Tibetan Royal Year of 2151 | Year of the Wood Dragon

བོད།

ལྷ་ས་ཁུལ་ནས་བོད་པའི་གཞོན་སྐྱེས་གཉིས་འཛིན་བཟུང་བྱས་པ།

བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་གྱི་མཁར་གྲོང་གྲོང་ཁྱེར་ནས་ཡིན་པའི་བོད་པའི་གཞོན་སྐྱེས་སྟོབས་དགའ་ལགས་དང་གསར་གྲགས་ལགས་ཞེས་པ་གཉིས་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་རྗེས་གར་ཡོད་ཤེས་རྟོགས་མེད་པར་གྱུར་འདུག དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༨  ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་གྲོང་ཁྱེར་མཁར་གྲོང་ཁུལ་རྨེ་རུ་དགོན་པའི་ཉེ་འདབས་ནས་མཚན་ལ་སྟོབས་དགའ་ལགས་དང་གསར་གྲགས་ལགས་ཞེས་པའི་བོད་པའི་གཞོན་སྐྱེས་གཉིས་དུས་ཚོད་ངེས་མེད་ལ་འཛིན་བཟུང་བྱས་འདུག་པ་དང་།   ཁོང་གཉིས་པོ་འཛིན་བཟུང་བྱས་པའི་རྒྱུ་མཚན་དང་། བཙོན་ཁང་གང་དུ་བཙོན་འཇུག་བྱས་ཡོད་མེད་སོགས་གང་ཡང་ཤེས་རྟོགས་མེད་པའི་གནས་སྟངས་སུ་ལྷུང་ཡོད་པ་རེད་འདུག འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་པས་གསུངས་པར་གཞིགས་ན། སྟོབས་དགའ་ལགས་དང་གསར་གྲགས་ལགས་ཁོང་གཉིས་དུས་རྒྱུན་གཞིས་ཀ་རྩེ་བཀྲ་ཤིས་ལྷུན་པོ་དགོན་པའི་སྒོ་ཆེན་གྱི་ཉེ་འཁྲིས་སུ་མར་དང་ཁ་གཏགས་ལ་སོགས་པ་བཙོང་ནས་འཚོ་བ་སྐྱེལ་ནས་སྡོད་མཁན་ཞིག་དང་།   ཟླ་བ་འདིའི་ཚེས་ ༡༨ ཉིན་ཁོང་གཉིས་བོད་ཀྱི་རྒྱལ་ས་ལྷ་སའི་གྲོང་ཁྱེར་མཁར་གྲོང་ཁུལ་དུ་རྟེན་གཞི་བྱས་པའི་རྨེ་རུ་དགོན་པའི་ཉེ་འདབས་ནས་ཉེན་རྟོག་པས་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་བྱས་པ་མ་ཟད། སྐབས་དེར་ཉིན་རྟོག་པས་ཁོང་གཉིས་ཀྱི་ལག་ཐོག་ཁ་པར་སྔོག་བཤེར་ཐེངས་མང་པོ་བྱས་རྗེས། པེ་ཅིན་ཤར་ལམ་༡༢ ཟེར་བའི་ས་གནས་ཉེན་རྟོག་ཁང་དུ་འཁྲིད་འདུག གཞི་རྩའི་འཛིན་བཟུང་བྱས་པའི་གཞོན་སྐྱེས་སྟོབས་དགའ་ལགས་ནི་རང་ལོ་ ༢༠ ཡས་མས་ཡིན་པ་དང་གསར་གྲགས་ལགས་རང་ལོ་ ༢༥ རེད་འདུག ཁོང་གཉིས་མཚོ་སྔོན་ཞིང་ཆེན་ཆུ་དམར་ལེབ་རྗོང་ནས་ལྷ་སར་ཕེབས་པ་ཞིག་རེད་འདུག

