Tibetan Royal Year of 2151 | Year of the Wood Dragon

བོད།

མཛོདགེ་ཐང་སྐོར་གྱི་རྩྭ་སའི་གནད་དོན་ཞུ་གཏུགས་བྱེད་མཁན་བོད་མི་མ་རྒྱུག་ལགས་བཙོན་གྲོལ་ཐོབ་འདུག

མདོ་སྨད་མཛོད་དགེ་རྫོང་གི་ཐང་སྐོར་ཀ་བར་མ་སྡེ་བའི་བོད་མི་ཚོས་རྒྱ་གཞུང་གིས་རྩ་ས་བཙན་འཕྲོག་བྱས་པར་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༢ ཉིན་ཞུ་གཏུགས་གནང་མཁན་བོད་མི་ཚོར་དམག་མིས་དྲག་གནོན་དང་མི་གྲངས་ ༡༠ ཙམ་འཛིན་བཟུང་བྱས་འདུག  དེ་ཡང་རྒྱ་གཞུང་གིས་གྲོང་ཁྱེར་སྔོ་ལྗང་ཅན་དུ་བསྒྱུར་རྒྱུའི་ལས་གཞིར་ཁ་གཡར་ནས་བོད་མདོ་སྨད་རྔ་པའི་ཁོངས་གཏོགས་མཛོད་དགེ་ཐང་སྐོར་ཡུལ་ཚོ་སྡེ་པའི་འདུ་ཁྱིམ་ ༢༠ ལྷག་གི་ཁང་པ་བཙན་དབང་གིས་གཏོར་བཤིག་དང་དེ་བཞིན་རྩ་ས་འཕྲོག་པར་བརྟེན་ས་གནས་བོད་མི་ཚོས་གོང་རིམ་ལ་དེ་དོན་ཐད་ཞུ་གཏུགས་མང་དག་ཞིག་བྱས་ཡོད་ཀྱང་ད་བར་ཕན་འབྲས་གང་ཡང་སོན་མེད་པ་རེད།  ས་གནས་བོད་མི་ཚོས་རང་གི་ཁེ་དབང་ཁྲིམས་མཐུན་ཐོག་སྲུང་སྐྱོབ་གནང་སྐབས་རྔ་པ་ས་གནས་དམིགས་བསལ་ཉེན་རྟོག་པ་ཞེས་མིང་བྲིས་པའི་དྲག་ཆས་དམག་མི་རླངས་འཁོར་ལྔ་དྲུག་ཙམ་བཏང་ནས་བོད་མིར་དྲག་གནོན་སྔར་ལྷག་བྱས་པ་མ་ཟད། དེ་བས་ཀྱང་རྒྱ་གཞུང་གི་ཉེན་རྟོག་པས་བོད་མི་རྒས་གཞོན་ཁྱད་མེད་ལ་མི་སྤྱོད་ལས་འདས་པའི་དྲག་གནོན་ཤུགས་ཆེ་བྱས་ཡོད་སྐོར་གསུངས་འདུག བོད་མི་དེ་དག་གིས་ང་ཚོས་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས་པ་ཙམ་ལས་ཁྲིམས་འགལ་གང་ཡང་བྱས་མེད། ཅི་ཕྱིར་ང་ཚོར་བཙན་འཕྲོག་བྱ་དགོས་སམ། ཁྲིམས་མཐུན་རྒྱལ་སྐྱོང་གི་དུས་རབས་འདིར་སུ་ཞིག་གིས་ང་ཚོར་དབུ་ཁྲིད་བྱ་ཐུབ་བམ།   སུ་ཞིག་གིས་དོན་དངོས་ཐོག་ཁྲིམས་མཐུན་རྒྱལ་སྐྱོང་ལག་བསྟར་བྱ་ཐུབ་བམ། ཞེས་དྲི་བ་དང་རེ་འདུན་ཞུས་འདུག     ས་གནས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་རྗེས་ཟླ་བ་འདིའི་ཚེས་ ༢༦ ཉིན་རང་ལོ་ ༥༦ སོན་པའི་མ་རྒྱུག་ལགས་བཙོན་གྲོལ་བཏང་ནས་རང་ཁྱིམ་དུ་འབྱོར་ཡོད་ཀྱང་། རང་ལོ་ ༦༣ སོན་པའི་རིན་ཆེན་རྡོ་རྗེ་མུ་མཐུད་དུ་བཙོན་བཅུག་འོག་བཀག་ཉར་བྱས་ཡོད་པ་རེེད་འདུག ཁོང་ལ་རྒྱུན་དུ་ཕོ་བའི་ནད་གཞི་ལྕི་མོ་ཞིག་ན་གྱི་ཡོད་པས་ནང་མི་ཉེ་འབྲེལ་ཚོས་ཐེངས་ཁ་ཤས་རིང་སྨན་དང་ཟ་མ་སོགས་ཁྱེར་ནས་ཐུག་འཕྲད་བྱ་ཐབས་བྱས་ཀྱང་ཁོང་དངོས་སུ་ཐུག་འཕྲད་བྱུང་མེད་སྟབས། ད་ལྟའི་ཆར་ཁོང་བཙོན་ཁང་ནང་བཀག་ཉར་བྱ་དོན་གང་ཡིན་སོགས་ཤེས་རྟོགས་གང་ཡང་ཐུབ་ཀྱི་མེད་པ་རེད་འདུག   དེ་མཚུངས་ཟླ་ ༩ ཚེས་ ༢༢ ཉིན་རྩ་སའི་གནད་དོན་ཞུ་གཏུག་བྱེད་མཁན་བོད་མི་བཅུ་གཉིས་ཙམ་འཛིན་བཟུང་བྱས་རྗེས་གཞན་རྣམས་སྔ་ཕྱིར་གློད་བཀྲོལ་བཏང་ཟིན་ཀྱང། འཇིགས་བྱེད་སྐྱབས་དང་ཕུར་ཁོ་གཉིས་ད་དུང་མུ་མཐུད་བཀག་ཉར་འོག་གནས་ཡོད་པ་རེད་འདུག    རྩ་བའི་གནད་དོན་དེ་ནི་ ༢༠༡༠ ལོར་རྒྱ་གཞུང་གིས་གྲོང་ཁྱེར་སྔོ་ལྗང་ཅན་དུ་བསྒྱུར་རྒྱུའི་ལས་གཞི་ཞེས་པའི་མིང་ཐོག་ནས་མདོ་སྨད་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོའི་འབྲོག་མི་ཚོ་རྫོང་ཐོག་ཏུ་ལོ་མང་རིང་ས་གནས་འབྲོག་པ་ཚོས་མཛོད་དགེ་རྫོང་ཐོག་ལ་སོང་ནས་འདུ་ཁྱིམ་དང་རྩ་ཁ་སོགས་བཙན་འཕྲོག་བྱས་པར་གུན་སབ་དགོས་པའི་ཞུ་གཏུག་ལན་མང་བྱས་ཀྱང་རྒྱ་ནག་གི་དཔོན་རིགས་ནས་འགན་ལེན་དང་ཐག་གཅོད་སོགས་གང་ཡང་མ་བྱས་སྟབས། རྗེས་སུ་ ༢༠༡༤ ལོ་ནས་བཟུང་ད་བར་གནས་འབྲོག་པ་ཁག་ཅིག་གིས་ཞུ་གཏུག་ངོ་རྒོལ་ལས་འགུལ་སྤེལ་མུས་ཡིན་འདུག

