ཡིག་ཟབ་སྦྱོང་འཛིན་གྲྭ་འཚོག་མི་ཆོག་པའི་བཙན་བཀའ་བཏང་འདུག ཁ་སང་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་རྒྱ་ནག་གིས་ཁམས་ནང་ཆེན་ཁུལ་གྱི་དགོན་སྡེ་ཁག་ལ་བཙན་བཀའ་བཏང་བའི་བརྡ་ཁྱབ་ཅིག་ཕྱིར་ཐོན་པའི་ནང་འདས་ལོའི་ཟླ་ ༡༢ ཚེས་ ༢༥ ཉིན་རྒྱ་ནག་གཞུང་གིས་སློབ་གྲྭ་ཁག་གི་དགུན་ཁའི་གུང་སེང་དང་སྟབས་བསྟུན། བོད་ཁུལ་གྱི་དགོན་པ་དང་གྲོང་ཚོ། དེ་བཞིན་མི་སྒེར་བཅས་ནས་བོད་ཡིག་ཟབ་སྦྱོང་འཛིན་གྲྭ་འཛུགས་མི་ཆོག་པའི་བཀའ་རྒྱ་བསྒྲགས་ནས་གལ་སྲིད་དེ་ལྟ་བུའི་ཟབ་སྦྱོང་འཛིན་གྲྭ་བཙུགས་པ་ཤེས་རྟོགས་བྱུང་ཚེ་མི་སྒེར་ལ་ཉེས་ཆད་བཅད་ནས་དགོན་པ་ནས་ཕྱིར་ཕུད་གཏོང་རྒྱུ་ཡིན་པར་བསྒྲགས་ཡོད་པ་རེད།བཀའ་རྒྱའི་ནང་ཞིབ་ཚགས་ཀྱིས་བཀོད་ཡོད་པར་གཞིགས་ན། སློབ་གྲྭའི་དགུན་གསེང་དུས་སྐབས་སུ་ཞང་གྲོང་རྡལ་སོ་སོའི་ཉེ་ཆར་དགོན་པ་དོ་དམ་ཁང་དང་མངགས་གཏོང་ཁང་སོགས་རྩ་འཛུགས་བྱས་ནས་དགོན་པས་སློབ་མར་ཟབ་སྦྱོང་སྤེལ་བའི་གནས་ཚུལ་ལ་ཕྱོགས་ཡོངས་དང་ཆ་ཚང་བའི་སྒོ་ནས་ཞིབ་བཤེར་ཐོ་འགོད་ལས་དོན་ཐེངས་ཤིག་བྱེད་དགོས་པ་དང་། དགོན་པའི་ངོས་ནས་ཟབ་སྦྱོང་འཛིན་གྲྭ་དང་བོད་ཡིག་འཛིན་གྲྭའི་མིང་ཐོག་ནས་སློབ་གྲྭ་ཆུང་འབྲིང་གི་སློབ་མ་བསྡུས་ཏེ་སློབ་གྲྭ་འཚོགས་པའི་བྱ་སྤྱོད་ལ་ཞིབ་བཤེར་དང་ཐག་གཅོད་ནན་མོ་དགོས་ཤིང་། ཁེ་ཕན་འབྲེལ་བ་ཞིབ་ཅིང་གསལ་བར་བཤད་དགོས། རང་འདོད་ཁེར་སྒྲུབ་དང་ཁ་ཏ་སློབ་སྟོན་ལ་མི་ཉན་པའི་སློབ་གྲྭ་འཚོགས་པའི་དགོན་པ་དང་གྲྭ་བཙུན་གྱི་འགན་འཁྲི་ནན་མོ་རྩད་གཅོད་དགོས་ལ། གཅིག་གསལ་རྟོགས་བྱུང་ན་གཅིག་བཀག་སྡོམ་དགོས་པ་སོགས་བཀོད་འདུག རྩ་བའི་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༥ ནང་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཀྱི་ཁུལ་དང་དེ་བཞིན་ཁམས་ལི་ཐང་གི་ཁུལ་དུ་ཡང་ས་གནས་མང་ཚོགས་ལ་ཉེན་བརྡ་བཏང་ནས་གུང་གསེང་གི་སྐབས་སུ་སློབ་ཕྲུག་ཚོ་ས་ག་ཟླ་བའི་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་མ་ཟད། ཕ་མ་སུ་ཞིག་གིས་རང་གི་ཕྲུ་གུ་དགོན་པར་མཇལ་སྐོར་དུ་ཁྲིད་པ་ཡིན་ན་སྲིད་གཞུང་གིས་དུས་ལྟར་ཉེས་ཆད་གཅོད་རྒྱུ་ཡིན་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། ས་གནས་ཁག་ཏུ་བོད་རིགས་ཀྱི་སློབ་ཕྲུག་ཚོར་ཆེད་དུ་དམག་སྦྱོང་གི་འཛིན་གྲྭར་ཞུགས་དགོས་པའི་ལས་གཞི་སྤེལ་བ་སོགས་ཀྱི་གནས་ཚུལ་ཡང་བྱུང་ཡོད་པ་རེད།  ཟླ་བ་འདིའི་ནང་རྒྱ་གཞུང་གིས་ཉེ་ལམ་ལྷ་ས་གྲོང་ཁྱེར་ཁྱབ་ཁོངས་ཀྱི་བོད་རིགས་རྒྱ་གཞུང་ལས་བྱེད་རྣམས་ལ་ཆོས་ལུགས་བྱེད་སྒོ་ཁག་ལ་ཞུགས་མི་ཆོག་པ་མ་ཟད་གལ་སྲིད་ཆོས་ལུགས་བྱེད་སྒོ་ཁག་ལ་ཞུགས་པ་ཤེས་རྟོགས་བྱུང་ཚེ་མི་ཚེ་གཅིག་གི་ཐོབ་ཐང་ཡོངས་རྫོགས་འཕྲོག་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད།