བོད་མི་རིགས་ལ་མི་གནོད་པ་བྱ་རྒྱུའི་དམ་བཅའ་གཞག་དགོས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་མཆོག་ནས་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་མི་རྣམས་ལ་གསུང་བཤད་དང་སྦྲགས། བོད་མི་མི་རེ་ངོ་རེ་ནས་བོད་པའི་སྤྱི་ཚོགས་ཀྱི་མཐུན་སྒྲིལ་གོང་འཕེལ་ཡོང་ཐབས་ཐོག་འགན་ཁུར་བཞེས་དགོས་པ་མ་ཟད། རྒྱུན་དུ་བོད་མི་རིགས་ལ་མི་གནོད་པ་བྱ་རྒྱུའི་དམ་བཅའ་ངེས་པར་དུ་གཞག་དགོས་ཀྱི་རེད་ཅེས་གསུངས་སོང་།དེ་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་དབུས་སྤྱི་འཐུས་ཁག་ཅིག་ཨ་རིའི་རྒྱལ་ས་Washington DC ནང་གི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་མཇུག་སྒྲིལ་ཟིན་རྗེས་ཕྱི་ཚེས་ ༢༥ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཆེད་ཕེབས་གནང་སྟེ་ནེའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་འཐུན་ཚོགས་པའི་ཚོགས་ཁང་ནང་དུ་ས་གནས་མང་ཚོགས་རྣམས་ལ་གསུང་བཤད་དང་དྲི་བ་དྲིས་ལན་གྱི་མཛད་རིམ་ཞིག་བསྐྱངས་སོང་བ་དང་། སྐབས་དེར་ཚོགས་གཙོ་མཆོག་ནས་ཨ་རིའི་རྒྱལ་སར་ཚོགས་པའི་ཚོགས་ཆེན་ཐོག་གྲོས་བསྡུར་གཏན་འབེབས་གནང་བའི་བསྒྲགས་གཏམ་གྱི་དོན་ཚན་ཁག་ངོ་སྤྲོད་དང་སྦྲགས། བོད་མིའི་ངོས་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ལ་གོ་སྐབས་དམ་འཛིན་གནང་རྒྱུ་དང་། ལྷག་པར་དུ་རྒྱ་གཞུང་གི་གནོན་ཤུགས་ཡོད་མིན་ལ་མ་ལྟོས་པར་རྒྱལ་སྤྱིའི་ཐོག་ལ་བོད་དོན་རྒྱབ་སྐྱོར་གྱི་ནུས་པ་ཆེ་རུ་གཏོང་ཐབས་སོགས་ཀྱི་ཐད་མུ་མཐུད་འབད་རྩོན་དགོས་གལ་ཡིན་པ་གསུངས་སོང་།ལྷག་པར་དུ་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་བོད་མིའི་བླ་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུན་དུ་ཞི་བེད་དང་སེམས་པ་བཟང་པོ་བྱ་རྒྱུ། དེ་བཞིན་སྤྱི་ཚོགས་འཆམ་མཐུན་དགོས་གལ་སོགས་ཀྱི་ཐོག་ལ་བཀའ་སློབ་ལམ་སྟོན་ཡང་ཡང་སྩལ་དོན་བཞིན་ང་ཚོ་བོད་མི་རྣམས་ནས་མགོན་པོ་༸གང་ཉིད་མཆོག་གི་བཀའ་སློབ་ལམ་སྟོན་དེ་དག་ལ་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་ང་རང་ཚོའི་སྤྱི་ཚོགས་ནང་ལ་དོན་མེད་ཀྱི་རྙོག་གླེང་བྱས་ན་ཕན་ཐོག་གང་ཡང་མེད་པ་དང་ཆབས་ཅིག མི་མི་རེ་ངོ་རེ་ནས་བོད་པའི་སྤྱི་ཚོགས་ཀྱི་མཐུན་སྒྲིལ་གོང་འཕེལ་ཡོང་ཐབས་ཐོག་འགན་ཁུར་བཞེས་ཏེ།  