རྒྱ་གཞུང་གི་འཆར་ལྡན་བུ་བཙའི་སྲིད་བྱུས་ཀྱིས་བོད་ཀྱི་མི་འབོར་འཕེལ་རྒྱས་ལ་འགོག་རྐྱེན་ཆེན་པོ་བཟོས་ཡོད་པ་གསུང་པ།

རྒྱ་གཞུང་གིས་བོད་གཙོས་གྲངས་ཉུང་མི་རིགས་ཐོག་འཆར་ལྡན་བུ་བཙའི་སྲིད་བྱུས་ལག་བསྟར་བྱས་པ་དེས་ཆོས་དང་འཇིག་རྟེན་གཉིས་ཀའི་ཐོག་ནས་གྱོང་རྒུད་ཆེན་པོ་ཞིག་ཆགས་ཡོད་པར་གསུང་གི་འདུག  དེ་ཡང་རྒྱ་གཞུང་གིས་བོད་གཙོས་གྲངས་ཉུང་མི་རིགས་ཐོག་འཆར་ལྡན་བུ་བཙའི་སྲིད་བྱུས་ལག་བསྟར་བྱས་པ་དེས་ནང་པའི་ཆོས་ལ་ཆེས་དད་གུས་ཆེ་བའི་བོད་མི་རིགས་ཀྱི་མི་འབོར་རྩ་གཏོར་བཏོང་ཐབས་བྱས་པ་མ་ཟད། བོད་མི་རིགས་ཀྱི་བུ་བཙའི་རང་དབང་ལ་སྟངས་འཛིན་བརྒྱུད་ཆོས་དང་འཇིག་རྟེན་གཉིས་ཀའི་ཐོག་ནས་གྱོང་རྒུད་ཆེན་པོ་ཞིག་ཆགས་ཡོད་པར་གསུངས་སོང་།  རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ཟླ་བ་འདིའི་ཚེས་ ༢༦ ནས་ཁ་སང་ཚེས་ ༢༩ བར་རྒྱ་ནག་དམར་ཤོག་ཚོགས་པ་སྐབས་ ༡༨ པའི་ཚོགས་ཆེན་ཐེངས་ལྔ་པ་བསྐོང་ཚོགས་བྱས་ཡོད་པ་ལྟར། ཚོགས་ཆེན་འདིའི་ཐོག་ནས་རྒྱ་ནག་གི་དཔོན་རིགས་མཐོ་གྲས་ཚོས་རྒྱ་གཞུང་གིས་འདས་པའི་ལོ་ངོ་ ༣༥ རིང་ལ་ལག་བསྟར་བྱས་པའི་རྒྱ་ནག་ནང་བཟའ་ཚང་གཅིག་ལ་ཕྲུ་གུ་གཅིག་ལས་བཟོས་མི་ཆོག་པའི་འཆར་ལྡན་བུ་བཙའ་སྲིད་བྱུས་འཛིན་པ་དེར་ཕྲན་བུ་འགྱུར་བ་བཏང་ནས་ད་ཆ་ཕྲུ་གུ་གཉིས་སྐྱེས་ཆོག་པའི་སྲིད་བྱུས་གཏན་འབེབས་བྱས་ཡོད་པ་རེད།  རྒྱ་ནག་ཉམས་ཞིབ་པ་བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་སྲིད་བྱུས་འདིའི་ཐད་གསུངས་པར། སྲིད་བྱུས་དེ་ནི་རྒྱ་གཞུང་གིས་རྒྱ་ནག་ནང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་ཐབས་ལམ་ཞིག་ལ་ངོས་འཛིན་གྱིས་གཏན་འབེབས་བྱས་པ་ཞིག་ཡིན་པ་རེད་ལ།  དོན་དངོས་ཐོག་ལ་རྒྱ་ནག་གི་མི་འབོར་དེ་འཛམ་གླིང་ནང་ནས་མང་ཤོས་ཆགས་ཡོད་ཀྱང་སྲིད་བྱུས་དེའི་གནས་སྟངས་དེར་འགྱུར་བ་གང་ཡང་བཏང་ཐུབ་མེད་པའི་ཁར། མི་འབོར་ལོ་ན་རྒས་པའི་གྲངས་འབོར་ཇེ་མང་དུ་ཕྱིན་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་འཇུག་སྙན་ཐོ་ནང་གསལ་ལྟར་ན་ཕྱི་ལོ་ ༢༠༥༠ ལོར་རྒྱ་ནག་སྤྱི་ཡོངས་ཀྱི་མི་འབོར་གྲངས་ཚད་བརྒྱ་ཆ་ ༣༥ དེ་ལོ་ན་ ༦༠ ཡན་ཆས་ཀྱི་མི་འབོར་ཆགས་ཀྱི་ཡོད་པ་དང་། མདོར་ན་བགྲེས་སོང་གི་སྤྱི་ཚོགས་འཚབ་ཆེན་ཞིག་ཏུ་འགྱུར་ཉེན་ཡོད་པ་དེ་གཡོལ་ཐབས་སུ་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་མཇུག་སྒྲིལ་བྱ་རྒྱུ་ཕྱིར་ཕྱི་དྲག་པར་ངོས་འཛིན་གནང་གི་ཡོད་སྐོར་སོགས་གསུངས་ཀྱི་འདུག  

བྲག་འགོ་རྫོང་མཁའ་ཉ་གྲོང་ཚོར་ཚོ་བའི་ཐད་དཀའ་ངལ་འཕྲད་བཞིན་པར་རྒྱལ་སྤྱིའི་རོགས་རམ་དགོས་པའི་ཞུ་འབོད།