བཀྲ་ཤིས་དབང་ཕྱུག་ལགས་འཛིན་བཟུང་བྱས་ནས་མི་ལོ་གསུམ་འཁོར་བའི་དྲན་གསོ།

ཁ་སང་ཚེས་ ༢༧ ཉིན་བོད་ཀྱི་སྐད་ཡིག་རང་དབང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས་རྒྱ་ནག་གིས་འཛིན་བཟུང་བྱས་ཏེ་མི་ལོ་གསུམ་འཁོར་བའི་ཉིན་མོ་དང་སྟབས་བསྟུན་བཞུགས་སྒར་དུ་ཁོང་གང་མགྱོགས་གློད་བཀྲོལ་དགོས་པའི་ཞུ་སྐུལ་དུ་གྲིབ་གཟུགས་ཀྱི་གཏམ་བརྗོད་ཅེས་པའི་ལས་འགུལ་ཞིག་སྤེལ་སོང་། ཁ་སང་སྔ་དྲོ་ཆུ་ཚོད་ ༡༡ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཁྱིམ་ཉིན་མོ་སློབ་གྲྭའི་ཚོགས་ཁང་དུ་བོད་རང་ད་བཙན་སློབ་ཕྲུག་ཚོགས་པ་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་གཉིས་ཟུང་འབྲེལ་ཐོག་ནས་བོད་ཀྱི་ཆབ་སྲིད་བཙོན་པ་བཀྲ་ཤིས་དབང་ཕྱུག་ལགས་དྲན་གསོ་ཞུས་ནས་ཕྱི་རྒྱལ་མང་ཚོགས་ཀྱི་ཁྲོད་དུ་ཁོང་གི་སྐོར་ལ་གོ་རྟོགས་ཡོང་ཐབས་དང་། དེ་བཞིན་ཁོང་གང་མགྱོགས་གློད་བཀྲོལ་དགོས་བའི་འབོད་སྐུལ་དུ་དབྱིན་སྐད་ཐོག་ནས་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ཀྱི་སྐད་ཡིག་གི་རང་དབང་ཆེད་དུ་ས་གནས་ཁྲིམས་ཞིབ་ཁང་ལ་ཞི་གཏུག་གནང་བ་དང་། དེ་བཞིན་ས་ཁོངས་མི་རིགས་རང་སྐྱོང་གི་ཁེ་དབང་དང་མཉམ་དུ་ཁྲིམས་རྩོད་པ་གླ་ཐབས་གནང་ནས་བོད་ཀྱི་སྐད་ཡིག་རང་དབང་མཐོར་འདེགས་གཏོང་ཐབས་གནང་རྐྱེན་མཐར་རྒྱ་ནག་གིས་མ་ཉེས་ཁ་གཡོག་འོག་ཁོང་བཙན་ཁྲིད་བྱས་ཏེ་ཁྲིམས་ཐག་བཅད་པ་སོགས་ཀྱིས་མཚོན་པའི་ལེའུ་དྲུག་ཅན་གྱི་གཏམ་བརྗོད་ལས་འགུལ་ཞིག་སྤེལ་ཡོད། འདི་གའི་གསར་འགོད་པས་དགུ་བཅུ་གསུལ་ལས་འགུལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཟླ་བ་བཀྲ་ཤིས་ལགས་སུ་  ཆབ་སྲིད་བཙོན་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་སྐད་ཡིག་འཐབ་རྩོད་ཀྱི་གནད་དོན་དང་འབྲེལ་བོད་ནང་གི་སྐད་ཡིག་གི་གནས་བབས་དེ་མ་འོངས་པར་ཉེན་འཚབ་གང་འདྲ་ཞིག་འཕྲད་སྲིད་སྐོར་བཀའ་འདྲི་ཞུས་པར་རྒྱ་ནག་གི་ནང་དུ་གྲངས་ཉུང་མི་རིགས་ཀྱི་སྐད་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པའི་དོན་ཚན་ཡོད་ཚད་ས་གནས་མི་རིགས་རང་སྐྱོང་གིི་བཅའ་ཁྲིམས་ནང་དུ་འཁོད་ཡོད་ནའང་། དོན་དངོས་ཐོག་སྐད་ཡིག་སྲུང་སྐྱོབ་གནང་ན་ཁྲིམས་འགལ་ལ་ངོས་འཛིན་བཞིན་པར་བརྟེན་མ་འོངས་པར་བོད་ཀྱི་སྐད་ཡིག་གི་གནས་བབས་དེ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་ངེས་ཡིན་པར་འགྲེལ་བརྗོད་གནང་སོང་།

བྷལ་ཇམ་གསར་ཁང་ནས་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་སྤེལ་རྒྱུ་མཚམས་འཇོག་བྱེད་དགོས།