རྒྱུན་དུ་བོད་མི་རིགས་ལ་མི་གནོད་པ་བྱ་རྒྱུའི་དམ་བཅའ་ངེས་པར་དུ་གཞག་དགོས་ཀྱི་རེད་ཅེས་གསུངས་སོང་། གཞན་ཡང་ཚོགས་གཙོ་མཆོག་ནས་༸གོང་མཆོག་གི་ཐུགས་བསྐྱེད་དམ་བཅའ་ཁག་ངོ་སྤྲོད་དང་འབྲེལ་ས་གནས་བོད་མི་རྣམས་ནས་སོ་སོའི་རིག་གཞུག་རྩ་ཆེན་པོར་རྩིས་ཏེ་རྒྱུན་དུ་བུ་ཕྲུག་རྣམས་ལ་སློབ་གསོ་སོགས་གནང་སྟེ་བོད་མི་རིགས་ཚད་ལྡན་ཞིག་བཟོ་ཐུབ་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་ལམ་སྟོན་གནང་ཡོད།གཞན་ཡང་སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ནས་ང་ཚོ་ཨ་རི་དང་རྒྱ་གར། ཡོ་རོབ་སོགས་ས་གནས་གང་དུ་གནས་ཡོད་ཀྱང་། སྐྱབས་བཅོལ་བ་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཆགས་ནས་གནས་རྒྱུ་ཡོད་པ་འདི་ནི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། ད་ཆ་མགོན་པོ་༸གང་ཉིད་མཆོག་དགུང་ལོ་བགྲེས་པོར་ཕེབས་པའི་སྐབས་འདིར་ང་ཚོས་མགོན་པོ་༸གང་ཉིད་མཆོག་གིས་རྨང་གཞི་ནས་དབུ་བཙུགས་ཏེ་བོད་ཀྱི་འཐབ་རྩོད་སླད་དུ་སྐུ་ངལ་འཛེམས་མེད་སྐྱོན་པ་དེ་དག་ང་ཚོས་མཇུག་སྐྱོང་ཡག་པོ་ཞིག་ཐུབ་དགོས་གལ་ཡིན་པ་གསུངས་སོང་། མ་ཟད་ཚོགས་གཞོན་མཆོག་ནས་ང་ཚོ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་སྟབས་གཅིག་སྒྲིལ་ནི་མེད་དུ་མི་རུང་བ་ཞིག་ཆགས་ཀྱི་ཡོད་པ་དང་། ང་ཚོས་ཕྱག་ལས་དང་སྐད་ཆ་གང་འདྲ་ཞིག་བཤད་ཀྱི་ཡོད་ནའང་༸གོང་ས་མཆོག་གི་ཞབས་འདྲེན་རྒྱུ་དང་། སོ་སོའོ་སྤྱི་ཚོགས་རྩ་གཏོར་མི་འགྲོ་བ་ཞིག་གནང་གལ་ཡིན་པ་གསུངས་ཡོད། གཞན་ཡང་ཚོགས་གཞོན་མཆོག་ནས་ང་ཚོའི་འཐབ་རྩོད་རྒྱུན་བསྲིང་བྱ་རྒྱུ་ཆེད་བུ་ཕྲུག་སྐྱེ་བསྲིང་བྱ་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་ལམ་སྟོན་ཁག་ཅིག་གནང་སོང་བ་དང་། སྐབས་དེར་བཅར་བའི་ས་གནས་བོད་མི་རྣམས་ནས་བཀའ་འདྲི་ཞུས་པའི་དྲི་བ་ཁག་ལ་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས་ནས་ལན་འདེབས་གསལ་བཤད་སོགས་གནང་ཡོད།རྩ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་སླད་ཨ་རིར་ཆེད་ཕེབས་གནང་བ་ཞིག་ཆགས་ཀྱི་ཡོད་པ་དང་། ཚོགས་གཙོ་མཆོག་ཨ་རི་ནང་གི་མཛད་རིམ་ཁག་གྲུབ་རྗེས་ཟླ་བ་རྗེས་མའི་ཕྱི་ཚེས་ ༥ ཉིན་བཞུགས་སྒར་དུ་ཕེབས་འབྱོར་གནང་རྒྱུ་དང་། ཚོགས་གཞོན་མཆོག་ཕྱི་ཟླ་ ༧ པའི་ཚེས་ཤར་ལ་ནིའུ་ཡོག་ནས་རྒྱལ་ས་ལྡིར་ཕེབས་ཐོན་གྱིས་ལྡི་ལི་ནང་གི་གཞུང་འབྲེལ་ལས་དོན་ཁག་ཅིག་གྲུབ་མཚམས་བཞུགས་སྒར་དུ་ཕེབས་འབྱོར་གནང་གི་ཡོད་པ་རེད།