བྲག་འགོ་རྫོང་མཁའ་ཉ་གྲོང་ཚོར་གློག་དང་ལམ་སོགས་སྟབས་བདེ་མེད་པས་ཡུལ་མི་ཚོའི་ཚོ་བའི་ཐད་དཀའ་ངལ་འཕྲད་བཞིན་པར་རྒྱལ་སྤྱིའི་རོགས་རམ་དགོས་པའི་ཞུ་འབོད་གནང་འདུགདེ་ཡང་བོད་དཀར་མཛེས་ཁུལ་བྲག་མགོ་རྫོང་མཁའ་ཉ་གྲོང་ཚོ་ཁུལ་དུ་དེ་སྔོན་རི་བོ་དང་ཤིང་ནགས་སྟུག་པོས་བསྐོར་ཞིང་། སྲིད་གཞུང་གིས་མཁའ་ཉ་གྲོང་ཚོའི་ནང་དགོས་ངེས་ཀྱི་གློག་སྐུད་ཀ་བ་བཙུགས་ཏེ་གློག་འཐེན་པ་མ་ཟད། ལྷག་དོན་ཁུལ་དེའི་ནང་མང་ཚོགས་རྣམས་ཀྱི་ཆེད་དབུལ་སྐྱོབ་འཛུགས་སྐྲུན་གྱི་ལས་གཞི་གསར་འཛུགས་བྱས་ཡོད་ཀྱང།  ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་རྒྱ་གཞུང་གིས་དབུལ་སྐྱོབ་འཛུགས་སྐྲུན་གྱི་ལས་གཞི་མཚམས་འཇོག་བྱས་པ་མ་ཟད། སྲིད་གཞུང་གིས་མཁའ་ཉ་གྲོང་ཚོའི་ནང་གློག་སྐུད་ཀ་བ་བཙུགས་པ་ཕྱིས་སུ་འཕྲོ་བརླག་ཕྱིན་ཟིན་ཀྱང་བསྐྱར་བཟོ་གཏན་ནས་མ་བྱས་པ། དེ་བཞིན་གྲོང་ཚོ་དེའི་ནང་གློག་མེད་པར་བརྟེན་ཕན་ཚུལ་དབར་འབྲེལ་ལམ་བྱ་ཆེད་ཁ་པར་ཡང་བེད་མེད་ཆགས་སྟབས། ད་ལྟའི་ཆར་དཀར་མཛེས་ཁུལ་བྲག་མགོ་རྫོང་མཁའ་ཉ་གྲོང་ཚོ་ཕར་འགྲོ་ཚུར་འོང་གི་འགྲིམ་འགྲུལ་བྱ་རྒྱུའི་བགྲོད་ལམ་སོགས་སྟབས་བདེ་མེད་པས་ས་གནས་ཡུལ་མི་ཚོའི་འཚོ་བའི་གནས་སྟངས་ཆེས་ཞན་པོ་དང་རྗེས་ལུས་ཀྱི་རྣམ་པའི་ཐོག་གནས་ཡོད་པ་རེད་འདུག ས་ན་ས་གནས་བོད་མི་ཚོས་གཞུང་འབྲེལ་ལས་ཁུངས་སུ་སྔར་ཡོད་དབུལ་སྐྱོབ་ལས་གཞི་བསྐྱར་འཛུགས་དགོས་པའི་འབོད་སྐུལ་ལན་མང་ཞུས་ཀྱང་། རེ་འདུན་ཁག་ལ་བདག་སྤྱོད་མེད་པར་ལན་འདེབས་གང་ཡང་མ་བྱེད་སྟབས། ཡུལ་མི་ཚོས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནད་དོན་དེ་དག་ཕྱིར་བསྒྲགས་ཐོག་ས་གནས་དེའི་ནང་ཆེས་ཡིད་སྐྱོ་བའི་གནས་སྟངས་ལ་རོགས་རམ་དགོས་པའི་འབོད་སྐུལ་ཞུས་འདུག རྩ་བའི་ཁུལ་དེའི་ནང་དབུལ་སྐྱོབ་ཀྱི་འཛུགས་སྐྲུན་ལས་གཞི་མཚོན་ལས་དོན་མང་དག་ཞིག་རྒྱ་གཞུང་གིས་མེད་པ་བཟོས་པས་དབྱར་ཁའི་ཆར་ཆུ་དང་དགུན་ཁའི་ཁ་བ་མཐུག་པོས་རི་ཁུལ་གྱི་བགྲོད་ལམ་འགག་སྟབས། ས་གནས་བོད་མི་ཚོའི་བཟའ་བཏུང་དང་འཚོ་བའི་ཡོ་ཆས་སོགས་ཀྱི་ཐོག་དཀའ་ངལ་མང་དག་ཞིག་འཕྲད་བཞིན་ཡོད་པ་དང།  སྲིད་གཞུང་གིས་ད་བར་ཡུལ་མི་ཚོར་འཕྲད་པའི་དཀའ་ངལ་ཁག་སེལ་ཐབས་གང་ཡང་བྱས་མེད་པ་མ་ཟད།  དེ་ལས་ལྡོག་ཏེ་ཁོ་ཚོས་རྒྱུན་དུ་བོད་མི་རྣམས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་སྐོར་ཕྱི་ཕྱོགས་སུ་དྲིལ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་པ་དེ་རྣམས་རྫུན་གཏམ་འབའ་ཞིག་ཡིན་སྐོར་གསུངས་འདུག  དེ་བཞིན་བྲག་འགོ་རྫོང་མཁའ་ཉ་གྲོང་ཚོར་དེ་སྔོན་མཁའ་ཉ་ལྟེ་གནས་སློབ་ཆུང་ཟེར་བ་ཞིག་ཡོད་པ་དང་། སྐབས་དེར་གྲོང་ཚོའི་བྱིས་པ་ཚོ་སློབ་གྲྭར་འགྲོ་བའི་གོ་སྐབས་རག་གི་ཡོད་ཀྱང་།གྲོང་ཚོའི་ནང་དུ་གློག་དང་ཁ་པར་སྐུད་ལམ།ཆུ་བཅས་མེད་པས་འགྲིམ་འགྲུལ་སྟབས་བདེ་མེད་པ་སོགས་ཀྱིས་གྲོང་ཚོའི་སློབ་ཆུང་དེའི་ནང་ཕྱག་ལས་གནང་བཞིན་པའི་དགེ་རྒན་རྣམས་བཞུགས་འདོད་མེད་པར་ས་གནས་གཞན་དུ་ཕེབས་སྟབས། ད་ལྟ་གྲོང་ཚོའི་སློབ་ཆུང་ནང་དགེ་རྒན་དང་སློབ་ཕྲུག་གཅིག་ཀྱང་མེད་པའི་གནས་སྟངས་ཆགས་ཡོད་པ་རེད་འདུག