ཡོ་རོབ་ཀྱི་རྒྱལ་ཁབ་ Belgium ནང་རྟེན་གཞི་བྱས་པའི་ Le Soir གསར་ཁང་ནས་རྒྱ་ནག་གཞུང་འབྲེལ་གསར་ཁང་གི་དཔྱད་རྩོམ་རིགས་སྤེལ་བ་དང་སྦྲགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གཅིག་གིས་གསར་ཁང་དེས་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་སྤེལ་རྒྱུ་འཕྲལ་མར་མཚམས་འཇོག་བྱེད་དགོས་པའི་ཞུ་སྐུལ་གནང་འདུགཁ་སང་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་ Le Soir ཞེས་པའི་གསར་ཁང་དེས་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༩ ཉིན་རྒྱ་ནག་གི་གཞུང་འབྲེལ་ Xinhua གསར་ཁང་ནས་སྤེལ་བའི་ Focus Belgian- China ཞེས་བྷལ་ཇམ་དང་རྒྱ་ནག་གཉིས་ཀྱི་ཐོག་ཞེས་པའི་བརྗོད་གཞི་ཁྲོད་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་སྲིད་བྱུས་འོག་རྨང་གཞི་འཛུགས་སྐྲུན་ལ་སོགས་པ་ཡར་རྒྱས་བཏང་ཡོད་པར་ཤིས་ཚིག་ཕུལ་བའི་དཔྱད་རྩོམ་ཤོག་ལྷེ་གཉིས་ཅན་གྱི་འཁྱོག་བཤད་དྲིལ་བསྒྲགས་སྤེལ་ཡོད་པ་དང་འབྲེལ། ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གཙོས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནའ་འབྲེལ་ཚོགས་པ་དང་ཕ་རན་སི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། རྒྱལ་ཚོགས་སུ་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་མང་གི་ཚོགས་པ། རྒྱལ་སྤྱིའི་ཡུ་གུར་ཚོགས་པ། བྷལ་ཇམ་གནས་བཞུགས་མི་མང་བཅས་ཐུན་མོང་ནས་ Le Soir གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པའི་འགན་འཛིན་དང་ངེས་སྟོན་པ་ Oliver De Raeymaeker ལ་རྒྱ་གཞུང་གི་འཁྱོག་བཤད་དྲིལ་བསྒྲགས་སྤེལ་རྒྱུ་མཚམས་འཇོག་བྱེད་དགོས་པའི་ཞུ་སྐུལ་གྱི་ཕྱག་ཡིག་ཕུལ་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་མཐུན་ཚོགས་ཀྱི་ངེས་སྟོན་པ་ Vincent Metten ལགས་ཀྱིས་རང་དབང་ཅན་གྱི་རྒྱལ་ཁབ་ནང་ཡོད་པའི་གསར་ཁང་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་རྒྱ་ནག་དམར་ཤོག་གི་འཁྱོག་བཤད་དྲིལ་བསྒྲགས་སྤེལ་བར་ངོས་ལེན་གནང་རྒྱུ་མེད་པ་དང་། རང་དབང་ཅན་གྱི་གསར་ཁང་ Le Soir ཡིས་མུ་མཐུད་ནས་གསར་འགོད་ཀྱི་སྤུས་ཚད་གང་ལེགས་གནང་རྒྱུ་དང་། དེ་བཞིན་གསར་ཁང་རང་ཉིད་ཀྱི་ཁུངས་དག་རང་བཞིན་དང་མི་མང་ནས་ཡིད་ཆེས་འཕེར་བ་གནང་དགོས་ཚེ་མི་རིང་བར་རྒྱ་ནག་གཞུང་གི་ Xinhua གསར་ཁང་གི་དཔྱད་རྩོམ་རིགས་སྤེལ་རྒྱུ་མཚམས་འཇོག་གནང་གནད་ཡིན་པ་སོགས་གསུངས་འདུགརྩ་བའི་རྒྱལ་སྤྱིའི་གསར་ཁང་ཁག་ཏུ་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ཀྱི་དཔྱད་རྩོམ་སྤེལ་རྒྱུ་དེ་ཕྱི་ལོ་ ༡༩༩༢ ལོར་ཨ་རིའི་གསར་ཁང་ནས་སྤེལ་འགོ་བཙུགས་པ་དང། ད་ལྟའི་ཆར་དབྱིན་ཡུལ་གྱི་ Daily Telegraph དངཕ་རན་སིའི་ Li Figaro དེ་བཞིན་སི་པཱེན་གྱི་ El Pais གསར་ཁང་སོགས་ཀྱིས་ Xinhua དང་། China Daily ཡི་དཔྱད་རྩོམ་ཁག་སྤེལ་མུས་ཡིན་པ་རེད། དེའི་ཁྲོད་དེ་སྔ་འཇར་མ་ནི་གསར་ཁང་ཞིག་གིས་ China Watch ཞེས་པའི་སྡེ་ཚན་ནང་རྒྱ་གཞུང་གི་ China Daily ཞེས་པའི་དཔྱད་རྩོམ་ཁག་ཅིག་སྤེལ་ཡོད་པ་དེ་ལྟར་ཡང། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་འབྲེལ་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲད་རྐྱེན་ད་ཆ་དེ་ལྟར་གནང་གི་མེད་པ་རེད།

  ས་གནས་ཡུལ་མིས་ཨ་ཉ་སེང་སྒྲ་གློད་བཀྲོལ་དགོས་བའི་ཞུ་སྐུལ།

མགོ་ལོག་རྐྱང་ཆད་ཡུལ་མི་མཉམ་རུབ་ཀྱིས་རེ་སྐུལ་ཕྱག་བྲིས་ཤིག་ས་གནས་སྲིད་གཞུང་ལ་ཕུལ་ནས་མགོ་ལོག་ཨ་ཉ་སེང་སྒྲ་འཕྲལ་མར་གློད་བཀྲོལ་དགོས་བའི་རེ་འདུན་བཏོན་འདུག རྩ་བའི་མཚོ་སྔོན་ཞིང་ཆེན་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ནས་ཡིན་པའི་ལྐོག་ཟ་རུལ་སུངས་ཐེར་འདོན་གནང་མཁན་བོད་མི་ལས་འགུལ་བ་ཨ་ཉ་སེང་སྒྲ་ལགས་སྤྱི་ཚོགས་དཀྲུག་པའི་ཉེས་འཛུགས་འོག་བཀག་བསྐྱིལ་བྱས་ཏེ་ཟླ་བ་ལྔ་ཙམ་འགྲོ་བཞིན་ཡོད་པ་རེད། ཁ་སང་བོད་ནང་གི་ས་གནས་ཡུལ་མི་ཞིག་གིས་བོད་ཀྱི་དུས་བབ་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། ས་གནས་ཡུལ་མི་ཚོས་མཛུབ་ཐེལ་བརྒྱབ་ཡོད་པའི་ཡི་གེ་ཞིག་རྫོང་སྲིད་གཞུང་ལ་ཕུལ་ཏེ་ཨ་ཉ་སེང་སྒྲ་ལགས་ནི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སྲུང་སྐྱོབ་གནང་མཁན་ཞིག་ཡིན་པ་ལས་ནག་ཉེས་ཡོད་མཁན་ཞིག་མིན་སྐོར་ནན་པོ་གསུངས་ཡོད་པ་དང་ཆབས་ཅིག ཁོང་འཕྲལ་མར་གློད་བཀྲོལ་གཏོང་དགོས་བའི་ཞུ་སྐུལ་གནང་འདུགདེ་བཞིན་འདས་ལོའི་ཕྱི་ཟླ་ ༩ ཚེས་ ༨ ཉིན་ཨ་ཉ་སེང་སྒྲ་ལགས་ཀྱི་བཟའ་ཟླ་གཡང་སྐྱིད་ལགས་ཀྱིས་ཀྱང་མགོ་ལོག་དགའ་བདེ་རྫོང་ཉེན་རྟོག་ཁང་ལ་ཞུ་གཏུག་ཡི་གེ་ཞིག་བྲིས་ཏེ་ཁོང་གི་བཟའ་ཟླ་མ་ཉེས་ཁ་གཡོག་འོག་འཛིན་བཟུང་བྱས་ཡོད་སྟབས། ཁོང་མྱུར་དུ་གློད་བཀྲོལ་གཏོང་དགོས་པ་མ་ཟད་ས་གནས་ཉེན་རྟོག་ཁང་གིས་ཁོང་དོན་མེད་འཛིན་བཟུང་བྱས་པར་གུན་གསབ་སྤྲོད་དགོས་པའི་གྱོད་དོན་ཐད་ཀྱི་སྙན་ཞུ་ཞིག་ཀྱང་ཕུལ་ཡོད་ནའང་། རྒྱ་ནག་སྲིད་གཞུང་གིས་དེར་ལན་འདེབས་གང་ཡང་བྱས་མེད་པ་རེད། གཞི་རྩའི་ཨ་ཉ་སེང་སྒྲ་ལགས་ཀྱིས་ཕྱི་ལོ་ ༢༠༡༤ ནས་དམངས་དོན་གླིང་ཞེས་པའི་ཚོགས་པ་ཞིག་བཙུགས་ཏེ་ས་གནས་སྲིད་གཞུང་གི་ལྐོག་ཟ་རུལ་སུངས་ཐེར་འདོན་བྱས་པ་དང་། འདས་པའི་ལོ་ངོ་དེ་དག་རིང་ཁོང་གིས་ས་གནས་སྲིད་གཞུང་གི་དཔོན་རིགས་ཚོས་དབང་ཆ་ལོག་སྤྱོད་དང་སྤྱི་དངུལ་སྒེར་ཟ། ཁྲིམས་འགལ་གྱིས་རང་བྱུང་གཏེར་ཁ་སྔོག་འདོན། རྩ་ཆེའི་རི་སྐྱེས་སེམས་ཅན་རྔོན་པ་བཅས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ས་གནས་འབྲོག་པ་མང་ཚོགས་ཀྱིས་ཁོང་ལ་རྒྱབ་སྐྱོར་དང་དགའ་མགུ་ཡི་རངས་ཞུ་ས་ཞིག་ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོར་འབྲོག་པ་མང་ཚོགས་ནས་ཨ་ཉ་སེང་སྒྲ་ས་ཁུལ་དེའི་འབྲོག་པའི་ཡུལ་ཚོའི་འགོ་འཛིན་ལ་བདམས་ཡོད་ཀྱང་། ས་གནས་སྲིད་གཞུང་གིས་ངོས་ལེན་མ་བྱས་པར་ཕྱི་ལོ་ ༢༠༠༨ ལོར་གྱོད་དོན་ཞིག་ལ་ཁ་གཡར་ནས་ལོ་དེའི་ཕྱི་ཟླ་ ༡༢ ནང་འཛིན་བཟུང་གིས་ལོ་གཅིག་ལྷག་བཙོན་འཇུག་བྱས་ཏེ་ ༢༠༡༦ ཟླ་ ༡༠ པའི་ནང་བཙོན་གྲོལ་བཏང་ཡོད་པ་རེད། ཁོང་འདི་ལོའི་ཕྱི་ཟླ་ ༩ པའི་ནང་སླར་ཡང་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་སྐབས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་རྒྱ་ནག་གཞུང་གིས་ཨ་ཉ་སེང་སྒྲ་ལགས་ཀྱིས་ས་གནས་སྲིད་གཞུང་གི་དབང་ཆ་ལོག་སྤྱོད་དང་ལྐོག་ཟ་རུལ་སུངས་ཐེར་འདོན་གནང་བ་དེ་ཁྲིམས་འགལ་ཡིན་ལུགས་ཀྱི་ནག་ཉེས་བཙུགས་པ་དེས་རྒྱ་གཞུང་གིས་ལྐོག་ཟ་རུལ་སུངས་གཙང་སེལ་གྱི་ལས་འགུལ་དེ་སྟོང་བཤད་ཡིན་པ་གསལ་བཏོན་གནང་བ་མ་ཟད། ཁོང་འཕྲལ་མར་གློད་བཀྲོལ་དགོས་པ་གསུངས་ཡོད།