བོད་མིའི་རྩོམ་པ་པོ་དང་ཤེས་ཡོན་ཅན་རྣམས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་མར་གློད་བཀྲོལ་དགོས།

ཉེ་ལམ་གཞིས་བཞུགས་རྩོམ་པ་པོ་གྲགས་ཅན་དང་རིག་གནས་འཆད་ཁྲིད་ཀྱི་དགེ་རྒན་རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་དང་ན་གཞོན་ཤེས་ཡོན་པ་ས་བུ་ཆེའམ་ཐུབ་བསྟན་བློ་གྲོས་ལགས་གཉིས་སུ་ལོ་བཞི་དང་བཞི་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་པ་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གཞུང་གིས་རིག་གཞུང་བཙན་བསྒྱུར་གྱི་སྲིད་བྱུས་ལག་བསྟར་མཚམས་འཇོག་དང་བོད་མིའི་རྩོམ་པ་པོ་དང་ཤེས་ཡོན་ཅན་རྣམས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་མ་ཉིད་དུ་གློད་བཀྲོལ་དགོས་ཞེས་གསུངས་འདུག བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པས་རྒྱ་ནག་གཞུང་ནས་གཞིས་བཞུགས་བོད་མི་རྣམས་ཀྱིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱད་པའི་ཐོག་རང་གི་ངོ་བོ་དང་སྐད་ཡིག རིག་གཞུང་སྲུང་སྐྱོབ་གནང་བར་རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་བྱས་ཏེ་འཛིན་བཟུང་གིས་ཁྲིམས་ཐག་བཅད་པར་མ་ཟད་གཞིས་བཞུགས་རྩོམ་པ་པོ་དང་ཤེས་ཡོན་ཅན་རྣམས་ལ་ཆེད་དུ་དམིགས་ཏེ་ཟླ་བ་མང་པོའི་རིང་བཀག་བསྐྱིལ་ཁང་དུ་ཁྲིམས་ཆད་ལྕི་མོ་གཏོང་གི་ཡོད་པ་གསུངས་འདུག ལྷག་པར་དུ་གཞིས་ལུས་རྒྱ་ཆེ་མང་ཚོགས་ཁྲོད་ནས་རྩོམ་པ་པོ་རྣམས་རྒྱ་གཞུང་ཉེན་རྟོག་པས་ལྟ་སྲུང་དང་དྲ་རྒྱའི་དམ་དྲག་འོག་ལྷུང་བའི་གནས་སུ་གྱུར་ཡོད་པ་དང་། ཁོང་རྣམ་པའི་བྲིས་པའི་རྩོམ་རིག་གི་ནང་དོན་དེ་དག་ཁྲིམས་འགལ་དང་རྒྱལ་ཁབ་བདེ་འཇག་ལ་གནོད་གཞི་བཟོས་འདུག་ཟེར་ནས་ཉེས་འཛུགས་བྱས་ཀྱང་། འཛིན་བཟུང་བྱས་པའི་རྩོམ་པ་པོ་ཕལ་མོ་ཆེའི་རྩོམ་ཡིག་ནང་རྒྱལ་ཁབ་ཁ་བྲལ་དང་རྒྱལ་ཁབ་བདེ་འཇགས་ལ་གནོད་པའི་ནང་དོན་གང་ཡང་མེད་སྐོར་གསུངས་འདུག