རྒྱ་གཞུང་གིས་རེབ་གོང་རོང་བོ་དགོན་ཆེན་གཙང་སེལ་གྱི་ཆབ་སྲིད་ལས་གུལ་སྤེལ་འདུག

  ཉེ་བའི་ཆེ་ཟླ་༡༠ཚེས་༡༤ཉིན་རྒྱ་ནག་གཞུང་གིས་མདོ་སྨད་རེབ་གོང་རོང་བོ་དགོན་ཆེན་གྱི་དགེ་འདུན་༣༠༠ལྷག་བཙན་དབང་གིས་བསྐོང་འགུག་བྱས་ཏེ་དགོན་པར་དམངས་གཙོ་ཁྲིམས་སྐྱོང་དགོན་པ་འཛུགས་བསྐུན་དང་གཅེས་སྐྱོང་དག་ཐེར་བྱ་འགུལ་སྔར་ལས་གཏིང་ཟབ་སྤེལ་བའི་སྐུལ་སློང་ཚོགས་འདུ་ཞེས་པའི་མིང་བྱང་ཐོག་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ཁྱབ་སྤེལ་དང་གཙོ་བོ་དགོན་པའི་ནང་གཙང་སེལ་ཡོང་བའི་ཆབ་སྲིད་ལས་འགུལ་ཞིག་རོང་བོ་གྲོང་སྡེའི་རྐང་རྩེད་སྦོ་ལོའི་རྩེད་ཐང་དུ་བཙན་དབང་གིས་སྤེལ་ཡོད་པ་རེད་འདུག    ཚོགས་འདུ་དེའི་ཐོག་གཙོ་བོ་དགོན་པའི་གྲྭ་མང་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་བརྩི་སྲུང་ནན་པོ་བྱེད་དགོས་པ། དགོན་པའི་ཕྱོགས་གང་ཐད་ནས་རྒྱལ་ཁབ་ཀྱི་བཤད་པ་ལྟར་སྒྲུབ་དགོས་པ་དང་། དེ་བཞིན་དགོན་པའི་མ་དངུལ་གྱི་འགྲོ་སོང་ཚང་མ་རྒྱལ་ཁབ་ཀྱིས་ཤེས་དགོས་ཞེས་དོན་ཚན་གསུམ་གསལ་སྟོན་བྱས་པ་མ་ཟད། ད་དུང་ཁྱེད་ཚོས་ཏང་དང་རྒྱལ་ཁབ་ཀྱི་ཁྲིམས་བརྩི་སྲུང་ཡག་པོ་བྱས་ན་རོང་བོ་དགོན་ཆེན་ལ་རོགས་སྐྱོར་དང་ཞིག་གསོ་རྒྱ་ཆེན་པོ་བྱེད་རྒྱུ་ཡིན་སྐོར་སོགས་བཤད་ཡོད་པ་རེད་འདུག  དགེ་འདུན་པ་ཕལ་ཆེར་བ་ཚོགས་འདུ་དེར་མི་ཞུགས་ཐབས་མེད་བྱུང་འདུག་ཀྱང། དགེ་འདུན་པ་ ༢༠༠ ལྷག་ཚོགས་འདུ་དེར་མ་ཞུགས་པར་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བསྟན་ཡོད་འདུག    ལྷག་དོན་ཚོགས་འདུ་དེའི་ཐོག་ནས་ཚང་མས་བློ་འཚབ་བྱེད་གཞི་གཙོ་བོ་ནི་རོང་བོ་དགོན་པའི་གྲྭ་མང་ལ་རྒྱ་ནག་གི་ལས་བྱེད་པ་སུམ་བརྒྱ་ལྷག་བཀྲམ་སྟེ། གྲྭ་བ་རེ་ལ་ལས་བྱེད་པ་གསུམ་རེ་ཆ་བགོས་ཀྱིས་གདོང་ལེན་བྱེད་རྒྱུ་འགན་འཁུར་དགོས་པ་དང་ལས་བྱེད་པ་ཚོས་རང་ཉིད་ལ་འགན་འཁུར་སྤྲད་པའི་གྲྭ་བ་དེར་འགྲོ་སྡོད་སྤྱོད་གསུམ་ཁྱོན་ཡོངས་ལ་ལྟ་རྟོག་ནན་པོ་བྱེད་དགོས་པ་ལས་ཅི་ཏེ་གནས་ཚཱུལ་བྱུང་ཚེ་ལས་བྱེད་པ་དེ་ལས་གནས་ནས་ཕྱིར་ཕུད་གཏང་གཏན་འཁེལ་བའི་བཙན་བཀའ་ཕབ་ཡོད་པ་རེད་འདུག  ད་དུང་ཚོགས་འདུ་དེའི་ཐོག་ལ་ཡིག་ཆ་ཤོག་གྲངས་གཉིས་ཅན་ཞིག་གི་ཐོག་གྲྭ་མང་ཚོས་ས་རྟགས་རྒྱག་ཏུ་བཅུག་འདུག་ཀྱང་། གྲྭ་པ་མང་པོ་ཞིག་གིས་ས་རྟགས་རྒྱབ་མེད་པ་རེད། འོན་ཀྱང་ས་རྟགས་རྒྱབ་ཟིན་རྗེས་ཡིག་ཆ་དེའི་ཐོག་ཁ་བསྐོང་བྱེད་རྒྱུའི་དོན་ཚན་ཁ་ཤས་ཡོད་པ་དེ་དག་རྒྱ་གཞུང་རང་ལས་བྱེད་ཚོས་བྱེད་ཀྱི་ཡོད་པ་ལས་ནང་དོན་གང་ཡིན་གྱི་ཤེས་རྟོག་མེད་པ་རེད་འདུག  རྩ་བའི་ད་ལན་གྱི་ཚོགས་འདུ་དེ་བསྐོར་ཚོགས་བྱ་དོན་ནི་ཟླ་བ་འགའི་སྔོན་ལ་རྒྱ་ནག་དབུས་གཞུང་ནས་ཆེད་གཏོང་བྱས་པའི་དཔོན་པོ་ཞིག་རོང་བོ་དགོན་པར་ཡོང་སྐབས་ཁོ་ལ་དགོན་པའི་ངོས་ནས་ཕེབས་བསུ་སྣེ་ལེན་རྒྱ་ཆེར་བྱ་དགོས་སྐོར་ས་གནས་འབྲེལ་ཡོད་ཚན་པས་བཙན་བཀའ་བཏང་ཡོད་པ་རེད།  རེབ་གོང་རོང་བོ་དགོན་པས་ཕེབས་བསུ་མ་བྱས་སྟབས། ས་གནས་རྨ་ལྷོའི་ཁུལ་དཔོན་ཁོང་ཁྲོ་ལངས་ནས་རོང་བོ་དགོན་པའི་ཁྲིམས་ལུགས་བརྩི་སྲུང་བྱ་སྟངས་ཆེས་ཞན་པོ་འདུག་པས་ཁྲིམས་ལུགས་དག་ཐེར་བྱེད་དགོས་ཞེས་ཁུལ་དཔོན་དང་རྫོང་དཔོན་སོགས་ཀྱིས་དགོན་པའི་དོ་དམ་ཁང་ལ་སྐྱོན་བརྗོད་ནན་པོ་བྱས་ཡོད་པ་རེད་འདུག    