ཆབ་སྲིད་བཙོན་པ་ཆོས་ཀྱིས་ལགས་གློད་བཀྲོལ་བཏང་བ།

ཁ་སང་དགོང་མོར་དེ་སྔ་ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་གསེར་རྟ་རྫོང་སྙི་སྟོད་ཡུལ་ཚོ་ཕུ་གུ་དགོན་གྱི་དགེ་འདུན་པ་ཆོས་ཀྱིས་ལགས་ལོ་བཞིའི་བཙོན་འཇུག་བྱས་རྗེས་བཙོན་གྲོལ་ཐོབ་འདུག འབྲེལ་ཡོད་ཀྱི་ཡུལ་མི་ཞིག་གིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བར་དགེ་འདུན་པ་ཁོང་ཕྱི་ལོ་ ༢༠༡༥ ལོར་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་འཛིན་བཟུང་གིས་བཙོན་འཇུག་བྱས་ཏེ་ལོ་བཞིའི་ཁྲིམས་ཐག་བཅད་ཡོད་པ་དང་། ཁ་སང་དགོང་མོར་ཆོས་ཀྱིས་ལགས་ཀྱི་ལོ་བཞིའི་བཙོན་འཇུག་གི་དུས་ཡུན་རྫོགས་མཚམས་སུ་གློད་བཀྲོལ་བཏང་སྟེ་ཕྱིར་རང་ཡུལ་དུ་ཕེབས་སྐབས་ཡུལ་མི་དང་སྡེ་མི་འགའ་ཞིག་ཁོང་གི་ཕ་ཡུལ་དུ་བསུ་བར་ཆེད་བཅར་གྱིས་རྟེན་འབྲེལ་གྱི་མཇལ་དར་ཕུལ་བ་སོགས་གནང་ཡོད་ཀྱང་། རྒྱ་ནག་ཉེན་རྟོག་པས་ཆོས་ཀྱིས་ལགས་ལ་ཕེབས་བསུ་ཞུ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་མ་ཟད་མཇལ་དར་སོགས་འཕྲོག་པའི་གནས་ཚུལ་བྱུང་འདུག རྩ་བའི་དགེ་འདུན་པ་ཆོས་ཀྱིས་ལགས་ཀྱིས་ཕྱི་ལོ་ ༢༠༡༥ ལོར་༸སྐུའི་གྱ་སྟོན་དང་འབྲེལ་བའི་སྟོད་གོས་བཟོས་པ་དང་། སྐད་འཕྲིན་ཐོག་ཆབ་སྲིད་དང་འབྲེལ་བའི་པར་རིས་བཞག་པ་བཅས་ལ་བརྟེན། ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༦ ཚེས་ ༡༩ ཉིན་རྒྱ་གཞུང་གིས་གྲྭ་ཆོས་ཀྱིས་ལགས་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་བཞིའི་རིང་བཙོན་བཅུག་ཁྲིམས་ཐག་བཅད་ནས་མི་ཉག་ར་རྔ་ཁ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང་།  སྐབས་དེར་ཁོང་གི་ནང་མི་ཁག་གཅིག་ཀྱང་གློ་བུར་དུ་བཙན་ཁྲིད་ཀྱིས་ཉིན་ ༡༥ ཙམ་རིང་བཀག་ཉར་བྱས་ཡོད་པ་རེད། དགེ་འདུན་པ་ཆོས་ཀྱིས་ལགས་ནི་རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་སྙི་སྟོད་ཡུལ་ཚོ་ཞོ་སང་སྡེ་བ་ནས་ཡིན་པ་དང་། ད་ལྟ་ཁོང་དགུང་ལོ་ ༤༣ ལ་ཕེབས་ཡོད་པ་རེད། ཁོང་གི་ཕ་མིང་ལ་ཞོ་སྐྱ་ཉོ་དང་མ་མིང་ལ་ཚེ་རིང་སྐྱིད་ཡིན་པ་དང་། ཁོང་ཆུང་དུས་ནས་སྙི་སྟོད་ཡུལ་ཚོ་ཕུ་གུ་དགོན་དུ་ཆོས་ཞུགས་གནང་ཡོད་པ་རེད།