རྒྱ་ནག་གཞུང་གིས་ཉེ་བའི་ཆར་ནས་བོད་མིའི་རྩོམ་པ་པོ་དང་ཤེས་ཡོན་ཅན་འཛིན་བཟུང་བཙན་ཁྲིད་ཀྱིས་ཁྲིམས་ཆད་ལྕི་མོ་བཏང་བ་དེས་རྒྱ་ནག་གིས་འཆར་གཞི་ལྡན་པའི་ཐོག་ནས་བོད་མི་ཤེས་ཡོན་ཅན་རྣམས་ཀྱི་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་ཞུ་གཏུག་ལས་གཞིར་གཉའ་གནོན་དང་ཁོང་རྣམ་པའི་ཞལ་བཀག་ཐབས་བྱེད་ཀྱི་ཡོད་སྟབས། རྒྱ་གཞུང་ནས་རིག་གཞུང་བཙན་བསྒྱུར་གྱི་སྲིད་བྱུས་དེ་ངེས་པར་དུ་མཚམས་འཇོག་དང་བོད་མིའི་རྩོམ་པ་པོ་དང་ཤེས་ཡོན་ཅན་རྣམས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་མར་གློད་བཀྲོལ་དགོས་ཞེས་གསུངས་འདུག གཞི་རྩའི་ཉེ་ལམ་དེ་སྔ་ཕྱི་ལོ་ ༢༠༢༠ ཟླ་མཇུག་ཙམ་ནས་འཛིན་བཟུང་བྱས་པའི་རྩོམ་པ་པོ་གྲགས་ཅན་དང་རིག་གནས་འཆད་ཁྲིད་ཀྱི་དགེ་རྒན་རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་སུ་འདས་ལོ་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡ ཉིན་ཟི་ལིང་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་རྒྱལ་ཁབ་ཁ་བྲལ་ལ་ངན་བསྐུལ་ཞེས་པའི་ཉེས་མིང་འོག་ལོ་བཞིའི་བཙོན་འཇུག་དང་ལོ་གཉིས་ཀྱི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པའི་ཁྲིམས་ཆད་བཏང་ཡོད་པ་དང་། དེ་བཞིན་བོད་ཁམས་ཕྱོགས་རྫ་ཆུ་ཁ་འབུམ་རྙིང་སྡེ་པ་ནས་ཡིན་པའི་ན་གཞོན་ཤེས་ཡོན་ཅན་ས་བུ་ཆེའམ་དངོས་མིང་ལ་ཐུབ་བསྟན་བློ་གྲོས་ཞེས་པ་ན་ནིང་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༡༠ ཟླ་དཀྱིལ་ཙམ་ལ་རྒྱ་གཞུང་གིས་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ད་བར་ཡུན་རིང་གར་སོང་ཆ་མེད་ཀྱི་གནས་བབ་འོག་ལྷག་རྗེས་ཉེ་ལམ་ཕྱི་ཟླ་ ༦ ཚེས་ ༡༤ ཡས་མས་ཤིག་ལ་ལོ་བཞི་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། འབྲེལ་ཡོད་པར་སྒྲིག་བཟོ་བ་བོད་མིའི་སྒྲིག་འཛུགས།

འཛམ་གླིང་གི་སྐྱབས་བཅོལ་ཉིན་མོར་བོད་ནམ་ཡང་མ་བརྗེད་ཅེས་གསུངས་འདུག

ཁ་སང་འཛམ་གླིང་གི་སྐྱབས་བཅོལ་ཉིན་མོ་དང་བསྟུན་རྒྱལ་སྤྱིའི་ཁྲོད་སྐྱབས་བཅོལ་བའི་མི་མང་ཚོས་རང་གི་ལོ་རྒྱུས་ཕྱིར་དྲན་གནང་སྟེ་སྐྱབས་བཅོལ་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་ལྟར་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ Hong Kong Watch ཚོགས་པའི་སྤྱི་ཁྱབ་འགན་འཛིན་ Benedict Rogers ལགས་ཀྱིས་ང་ཚོས་སྐྱབས་བཅོལ་ཉིན་མོ་སྲུང་བརྩི་ཞུས་པ་དང་ཆབས་ཅིག་ཏུ་འཛམ་གླིང་གི་ས་གནས་མང་པོ་ཞིག་ཏུ་ང་ཚོས་དོ་སྣང་གནང་དགོས་པར་མ་ཟད་སྒོས་བོད་ནམ་ཡང་བརྗེད་མི་རུང་ཞེས་གསུངས་འདུག