བོད་མི་ཆབ་སྲིད་བཙོན་པ་སྐལ་བཟང་བསོད་ནམས་ལགས་བཙོན་གྲོལ་ཐོབ་འདུག

བོད་མི་ཆབ་སྲིད་བཙོན་པ་སྐལ་བཟང་བསོད་ནམས་རྒྱའི་བཙོན་འཇུག་འོག་ནས་ཟི་ལིང་གྲོང་ཁྱེར་ནང་གློད་བཀྲོལ་བཏང་ཡོད་པ་རེད།   ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་བོད་ནང་གི་སྔ་དྲོ་ཚོུད་ ༩།༠༠ ཐོག་བོད་མདོ་སྨད་མཚོ་བྱང་ཁུལ་མདོ་ལ་རྫོང་ཨ་རིག་ཡུལ་ཚོའི་འགྲམ་ནག་རུ་ཁག་དྲུག་པ་ནས་ཡིན་པའི་རང་ལོ་ ༣༥ སོན་ཞིང་དངོས་མིང་ལ་སྐལ་བཟང་བསོད་ནམས་དང་སྙུག་མིང་ལ་གངས་དཔལ་ཞུ་བ་ཁོང་ཟི་ལིང་གྲོང་ཁྱེར་ནས་བཙོན་བཅུག་གི་དུས་ཡུན་ལོ་གཅིག་སྔ་སྣུར་གྱིས་གློད་བཀྲོལ་བཏང་ཡོད་པ་རེད་འདུག   སྐལ་བཟང་བསོད་ནམས་ལགས་ནི་ཉེ་ལམ་བཙོན་གྲོལ་ཐོབ་པའི་རྩོམ་པ་པོ་ཨ་རིག་སྒྲོལ་མ་སྐྱབས་ལགས་ཀྱིས་བཙོན་ཁང་ནས་མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་ཕྱག་བྲིས་གནང་པའི་ཕྱག་ཡིག་ཕྱི་རུ་གཏོང་གནང་མཁན་ཡིན་སྟབས། རྒྱ་གཞུང་གིས་སྐལ་བཟང་བསོད་ནམས་ལགས་སུ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་ཕྱི་ལོ་༢༠༠༦ལོར་ཁོང་བཙོན་འཇུག་གིས་ལོ་བཅུ་དང་ཕྱེད་ཀའི་དུས་བཀག་བཙོན་བཅུག་ཁྲིམས་བཅད་བྱས་ཡོད་པ་རེད།   ས་གནས་མང་ཚོགས་ནས་སྐལ་བཟང་བསོད་ནམས་ལགས་སྔ་ཉིན་ཟི་ལིང་ནས་བཙོན་གྲོལ་བཏང་གི་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་མ་ཐག ཁོང་གི་ནང་མི་ཉེ་འབྲེལ་གཙོས་ས་གནས་ཡུལ་མི་རྣམས་ཀྱིས་ལམ་བར་ཁོང་ལ་ཕེབས་བསུ་ཞུ་ཕྱིར་ཡུན་སྒུག་བྱས་ཀྱང་། སྐབས་དེར་རྒྱ་གཞུང་འབྲེལ་ཡོད་མི་སྣས་ཁོང་ཐག་རིང་ནས་ཡོང་གི་ཡོད་སྟབས། ཁོང་རང་ཁྱིམ་དུ་མགྱོགས་པོ་འབྱོར་གྱི་མེད་སྐོར་བསྙད་ནས་མགོ་སྐོར་བཏང་བར་བརྟེན། ས་གནས་བོད་རིགས་མང་ཚོགས་ཀྱིས་ཕེབས་བསུ་སྣེ་ལེན་ཞུ་ཐུབ་མེད་པ་རེད་འདུག  འོན་ཀྱང་ཁོང་རང་ཁྱིམ་དུ་འབྱོར་རྗེས་ས་གནས་ཀྱི་བོད་རིགས་མང་ཚོགས་ཚོ་ཁོང་དང་ཐུག་འཕྲད་ཆེད་བསྐྱོད་དང་སྐྱོད་མུས་ཡིན་པ་མཟད། ཁ་སང་ཚེས་ ༢༨ ཉིན་ཨ་རིག་སྒྲོལ་མ་སྐྱབས་ལགས་ཀྱང་ཁོང་དང་ཐུག་འཕྲད་སླད་ཕེབས་འདུག  གཞི་རྩའི་སྐལ་བཟང་བསོད་ནམས་ལགས་ནི་ཨ་རིག་ཡུལ་ཚོའི་འགྲམ་ནག་རུ་ཁག་དྲུག་པའི་མི་ཡིན་ཞིང་། བུ་སྤུན་བཞིའི་ནང་ནས་ཆེ་བ་དེ་ཡིན་པ་དང་། ཁོང་ཆུང་དུས་ནས་ཨ་རིག་དགོན་དགའ་ལྡན་ཆོས་འཕེལ་གླིང་གྲྭ་པ་བྱས་ཏེ་ཚོགས་ཀྱི་འདོན་རྟ་དབྱངས་གསུམ་ལ་སྦྱངས་བརྩོན་གནང་འདུག རྗེས་སུ་ཟི་ལིང་དང་སྐུ་འབུམ། དེ་བཞིན་རེབ་གོང་དགོན་པ་བཅས་སུ་བོད་ཀྱི་བརྡ་སྤྲོད་རིག་པ་དང་སྙན་ངག་སོགས་ལ་སྦྱང་མྱོང་པར་མ་ཟད། ཟི་ལིང་ནས་དབྱིན་ཡིག་ཀྱང་སྦྱངས་ཏེ་ཕྱི་ལོ་༢༠༠༣ ལོར་རྒྱ་གར་དུ་འབྱོར་ནས་ལོ་གཅིག་ལྷག་གི་རིང་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་སྦྱོང་གནང་ཟིན་གྲུབ་རྗེས།  མཐར་ཕྱིར་ཕ་ཡུལ་དུ་ཕྱིར་ལོག་གནང་ཡོད་པ་རེད་འདུག

རྒྱ་གཞུང་གིས་ནག་ཆུ་ཁུལ་དུ་མང་ཚོགས་ཀྱི་ཁང་སྟེང་ལ་བཙན་དབང་གིས་རྒྱ་གཞུང་གི་རྒྱལ་དར་སྒྲེང་འཛུགས་བྱས་འདུག