བཀྲིས་དབང་ཕྱུག་ལགས་འཕྲལ་མར་གློད་བཀྲོལ་དགོས་པའི་འབོད་སྐུལ།

ཟླ་བ་འདིའི་ཚེས་ ༢༧ ཉིན་བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ནས་ལོ་གསུམ་འཁོར་བ་དང་སྟབས་བསྟུན། བོད་མིའི་ཚོགས་སྡེ་གསུམ་མཉམ་རུབ་ཐོག་རྒྱ་གཞུང་ལ་བཀྲིས་དབང་ཕྱུག་ལགས་ནས་ནག་ཉེས་གང་ཡང་བསགས་མེད་སྟབས་ཁོང་འཕྲལ་མར་གློད་བཀྲོལ་དགོས་པའི་འབོད་སྐུལ་གནང་འདུགཁ་སང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན་ Tibet Justice Center བཅས་ཚོགས་པ་གསུམ་མཉམ་འབྲེལ་ཐོག་ཡོངས་ཁྱབ་སྤྱི་བསྒྲགས་ཤིག་སྤེལ་ཏེ་རྒྱ་གཞུང་གིས་ཉེ་ཆར་བཀྲིས་དབང་ཕྱུག་ལགས་ནི་ཚོར་བ་རྣོ་བའི་གནད་དོན་ཡིན་པར་བཤད་དེ་ཁོང་ལ་རང་ཉིད་ཀྱི་ཁྲིམས་རྩོད་པ་དང་ཐུག་འཕྲད་གནང་བཅུག་མེད་པའི་གནས་ཚུལ་ཐོན་ཡོད་པ་མངོན་གསལ་དང་སྦྲགས། བཀྲིས་དབང་ཕྱུག་ལགས་ཀྱིས་རྒྱ་གཞུང་གི་རྩ་ཁྲིམས་ནང་འཁོད་པའི་རང་མི་རིགས་ཀྱི་སྐད་ཡིག་རང་དབང་བརྩོད་པར་རྒྱལ་ཁབ་ཀྱི་ཁ་བྲལ་བརྒྱུད་སྐུལ་བྱས་པའི་ནག་ཉེས་འོག་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པར་རྒྱ་གཞུང་ལ་མཐའ་གཅིག་ཏུ་ངོས་ལེན་མེད་པ་དང་ཁོང་འཕྲལ་མར་གློད་བཀྲོལ་དགོས་པའི་འབོད་སྐུལ་གནང་འདུགསྤྱི་བསྒྲགས་དེའི་ནང་ཉེ་ཆར་ཟླ་བ་འདིའི་ཚེས་ ༡༥ ཉིན་བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་སྐུ་ཞབས་ Lin Qilei  ལགས་བཙོན་ཁང་དུ་ཐུག་འཕྲད་ཆེད་ཕེབས་སྐབས་སུ་རྒྱ་གཞུང་གིས་ཐུག་འཕྲད་གནང་བཅུག་མེད་པ་མ་ཟད། རྒྱལ་ནང་གི་རྟོག་ཞིབ་ལྷན་ཁང་ནས་བཀའ་ཁྲོལ་ཞུ་དགོས་ལུགས་བརྗོད་པ་བཞིན་ཁྲིམས་རྩོད་པས་དངོས་སུ་དེ་ལྟར་གནང་སྐབས་རྒྱ་གཞུང་གིས་དེ་ལའང་ངོས་ལེན་བྱས་མེད་པ་དང་།  ཁྲིམས་རྩོད་པར་བཀྲིས་དབང་ཕྱུག་ལགས་ནི་ཚོར་བ་རྣོ་བའི་གནད་དོན་ཡིན་སྟབས་ཐུག་འཕྲད་གནང་བར་མཐོ་རིམ་ཁག་ནས་དམིགས་བསལ་གྱི་བཀའ་ཁྲོལ་ཞུ་དགོས་ཚུལ་འགྲེལ་བརྗོད་བྱས་ནས་ཐུག་འཕྲད་གནང་བཅུག་མེད་པ་བཀོད་འདུགབཀྲིས་དབང་ཕྱུག་ལགས་སུ་ཁྲིམས་བཤེར་བྱས་པ་ནས་བཟུང་ད་བར་ཁོང་གི་ནང་མི་བཙོན་ཁང་དུ་ཐུག་འཕྲད་ཆེད་ཐེངས་གསུམ་མ་གཏོགས་བཏང་མེད་པ་མ་ཟད། དེ་སྔ་ ༢༠༡༨ ལོའི་ཕྱི་ཟླ་ ༨ པའི་ནང་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ནས་ཁོང་གི་གྱོད་དོན་ལ་ཁྲིམས་བཤེས་ཐེངས་དང་པོ་སྐབས་སུ་ཁོང་གི་ནང་མི་གཅིག་ཀྱང་ཁྲིམས་ཁང་དུ་བཏང་མེད་སྐོར་གསུངས་ཡོད་པ་དང་། དེ་བཞིན་སྔ་ལོ་ཕྱི་ཟླ་ ༡༡ ནང་སྤུན་མཆེད་ཐུག་འཕྲད་གནང་ཐུབ་པ་བྱུང་རྗེས་ད་ཆ་ཁོང་གི་ནང་མི་རྣམས་བསྐྱར་དུ་བཀྲིས་དབང་ཕྱུག་ལགས་དང་ཐུག་འཕྲད་གནང་རྒྱུར་ངང་སྒུག་གནང་བཞིན་ཡོད་སྐོར་བཀོད་འདུག ལྷག་དོན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངེས་སྟོན་པ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་རྒྱ་གཞུང་གིས་བཀྲིས་དབང་ཕྱུག་ལགས་འཛིན་བཟུང་བཀག་ཉར་དང་ཁྲིམས་ཆད་བཏང་བ་ཡོངས་རྫོགས་ཆབ་སྲིད་ཀྱི་ཀུན་སློང་བཅོས་ཐབས་འབའ་ཞིག་ཆགས་ཀྱི་ཡོད་པ་དང་། ད་ཆ་ཁོང་ནས་རྒྱའི་བཙོན་ཁང་དུ་མནར་གཅོད་མྱོང་བཞིན་པ་མ་ཟད། ཁོང་ནས་རང་ཉིད་ཀྱི་ཁྲིམས་རྩོད་པ་བརྒྱུད་ཁྲིམས་ཁང་གོང་མའི་ནང་དུ་ཞུ་གཏུགས་མུ་མཐུད་གནང་རྒྱུའི་གཞི་རྩའི་ཐོབ་ཐང་གི་ཁེ་དབང་སོགས་ཀྱང་རྒྱ་གཞུང་གིས་འཕྲོག་མུས་ཡིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག

གྷོ་གྷལ་གྱི་ Dragonfly འཚོལ་བཤེར་མ་ལག་གི་ལས་གཞི་མཚམས་འཇོག་དགོས།

དེ་རིང་སྔ་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ Gurgaon ཁུལ་དུ་ཡོད་པའི་གྷོ་གྷལ་གྱི་ལས་ཁུངས་མདུན་དུ་བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་བཅས་ཁྱོན་མི་གྲངས་ ༢༠ ལྷག་ཙམ་ཞིག་ནས་ཚོང་འབྲེལ་ཁེ་ཕན་ཆེད་དུ་རང་དབང་བརྩི་མེད་རྡོག་རོལ་མ་གནང་རོགས། མཉེན་ཆས་གསར་པ་དེས་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་བོད་མི་དང་ཡུ་གུར་སོགས་ཀྱི་མི་རིགས་ཚོར་དྲྭ་རྒྱའི་རང་དབང་ལོངས་སུ་སྤྱོད་རྒྱུར་འགོག་རྐྱེན་བཟོ་རྒྱུ་ཡིན་པ་སོགས་ཀྱི་ཡིག་བྱང་བསྣམས་ནས་ལས་འགུལ་སྤེལ་ཡོད་པ་མ་ཟད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཉིས་ཀྱི་སྐུ་ཚབ་གཉིས་དངོས་སུ་གྷོ་གྷལ་གྱི་ལས་ཁུངས་ནང་ཆེད་བཅར་གྱིས་ཁོང་ཚོའི་ཁྲིམས་ཀྱི་སློབ་སྟོན་པ་སྐུ་ཞབས་ Diwarkar དང་ཐུག་འཕྲད་བརྒྱུད་ dragonfly ལས་འཆར་དེ་མཚམས་འཇོགས་གནང་དགོས་པའི་འབོད་སྐུལ་སོགས་ཀྱང་ཞུས་ཡོད་པ་རེད།རྒྱལ་ས་ལྡི་ལི་ Gurgaon  ཁུལ་དུ་ཡོད་པའི་རྒྱ་གར་གྱི་གྷོ་གྷལ་ལས་ཁུངས་མདུན་དུ་ལས་འགུལ་སྤེལ་བའི་སྐབས་དབུས་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་ཁག་གཅིག་དང་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་ས་གནས་རྒྱུན་ལས་རྣམ་པ། དེ་བཞིན་རོ་ཧི་ནི་བོད་ཕྲུག་སྡོད་ཁང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་བཅས་ལས་འགུལ་བ་མི་གྲངས་ ༢༠ ལྷག་ཙམ་ཕེབས་ནས་གྷོ་གྷལ་ཚོང་ལས་ཁང་ནས་ Dragonfly འཚོལ་བཤེར་མ་ལག་གི་ལས་གཞི་མཚམས་འཇོག་གནང་དགོས་པའི་ཞུ་སྐུལ་གནང་ཡོད་པ་རེད།གཞི་རྩའི་ Google ཚོང་ལས་ཁང་ནས་འདི་ལོའི་ཟླ་ ༧ ནང་རྒྱ་ནག་གཞུང་གི་དགོས་མཁོ་དང་མཐུན་པའི་འཚོལ་བཤེར་མ་ལག་དེ་གསང་བའི་ཐོག་བཟོ་སྐྲུན་བྱས་པའི་གནས་ཚུལ་ཕྱིར་གྱར་བྱུང་རྗེས་འདི་ལོའི་ཟླ་ ༨ ནང་གྷོ་གྷལ་གྱི་ལས་བྱེད་ ༡༤༠༠ ཙམ་གྱིས་ཡིག་ཐོག་སྙན་ཞུ་བྲིས་སྟེ་ངོ་རྒོལ་བྱས་པ་མ་ཟད། གནད་དོན་དེ་དང་འབྲེལ་ཟླ་ ༡༢ ནང་ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་ཞིབ་ཚོགས་ཆུང་གི་ཉན་ཞིབ་ལས་རིམ་ཐོག་གྷོ་གྷལ་ཚོང་ལས་ཁང་གི་གཙོ་འཛིན་ Sundar Pichai ལགས་ཆེད་འབོད་ཀྱིས་ཉན་ཞིབ་གནང་སྐབས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འཐུས་མི་དང་དང་ཡུ་གུར་ལས་འགུལ་བ་གཙོ་གྱུར་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་ཁག་གཅིག་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྗེས་ཚོང་ལས་ཁང་དེའི་འགོ་གཙོ་རྣམས་ནས་ལས་གཞི་དེ་གནས་སྐབས་རིང་མཚམས་འཇོག་བྱས་ཡོད་ཚུལ་གྱི་གནས་ཚུལ་ཐོན་ཡོད་པ་རེད།