རྒྱལ་སྤྱིའི་སྐྱབས་བཅོལ་ཉིན་མོ་དང་བསྟུན་སྐུ་ཞབས་ Benedict Rogers ལགས་ཀྱིས་ Tibet Rights Collective ཞེས་ལྡི་ལིར་རྟེན་གཞི་བྱས་པའི་བོད་དོན་ཞུ་གཏུག་དང་ཆབ་སྲིད་ཉམས་ཞིབ་ཀྱི་ལྟེ་གནས་ཁང་གི་དྲ་རྒྱར་དཔྱད་རྩོམ་ཞིག་སྤེལ་བར་ཁོང་གིས་འཛམ་གླིང་གི་ས་གནས་དུ་མར་ཡོད་པའི་སྐྱབས་བཅོལ་བ་རྣམས་ལ་ང་ཚོས་དོ་སྣང་གནང་དགོས་ཀྱི་འདུག་ཅེས་གསུངས་སྐབས་དགོངས་པར་དེ་མ་ཐག་ཏུ་ཡུཀ་རེན་གྱི་མི་མང་བྲོས་བྱོལ་དུ་ཕེབས་མཁན་ཚོ་དང་སིརྱ། བྷར་མ། དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་གཉའ་གནོན་ལས་ཐར་མཁན་ཡུ་གུར་བ་དང་ཕྷ་ལཱུང་གྷོང་ཆོས་བརྒྱུད་འཛིན་པ། ཧོང་ཀོང་བ་སོགས་འཆར་གྱི་ཡོད་ཀྱང་དེ་དག་ཁྲོད་བོད་ཀྱི་གནད་དོན་དེ་བརྗེད་ཉེན་ཡོད་སྟབས། ང་ཚོས་བོད་ཀྱི་གནད་དོན་དེ་ནམ་ཡང་བརྗེད་མི་རུང་ཞེས་གསུངས་འདུག ཁོང་གིས་བོད་ཀྱི་གནད་དོན་དེ་མང་ཚོགས་ཀྱི་དྲན་པའི་ཡུལ་ལས་འདས་ཉེན་ཡོད་པ་དང་འབྲེལ་དོན་ཚན་གསུམ་འགྲེལ་བརྗོད་གནང་འདུག བོད་ཀྱི་གནད་དོན་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་དོན་རྒྱབ་སྐྱོར་བ་སྙན་གྲགས་ཅན་གློག་བརྙན་འཁྲབ་སྟོན་པ་ Richard Gere དང་ Brad Pitt  དེ་བཞིན་ Beastie Boys ཁོང་རྣམས་བརྒྱུད་ནས་རྒྱལ་སྤྱིའི་ཁྲོད་སླེབས་ཡོད་པ་དེ་ལྟར་ནའང་ཉེ་ཆར་རྒྱ་ནག་གཞུང་གིས་དཔའ་འབྱོར་གྱི་སྟོབས་ཤུགས་ལག་ཆར་སྤྱོད་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་སྡིགས་ར་སོགས་སྐུལ་ཏེ་བོད་ཀྱི་གནད་དོན་དེ་མི་གླེང་བར་འབད་རྩོན་བྱེད་མུས་ཡིན་སྐོར་གསུངས་འདུག ད་ཆ་༸གོང་ས་མཆོག་དགུང་ནའི་བབ་ཀྱི་ཆ་ནས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཆིབས་བསྒྱུར་མཛད་རྒྱུ་དཀའ་བ་ཆགས་ཡོད་པ་མ་ཟད་སྤྱིར་འཛམ་གླིང་གི་གྲོས་ཚོགས་འཐུས་མི་རྣམས་ནས་བོད་དོན་སླད་མུ་མཐུད་ནས་རྒྱབ་སྐྱོར་གནང་གི་ཡོད་ཀྱང་མགོན་པོ་༸གང་ཉིད་མཆོག་རྒྱལ་སྤྱིའི་སྡིངས་ཆའི་ཁྲོད་ཆིབས་བསྒྱུར་མཛད་མ་ཐུབ་པ་དེས་བོད་ཀྱི་གནད་དོན་ཉམས་རྒུད་འགྲོ་བཞིན་ཡོད་པ་གསུངས་འདུག