ཉེ་ཆར་ཟླ་ ༡༠ ཚེས་ ༡ ཉིན་སྟེ་རྒྱ་ནག་གཞུང་དབུ་བརྙེས་པའི་དུས་ཆེན་ཉིན་བོད་ནང་ནག་ཆུ་ས་ཁུལ་མཚོ་གཉིས་དམིགས་བསལ་རྫོང་སྟོད་མ་ཤང་གི་བོད་རིགས་མང་ཚོགས་རྣམས་ཀྱིི་ཁང་པའི་ཡང་སྟེང་དུ་རྒྱ་གཞུང་གི་སྐར་ལྔའི་དར་དམར་སྒྲེང་འཛུགས་བྱེད་དུ་བཅུག་ཀྱང་། བོད་རིགས་མང་ཚོགས་ཀྱིས་སྒྲེང་འཛུགས་བྱ་མ་བཅུག་སྟབས། རྒྱ་གཞུང་གིས་ལས་བྱེད་བཏང་ནས་བཙན་དབང་གིས་སྒྲེང་འཛུགས་བྱས་རྗེས་བརྙན་པར་བླངས་ནས་བོད་མི་རྣམས་རྒྱ་གཞུང་གི་སྲིད་བྱུས་བཟང་པོའི་འོག་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་སྐོར་བསྙད་ནས་གསར་འགྱུར་ནང་བརྒྱུད་བསྒྲགས་བྱས་འདུགགཞན་ཡང་འདི་ལོའི་ཕྱི་ཟླ་བཅུ་པའི་ཚེས་གཅིག་ནིི་རྒྱ་གཞུང་གི་རྒྱལ་ཁབ་དབུ་བརྙེས་པའི་དུས་ཆེན་དམིགས་བསལ་བ་ཞིག་ཡིན་སྟབས། དེའི་སྔ་རོལ་དུ་ས་གནས་བོད་རིགས་མང་ཚོགས་ཚོར་རང་ཉིད་ཀྱི་སྡོད་ཁང་ཡང་སྟེང་དུ་རྒྱ་གཞུང་གི་དར་དམར་སྐར་ལྔ་ཅན་ངེས་པར་དུ་སྒྲེང་འཛུགས་བྱ་དགོས་པའི་བཙན་བཀའ་ཕབ་ཀྱང།  ས་གནས་བོད་རིགས་མང་ཚོགས་ཁྲོད་དར་དམར་སྒྲེང་འཛུགས་བྱེད་མཁན་མ་བྱུང་པས་རྒྱ་གཞུང་གིས་མི་སྣ་ཆེད་གཏོང་གིས་མང་ཚོགས་ཀྱི་འདོད་མོས་ཡོད་མེད་ལ་མ་ལྟོས་པར་བཙན་དབང་གིས་རྒྱལ་དར་སྒྲེང་འཛུགས་བྱས་ཡོད་པ་རེད།  ཡུལ་དེའི་མང་ཚོགས་ཀྱི་སྡོད་ཁང་དེ་དག་ལ་མཚོན་ན་དེ་སྔོན་རྒྱ་གཞུང་གི་འབྲོག་པ་གྲོང་ཁྱེར་ཅན་དུ་གྱུར་བ་ཞེས་པའི་སྲིད་བྱུས་འོག་འབྲོོག་པ་རྣམས་ལ་སྤྲད་པ་ཞིག་ཡིན་འདུག་ལ། དུས་དེ་ནས་བཟུང་རྒྱ་ནག་གི་དུས་ཆེན་ཁག་གི་སྐབས་སུ་ཁང་པའི་ཐོག་ཏུ་རྒྱ་གཞུང་གི་སྐར་ལྔའི་དར་དམར་སྒྲེང་འཛུགས་བྱེད་དགོས་པ་དང། ལྷག་དོན་མང་ཚོགས་ནས་འདོད་མོས་ཡོད་པའི་རྣམ་འགྱུར་བཟང་པོ་ངེས་པར་དུ་སྟོན་དགོས་པ་སོགས་བསུན་གཙེར་ཚད་མེད་བཟོ་བཞིན་པ་མ་ཟད། རྒྱ་གཞུང་ནས་བཙན་དབང་གིས་བོད་རིགས་ཚོའི་ཁང་སྟེང་དུ་རྒྱལ་དར་སྒྲེང་འཛུགས་བྱས་པ་མ་ཟད་དེ་དག་གི་བརྙན་པར་བླངས་ཏེ་བོད་མི་རྣམས་རྒྱལ་ཁབ་ཀྱི་སྲིད་བྱུས་བཟང་པོའི་འོག་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་བཞིན་པ།  རྒྱལ་ཁབ་ལ་ཡིད་ཆེས་དང་དགའ་མོས་ཡོད་མཁན་ཤ་སྟག་ཡིན་ཚུལ་སོགས་གསར་འགྱུར་རྫུན་མ་ཤོད་བཞིན་ཡོད་པ་རེད་འདུག     རྩ་བའི་ནག་ཆུ་ས་ཁུལ་ནང་ ༢༠༠༨ ལོ་ནས་བཟུང་ས་གནས་དེར་སྔར་ལས་མང་བའི་དམག་དཔུང་འགྲེམས་འཇོག་བྱས་ཏེ་ཆེས་དམ་དྲག་བྱས་པ་མ་ཟད།  དེང་སྐབས་སྐད་འཕྲིན་དྲ་ལམ་བརྒྱུད་ནས་བོད་ཕྱི་ནང་གི་གནས་ཚུལ་མང་པོ་ཤེས་རྟོགས་ཐུབ་ཀྱི་ཡོད་སྟབ། ས་གནས་མང་ཚོགས་ཚོ་སྔར་ལྷག་བོད་དོན་ཐོག་གོ་རྟོགས་མཐོ་རུ་ཕྱིན་ཡོད་པ་རེད་འདུག དེས་ན་རྒྱ་གཞུང་གིས་དུས་ནས་དུས་སུ་དྲ་ལམ་ཁག་བཀག་འགོག་བྱེད་མུས་ཡིན་འདུག  

མཚོ་སྔོན་པོའི་མང་ཚོགས་ཀྱི་སྡོད་ཁང་གཏོར་བཤིག་བཏང་ཏེ་མང་ཚོགས་ ༡༠༠༠ ཉེ་བ་སྡོད་ཁང་མེད་པའི་གནང་ལ་འགྱར་འདུག