རྒྱ་གཞུང་གིས་བོད་མིའི་ཐོག་བཙན་གནོན་གྱི་བྱ་སྤྱོད་མུ་མཐུད་སྤེལ་བཞིན་པ་གསལ་བཏོན།

ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འཛམ་གླིང་རྒྱལ་ཁབ་ ༩༠ ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཞིབ་འཇུག་གནང་བའི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་རྒྱ་གཞུང་གིས་བོད་མིའི་ཐོག་བཙན་གནོན་གྱི་བྱ་སྤྱོད་མུ་མཐུད་སྤེལ་བཞིན་ཡོད་པ་གསལ་བཏོན་གནང་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ལོ་འཁོར་སྙན་ཐོ་དེའི་རྒྱ་ནག་གི་ཚན་པ་ནང་གསེས་བོད་སྐོར་སྡེ་ཚན་ཟུར་བཀོད་གནང་འདུག་པ་དེའི་ནང་། རྒྱ་གཞུང་གིས་བོད་ནང་གི་བོད་མིའི་ཆོས་དད་དང་གཏམ་བརྗོད་རང་དབང་། འགྲུལ་བཞུད་རང་དབང་སོགས་ལ་དམ་དྲག་ཤུགས་ཆེ་བྱེད་མུས་ཡིན་པ་མ་ཟད། བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་གཞུང་གི་འགོ་ཁྲིད་མི་སྣས་ས་གནས་བོད་མིའི་ས་ཁང་བཙན་འཕྲོག་དང་གཏེར་ཁ་སྔོག་འདོན་ཚད་འགལ་གྱི་བྱ་སྤྱོད་སོགས་སྤེལ་བའི་ཁྲོད་བཙན་གནོན་གྱི་གནས་འབབ་འོག་བོད་མིའི་འགྲུལ་བསྐྱོད་ལ་ལྟ་རྟོག་ནན་པོ་བྱས་ཏེ་སྤྱི་ཚོགས་དྲྭ་རྒྱ་དང་ཁ་པར་ལ་ཞིབ་བཤེར་མུ་མཐུད་བྱེད་བཞིན་ཡོད་པ་སོགས་ཀྱི་གནས་སྟངས་དངོས་གསལ་བཏོན་གནང་འདུག སྙན་ཐོའི་ནང་ད་དུང་བོད་མི་ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་ལ་ལོ་གསུམ་བཙོན་འཇུག་དང་བོད་མི་སྐད་ཡིག་སྲུང་སྐྱོབ་པ་བཀྲིས་དབང་ཕྱུག་ལགས་ལོ་ལྔ་བཙོན་འཇུག་གི་ཁྲིམས་བཅད་ཡོད་པ་དེ་ཡང་གཞི་མེད་ཀྱི་སྐྱོན་འཛུགས་བྱས་ཏེ་ཁྲིམས་ཆད་བཏང་སྐོར་སྐྱོན་བརྗོད་བྱས་པ་དང་འབྲེལ། སྔ་ལོ་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་ནས་གསུང་ཆོས་ཞུས་བར་བཅར་བའི་བོད་ནང་གི་བོད་མི་བརྒྱ་ཕྲག་ཁ་ཤས་ལ་རྒྱ་གཞུང་གིས་ཕྱིར་ལོག་དགོས་པའི་བཙན་བཀའ་བཏང་བ་དང་། གལ་ཏེ་དུས་བཅད་ནང་ཕྱིར་ལོག་མ་གནང་ཚེ་ཉེས་ཆད་གཏོང་རྒྱུའི་འཇིགས་སྐུལ་བྱས་པ་དང་བོད་ཀྱི་དགོན་སྡེ་དང་སློབ་གྲྭ་ཁག་གི་ནང་ཆབ་སྲིད་ཀྱི་སློབ་གསོའི་ལས་འགུལ་སྤེལ་ཤུགས་ཆེ་རུ་བཏང་བ་སོགས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ནི་མུ་མཐུད་ནས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་མངོན་གསལ་གནང་འདུག ཚོགས་པའི་གཙོ་འཛིན་སྐུ་ཞབས་ Kenneth Roth ལགས་ཀྱིས་ཁ་སང་སྙན་ཐོ་དེ་འདོན་སྤེལ་གནང་སྐབས་སུ་རྒྱ་གཞུང་གིས་ཤིན་ཅང་གི་ཡུ་གུར་མི་རིགས་ས་ཡ་བརྒལ་བར་བཀག་ཉར་བྱེད་བཞིན་པའི་གནས་ཚུལ་དེ་ནི་འཛམ་གླིང་ཁྱོན་ནས་དོ་སྣང་མ་གནང་བའི་གནད་དོན་ཆེ་གྲས་ཤིག་ཆགས་ཡོད་པར་འགྲེལ་བརྗོད་དང་ཨ་རི་དང་དབྱིན་ཡུལ་གཙོ་གྱུར་ནུབ་ཕྱོགས་རྒྱལ་ཁབ་ཙམ་མིན་པར་རྒྱལ་ཁབ་ཆུང་གྲས་དང་ལྷག་དོན་ OIC ལྟ་བུ་ཁ་ཆེའི་ཚོགས་སྡེ་ཁག་ནས་ཀྱང་གནད་དོན་དེའི་ཐོག་དོ་སྣང་གནང་རྒྱུར་རེ་བ་གནང་བཞིན་ཡོད་པ་གསུངས་འདུག གཞི་རྩའི་སྐུ་ཞབས་ Kenneth Roth ཡིས་ཁ་སང་རེས་གཟའ་ཕུར་བུ་ཉིན་ཚོགས་པའི་ལོ་རེའི་སྙན་ཐོ་དེ་འདོན་སྤེལ་གནང་བའི་སྔོན་གླེང་ནང་ཚོགས་པ་དེའི་ངོས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཞིབ་འཇུག་གནང་པའི་ཁྲོད་འདས་ལོའི་ནང་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གི་ནང་སྲིད་དབང་སྒེར་གཅོད་སྲིད་གཞུང་ཁག་ལ་མང་ཚོགས་ནས་འགོག་རྒོལ་བྱས་པའི་རྣམ་པ་འབུར་ཐོན་བྱུང་ཡོད་པར་མངོན་གསལ་དང་འགོག་རྒོལ་ལས་འགུལ་དེ་དག་ལ་བཟང་ཕྱོགས་ཀྱི་གནས་ཚུལ་མང་པོ་བྱུང་བ་མ་ཟད། རྒྱལ་སྤྱིའི་ཁྱོན་དུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་ནུས་ཤུགས་གསར་པ་ཞིག་ཀྱང་འཐོན་བཞིན་ཡོད་པ་གསུངས་འདུག