བོད་མཚོ་སྔོན་ཞིང་ཆེན་གསེར་ཆེན་རྫོང་སྤྲེལ་ནག་ཡུལ་མཚོ་མགོན་པོ་གདུང་ཀ་ལ་བསྡེ་བ་ནང་རྒྱ་གཞུང་གིས་བོད་རིགས་མང་ཚོགས་ཚོའི་སྡོད་ཁང་གཏོར་བཤིག་བཏང་ཏེ་མང་ཚོགས་རྣམས་སྡོད་ཁང་མེད་པའི་གནས་ལ་འགྱར་ཡོད་པ་རེད་འདུག དེ་ཡང་ཉེ་ཆར་ཟླ་ ༡༠ ཕྱི་ཚེས་ ༢༢ ཉིན་བོད་ནང་གི་ཕྱི་དྲོ་ཚོུད་ ༤།༢༠ ཐོག་མཚོ་སྔོན་ཞིང་ཆེན་་གསེར་ཆེན་རྫོང་སྤྲེལ་ནག་ཡུལ་མཚོ་མགོན་པོ་གདུང་ཀ་ལ་བསྡེ་བ་ནང་རྒྱག་གཞུང་གི་དམག་མི་མང་དག་ཞིག་འབྱོར་ཏེ་གློ་བུར་དུ་ཀ་ལ་སྡེ་བའི་ཡུལ་མི་ཚོའི་སྡོད་ཁང་ ༢༤༠ ལྷག་ཙམ་ལ་གཏོར་བཤིག་བཏང་སྟབས། ཡུལ་དེའི་མང་ཚོགས་༩༦༠ ཙམ་གྱི་སྡོད་ཁང་མེད་པར་འགྱུར་ནས་ད་ལྟ་གུར་ཕུབ་སྟེ་སྡོད་པ་ལས་གཞན་གང་ཡང་བྱ་ཐབས་མེད་པའི་གནས་ལ་འགྱར་ཡོད་འདུག དེ་བས་ཀྱང་རྒྱ་གཞུང་གི་དྲག་ཆས་དམག་མིས་མང་ཚོགས་ཀྱི་སྡོད་ཁང་དེ་དག་གློ་བུར་དུ་རྩ་གཏོར་བཏང་དོན་གང་ཡིན་གསལ་བཤད་བྱས་མེད་པར་བརྟེན་མང་ཚོགས་ཚོས་ཡར་གནས་ལུགས་ཇི་ཡིན་སྐད་ཆ་དྲི་ས་མེད་པ་མ་ཟད། དེ་ལས་ལྡོག་ཏེ་མང་ཚོགས་ཚོར་སྡོད་ཁང་གཏོར་བཤིག་བཏང་པའི་ས་གནས་སུ་པར་རྒྱག་མི་ཆོག་པ་དང། ཕྱི་ཕྱོགས་སུ་གནས་ཚུལ་མ་འགྱར་བའི་སླད་ཁ་པར་གཙོས་པའི་བརྒྱུད་ལམ་ཁག་ལ་དམ་དྲག་ཤུགས་ཆེ་བྱས་ཡོད་པ་རེད་འདུག རྩ་བའི་མདོ་སྨད་མཚོ་སྔོན་ཞིང་ཆེན་གསེར་ཆེན་རྫོང་སྤྲེལ་ནག་ཡུལ་མཚོ་མགོན་པོ་གདུང་ཀ་ལ་བསྡེ་པའི་བོད་མི་ཚོས་ང་ཚོ་ཡུལ་མི་རྣམས་ཀྱི་འཚོ་བའི་རྟེན་གཞི་ནོར་ཟོག་ལུག་ཁོ་ན་ལ་བརྟེན་ནས་འཚོ་ཐབས་བྱེད་བཞིན་ཡོད་པས་དངོས་ཀྱི་འཚོ་བའི་གནས་སྟངས་ཆེས་ཞན་པོ་ཡིན་འདུག རྒྱ་གཞུང་གིས་ནོར་ལུག་འཚོ་མི་ཆོག་པ་བཟོས་པར་རྟེན་ད་ལོ་མཚོ་སྔོན་པོར་མཚོ་སྐོར་ཡོང་མཁན་མང་པོ་ཡོད་པས་ང་ཚོས་ཡོང་འབབ་ཕྲན་ཙམ་གསོག་ཐུབ་ཆེད་བྲ་ནག་སྡེ་བའི་ཡུལ་མི་ཚོས་འཚོ་རྟེན་དུ་གྱུར་བའི་ནོར་ལུག་གི་ཕྱེད་ཀ་ཙམ་བཙོང་ནས་སྡོད་ཁང་གསར་རྒྱག་བྱ་ཐབས་ལས་ཅི་བྱ་གཏོལ་མེད་ཀྱི་གནས་ལ་འགྱར་ཡོད་པ་རེད་འདུག དེ་བཞིན་ཟླ་ ༡༠ ཕྱི་ཚེས་ ༡༦ དང་ ༡༧ བཅས་སུ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་བྲ་ནག་སྡེ་བའི་འབྲོག་པའི་ཡུལ་མི་ཚོས་རྒྱ་གཞུང་དྲག་ཆས་དམག་མིས་ཁུལ་དེའི་ནང་འབྲོག་པའི་སྡོད་ཁང་ ༣༠ ཙམ་གཏོར་བཤིག་དང་མང་ཚོགས་ལ་མི་སྤྱོད་ལས་འདས་པའི་བཅར་རྡུང་བཏང་པ་མ་ཟད། མེ་མདའ་བཏོན་ནས་འཇིགས་སྐུལ་བྱས་པའི་གནས་ཚུལ་ཡང་འཐོན་ཡོད་པ་རེད།

བོད་མདོ་སྨད་ནས་ཡིན་པའི་གཞས་པ་པདྨ་རིག་འཛིན་ལགས་བཙོན་གྲོལ་ཐོབ་འདུག

རྒྱ་ནག་གཞུང་གིས་བོད་མདོ་སྨད་ཨ་མདོ་རྔ་བ་ནས་ཡིན་པའི་བོད་རིགས་སྒྱུ་རྩལ་པ་པདྨ་རིག་འཛིན་ལགས་ལོ་ངོ་གཉིས་ལྷག་གི་རིང་བཙོན་འཇུག་ཁྲིམས་ཐག་གཙང་རྗེས་བཙོན་གྲོལ་བཏང་འདུག   དེ་རིང་ཟླ་ ༡༠ ཕྱི ཚེས་ ༢༣ ཉིན་གྱི་སྔ་དྲོ་རྒྱ་ནག་གཞུང་གིས་དེ་སྔ་ ༢༠༡༣ ལོར་ཁྲིན་ཏུའུ་ནས་བོད་ཀྱི་རྒྱལ་ཞེན་དང་དམངས་ཁྲོད་གླུ་གཞས་བླངས་མཁན་གྲགས་ཅན་པ་པདྨ་རིག་འཛིན་ལགས་ཆབ་སྲིད་ཀྱི་ནག་ཉེས་འོག་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད། རྒྱ་གཞུང་གིས་ཁོང་ལོ་གཉིས་ལྷག་ཙམ་རིང་བཙོན་འཇུག་ཁྲིམས་བཅད་བྱས་རྗེས་དེ་རིང་ཁོང་རྒྱའི་བཙོན་ལས་གློད་བཀྲོལ་བཏང་ཡོད་པ་རེད་འདུག  གཞི་རྩའི་པདྨ་རིག་འཛིན་ལགས་ནི་ ༡༩༨༢ ལོ་ནས་བཟུང་གངས་ལྗོངས་དྲན་གླུ་དང་མིག་ཆུ་སོགས་བོད་མི་རིགས་ཀྱི་གནས་བབ་མཚོན་པའི་གླུ་གཞས་བླངས་མཁན་གྱི་བོད་རིགས་གཞས་པ་གྲགས་ཅན་ཞིག་ཡིན་པ་མ་ཟད། སྤྱི་ལོ་ ༢༠༠༨ ནས་རྒྱུན་ལྡན་གྱི་གླུ་གཞས་གཏོང་མཚམས་བཞག་སྟེ། སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་ནང་གླུ་གཞས་སྒྲིག་སྦྱོར་ཁང་ཞིག་གསར་འཛུགས་གནང་པ་དང། བོད་ཁམས་ཀྱི་གཞས་པ་དང་གཞས་མ་ཚོས་བླངས་པའི་གླུ་གཞས་མང་དག་ཞིག་ཆེད་སྒྲིག་གནང་མྱོང་ཡོད་པ་རེད། རྒྱ་གཞུང་ཉེན་རྟོག་པས་ཁོང་ལ་ཆབ་སྲིད་དང་འབྲེལ་བ་ཡོད་པའི་གླུ་གཞས་སྒྲིག་སྦྱོར་དང་དཔར་བསྐྲུན་སོགས་གནང་པའི་ནག་ཉེས་འོག་གློག་བརྙན་སྒྲིག་བཟོ་ཁང་དེ་བཞིན་སྒོ་རྒྱབ་དགོས་པའི་བརྡ་ལན་ལམ་མང་བྱས་རྗེས། ༢༠༡༣ ལོའི་ཟླ་ ༥ ཚེས་ ༡༧ ཉིན་འཛིན་བཟུང་བྱས་ནས་ལོ་ངོ་གཉིས་ལྷག་རིང་ཁྲིམས་ཆད་དང་རྒྱ་སྒོར་སྟོང་ཕྲག་ལྔ་བཅུའི་ཉེས་ཆད་བཏང་ཡོད་པ་རེད།  

རྒྱ་གཞུང་དམག་མིས་མཚོ་སྔོན་འབྲོག་པའི་སྡོད་ཁང་ ༣༠ ཙམ་གཏོར་བཤིག་དང་མང་ཚོགས་ལ་བཅར་རྡུང་བཏང་འདུག

རྒྱ་གཞུང་དྲག་ཆས་དམག་མིས་བོད་མཚོ་སྔོན་ནང་གི་འབྲོག་པའི་སྡོད་ཁང་ ༣༠ ཙམ་གཏོར་བཤིག་དང་མང་ཚོགས་ལ་བཅར་རྡུང་བཏང་ཡོད་པ་རེད། ཉེ་ཆར་ཟླ་འདིའི་ཕྱི་ཚེས་ ༡༦ དང་ ༡༧ བཅས་ཀྱི་རིང་བོད་ནང་རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་བྲ་ནག་སྡེ་བའི་འབྲོག་པའི་་ཡུལ་མི་ཚོས་རང་གི་འཚོ་བའི་གནས་སྟངས་བཟང་དུ་གཏོང་ཆེད་ནོ ར་ཟོག་བཙོང་ནས་ད་ལོ་མཚོ་སྔོན་ཁྲི་ཤོར་རྒྱལ་མོར་མཚོ་སྐོར་དུ་ཡོང་མཁན་མང་པོ་ཡོད་པའི་གོ་སྐབས་བཟུང་ཏེ་མཚོ་སྔོན་པོའི་མཐར་ལྕགས་ཤོག་ཀྱི་ཁང་པ་ ༣༠ ཙམ་རྒྱབ་ཏེ་ཡོང་འབབ་གསོག་རྒྱུའི་གྲ་སྒྲིག་བྱས་པར་ས་གནས་རྒྱ་གཞུང་གིས་གོ་མཚོན་ཐོག་པའི་དྲག་ཆས་དམག་མི་མང་པོ་ཆེད་གཏོང་བྱས་ཏེ་མི་མང་ཚོར་བཅར་རྡུང་བཏང་པ་དང་མེ་མདའ་བཏོན་ནས་འཇིགས་སྐུལ་བྱས་པ་མ་ཟད། ཁང་པ་རྣམས་བཙན་དབང་གིས་གཏོར་བཤིག་བཏང་པར་རྟེན་ད་ཆ་མི་མང་རྣམས་ཅི་བྱ་གཏོལ་མེད་ཀྱི་གནས་ལས་མ་འདས་པའི་གནས་སྟངས་ཤིག་གི་འོག་གནས་ཡོད་པ་རེད་འདུག སྐབས་དེར་བོད་མི་ཚོས་ང་ཚོ་ཡུལ་མི་རྣམས་ཀྱི་འཚོ་བའི་རྟེན་གཞི་ནོར་ཟོག་ལུག་ཁོ་ན་ལ་བརྟེན་ནས་འཚོ་ཐབས་བྱེད་བཞིན་ཡོད་པས་དངོས་ཀྱི་འཚོ་བའི་གནས་སྟངས་ཆེས་ཞན་པོ་ཡིན་སྟབས། ད་ལོ་མཚོ་སྔོན་པོར་མཚོ་སྐོར་ཡོང་མཁན་མང་པོ་ཡོད་པས་ང་ཚོས་ཡོང་འབབ་ཕྲན་ཙམ་གསོག་ཐུབ་ཆེད་བྲ་ནག་སྡེ་བའི་ཡུལ་མི་ཚོས་འཚོ་རྟེན་དུ་གྱུར་བའི་ནོར་ལུག་གི་ཕྱེད་ཀ་ཙམ་བཙོང་ནས་མཚོ་སྔོན་པོའི་མཐར་ལྕགས་ཤོག་ཕུག་པའི་ཁང་པ་ ༣༠ ཙམ་ཞི་གསར་རྒྱག་བྱས་ཏེ་ཡུན་རིང་མ་སོང་བར་ས་གནས་རྒྱ་གཞུང་ནས་དྲག་ཆས་གོ་མཚོན་ཐོགས་པའི་དམག་མི་མང་པོ་བཏང་ཏེ་ཁང་པ་རྣམས་བཙན་དབང་གིས་བཤིགས་རྩིས་བྱེད་བཞིན་པར་སྡེ་བའི་ཡུལ་མི་ཚོས་ཞུ་བ་བྱེད་སྐབས་དམག་མི་ཚོས་གནམ་ལ་མེ་མདའ་འཕངས་པ་དང་ཡུལ་མི་ཚོའི་གདོང་ལ་མེ་མདའ་བསྟན་ནས་གལ་སྲིད་ཁ་ལ་མ་ཉན་ན་གསོད་རྒྱུ་ཡིན་ཚུལ་སོགས་ཀྱི་འཇིགས་སྐུལ་བྱས་འདུག དེང་ཆེ་ས་གནས་དེར་བཞུགས་བོད་མི་རྣམས་མགོན་སྐྱབས་མེད་པའི་བྱི་ཕྲུག་ཐང་ལ་ལུས་པ་ལྟར་བུའི་ཅི་བྱ་གཏོལ་མེད་ངང་གནས་མུས་ཡིན་འདུག ས་གནས་ཡུལ་མི་ཚོའི་སྡོད་གཞི་རྩ་མེད་གཏང་པ་མ་ཟད། ཁོང་རྣམས་ལ་ས་གནས་སུ་རང་འགུལ་གྱིས་ཁང་པ་རྒྱག་པ་ནི་ཁླིམས་འགལ་ཡིན་ཚུལ་བརྗོད་ནས་བོད་མི་རྣམས་ལ་རྒྱ་གཞུང་གིས་དྲག་གནོན་བྱས་ཚེ་གནས་སྟངས་ཛ་དྲག་ཏུ་གྱུར་ངེས་ཡིན་པ་རེད་འདུག

Latest news