རྒྱ་ནག་གིས་མི་ཆིག་སྟོང་ལྷག་བོད་དུ་འགྲོ་རྒྱུར་བཀག་སྡོམ་བྱས་པ།

རྒྱ་ནག་གིས་ས་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་མི་ཞིབ་བཤེར་ལས་ཁུངས་ཀྱིས་བོད་དུ་ནང་འཛུལ་དང་ཕྱིར་བསྐྱོད་ཀྱི་འགྲིམ་འགྲུལ་ཐད་ནས་བཀག་སྡོམ་གྱི་ལས་གཞི་དོ་དམ་སྔར་ལས་ཤུགས་ཆེར་བཏང་ཡོད་སྟབས་ཕྱི་ལོ་ ༢༠༡༨ ལོར་མི་ ༡༠༠༠ ལྷག་བོད་དུ་འགྲོ་རྒྱུར་བཀག་སྡོམ་བྱས་ཡོད་པ་རེད། ཁ་སང་རྒྱ་ནག་གི་གྷོ་ལོ་བྷལ་གསར་ཁང་ལ་ས་མཚམས་དོ་དམ་ལས་ཁུངས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་བཀོད་པར་ཕྱི་ལོ་ ༢༠༡༨ ཟླ་ ༧ པ་ནས་བཟུང་རྒྱ་ནག་གིས་བོད་ཁུལ་དུ་ཕྱིར་བསྐྱོད་དང་ནང་འཛུལ་གྱི་སྲིད་བྱུས་ཇེ་དམ་དུ་བཏང་ཡོད་སྟབས་ལོ་ཕྱེད་ནང་བོད་ཁུལ་དུ་འགྲུལ་བཞུད་ཀྱི་བརྒྱ་ཆ་ ༨༠ ཙམ་མར་ཆག་ཡོད་པ་བཀོད་འདུག ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༧ པའི་ནང་བོད་དུ་ཁྲིམས་འགལ་གྱིས་ཕྱིར་བསྐྱོད་དང་ནང་འཛུལ་བྱེད་མཁན་གྱི་དོན་རྐྱེན་ཇེ་མང་དུ་ཕྱིན་པས་ཕྱི་མི་ཞིབ་བཤེར་ལས་ཁུངས་ཀྱིས་བཅིངས་བཀྲོལ་དམག་མི་དང་མཉམ་འབྲེལ་གྱིས་ས་མཚམས་ཞིབ་བཤེར་གྱི་ལས་གཞིར་སྔར་ལྷག་ཤུགས་སྣོན་བརྒྱབ་ཡོད་པ་རེད། བོད་ནང་གི་འགྲིམ་འགྲུལ་ཞིབ་བཤེར་ལས་ཁུངས་ཀྱི་སྐུ་ཞབས་ཡཱོན་པེན་གྱིས་གསར་ལམ་དུ་འགྲེལ་བརྗོད་ཀྱིས་བོད་ཁུལ་དུ་ནང་མི་ཕྱིར་བསྐྱོད་དང་ཕྱི་མི་ནང་འཛུལ་གྱི་འགན་ཆ་ཚང་ང་ཚོར་ཡོད་སྟབས་ང་ཚོས་གཟབ་ནན་གྱིས་ཁྲིམས་འགལ་རང་བཞིན་གྱི་འགྲིམ་འགྲུལ་ལ་དོ་དམ་ནན་པོ་བྱས་ཏེ་རྒྱལ་ནང་དང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་དག་ལ་ཞབས་ཞུའི་རྣམ་པ་ཇེ་ལེགས་སུ་གཏོང་མུས་ཡིན་པར་བརྗོད་འདུག དེ་བཞིན་བོད་ནང་གི་ཕྱི་མི་ཞིབ་བཤེར་ལས་ཁུངས་ཀྱིས་ཕྱི་ལོག་ནས་འཇིགས་སྐུལ་རིང་ལུགས་པ་དང་ཉེས་ཅན་གྱི་རིགས་རྒྱ་ནག་དང་བོད་ནང་མི་འཛུལ་བར་ལྟ་རྟོག་ནན་པོ་བྱེད་པའི་ལས་གཞི་རྒྱ་སྐྱེད་བྱས་ཡོད་པས་ཕྱི་ལོ་ ༢༠༡༨ ལོར་མི་འབོར་ ༡༠༠༠༠༠ ལྷག་དང་རླངས་འཁོར་ ༥༠༠༠༠༠ ལྷག་ལ་ཞིབ་བཤེར་ནན་པོ་བྱས་ཡོད་པའི་ཁྲོད་བོད་དུ་ནང་འཛུལ་བྱེད་མཁན་གྱི་ཁྲོད་ནས་ཁྲིམས་སྒྲིག་འོས་འཚམས་མིན་པའི་མི་གྲངས་ ༡༠༠༠ ལྷག་བོད་དུ་འགྲོ་རྒྱུར་བཀག་སྡོམ་བྱས་འདུགརྒྱ་གཞུང་གིས་བདེ་སྲུང་གི་ལས་བྱེད་ ༡༦༠༠༠ ལྷག་གི་ཆེད་དུ་ས་མཚམས་ཀྱི་དུད་ཚང་གྲངས་ ༢༡༠༠༠ ལྷག་ལ་མངགས་གཏོང་གིས་ཞིང་ཆེན་གཞན་ནས་ཡོང་བའི་མི་གྲངས་ ༤༨༠༠༠ ལྷག་ཐོ་འགོད་བྱེད་དུ་བཅུག་ཡོད་པ་ལྟར། ས་ཁུལ་ཁག་བདུན་གྱིས་རྒྱ་ནག་གི་ཞིབ་བཤེར་ལས་གཞིའི་ཐད་མཉམ་ལས་ཀྱི་ནུས་པ་ཐོན་ཡོད་པར་བསྒྲགས་ནས་རྒྱ་སྒོར་ ༨༤༠༠༠ ལྷག་གི་བྱ་དགའ་སྤྲད་འདུག རྩ་བའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ཀྱིས་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་ཏེ། རྒྱ་གཞུག་གིས་མཐའ་མཚམས་སུ་ལྟ་རྟོག་ནན་པོ་བྱེད་བཞིན་པར་བརྟེན་ཕྱི་ལོ་ ༢༠༡༨ ནས་ ༢༠༡༩ ལོར་བོད་ནང་ནས་བོད་མི་ ༨༠ ཙམ་མ་གཏོགས་རྒྱ་གར་དུ་ཕེབས་ཐུབ་མེད་པར་གསལ་ཁ་གནང་འདུག དེ་བཞིན་འདི་ལོ་ནང་རྡོར་གདན་དུ་༸གོང་ས་མཆོག་གི་བཀའ་ཆོས་སྐབས་སུ་ཡང་རྒྱ་ནག་སྲིདགཞུང་གིས་བོད་ཁུལ་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་མང་དག་ཅིག་འཕྲལ་དུ་ཉིན་གསུམ་གྱི་ནང་ཕྱིར་ལོག་དགོས་པའི་བཀའ་རྒྱ་བཏང་བའི་གནས་ཚུལ་ཐོན་ཡོད་པ་རེད། དེ་རིང་སླར་བལ་ཡུལ་སྲིད་གཞུང་གིས་འདས་པའི་ལོ་གཅིག་གི་ནང་ཕྱི་རྒྱལ་གྱི་མི་གྲངས་ ༨༤ ལྷག་ཕྱིར་ཕུད་བཏང་ཡོད་པའི་གསར་འགྱུར་སྤེལ་ཡོད་པ་ལས་མང་ཤོས་རྒྱ་ནག་གི་མི་ཡིན་པར་བཀོད་ཡོད་ཀྱང་དེའི་ནང་ཕལ་མོ་ཆེ་བོད་རིགས་ཡོད་སྲིད་པ་ཞིག་རེད།

Latest news