དེ་བཞིན་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྩ་མེད་གཏོང་རྒྱུའི་བྱ་སྤྱོད་དང་ཧོང་ཀོང་རང་དབང་རྡོག་རོལ་བཏང་བ། ཐེ་ཝན་ལ་འཇིགས་སྐུལ་བྱས་པ་སོགས་ལ་དོ་སྣང་གནང་མཁན་མང་དུ་འགྲོ་ཡོད་པ་དང་དེ་འབྲེལ་དོ་སྣང་གནང་དགོས་ཀྱང། གནད་དོན་དེ་དག་ཁྲོད་ང་ཚོའི་ངོས་ནས་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་སྟེང་བསྣམ་ཐབས་དང་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པའི་བཀའ་མོལ་གནང་སྐབས་བོད་ཀྱི་གནད་དོན་དེ་ནམ་ཡང་བརྗེད་མི་རུང་ཞེས་གསུངས་འདུག ལྷག་པར་ཁོང་གིས་ International Commission of Jurists ཞེས་རྒྱལ་སྤྱིའི་ཁྲིམས་རྩོད་ལྷན་ཚོགས་ཀྱིས་སྙན་ཐོ་བཏོན་པའི་ནང་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་དེ་ཁྲིམས་འགལ་དང་དེ་བཞིན་མི་རིགས་རྩ་གཏོར་གྱི་གནད་དོན་བྱུང་ཡོད་སྐོར་གསུངས་པ་དེ་ང་ཚོའི་ངོས་ནས་དེ་བརྗེད་རྒྱུ་མེད་ཅེས་གསུངས་འདུག ཆབས་ཅིག་ཏུ་ཁོང་གིས་ཆེད་རྕོམ་གནང་བས་འདི་ལོའི་ཟླ་བ་ ༡༠ ནང་འདོན་སྤེལ་གནང་རྒྱུའི་ The China Nexus ཞེས་པའི་རྒྱ་ནག་ཐོག་གི་དཔེ་དེབ་ནང་བོད་ཀྱི་སྐོར་ལེའུ་ཞིག་ཡོད་པ་གསུངས་འདུག རྩ་བའི་སྐུ་ཞབས་ Benedict Rogers ལགས་ནི་རྩོམ་པོ་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་ཞིག་ཡིན་པ་དང་།  ཁོང་གིས་ད་བར་དཔེ་དེབ་དྲུག་ཆེད་རྩོམ་གནང་ཡོད། དེའི་ཁོངས་ནས་གསུམ་བྷར་མའི་སྐོར་ཆགས་ཀྱི་ཡོད་པ་རེད།

ཆོས་ལུགས་དམ་དྲག་རྐྱེན་གྱིས་མཚམས་པ་དགེ་འདུན་པ་ཞིག་གིས་རང་སྲོག་བཅད་པ།

རྒྱ་གཞུང་གིས་བོད་ནང་ཆོས་དད་རང་མོས་རྡོག་རོལ་གྱིས་སྔར་ལྷག་དམ་དྲག་ཤུགས་ཆེར་བྱས་པའི་རྐྱེན་གྱིས་ཉེ་ལམ་ཕྱི་ཟླ་ ༥ ནང་རྒྱ་ནག་གཞུང་གིས་བཅས་པའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་གཙོས་གྲོང་ཁྱེར་ནས་ཡིན་པའི་མཚམས་པ་དགེ་འདུན་པ་ཞིག་གིས་རང་སྲོག་བཅད་པའི་གནས་ཚུལ་བྱུང་འདུགབཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཉེ་དུས་བོད་མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་གཙོས་གྲོང་ཁྱེར་གྱི་ཁྱབ་ཁོངས་ཁ་གྱ་ཡུལ་ཚོ་ནས་ཡིན་པ་མཚམས་པ་དགེ་འདུན་པ་ཞིག་གིས་དམར་ཤོག་དྲུང་ཆེ་གཞོན་པ་ཡཱང་ཝུས་བཀོད་ཁྱབ་འོག་ཁུལ་དེའི་ཆོས་དད་རང་མོས་སོགས་ཚད་ལ་བརྒལ་བའི་རྡོག་རོལ་གྱིས་མང་ཚོགས་དང་དགེ་འདུན་པ། དེ་བཞིན་མཚམས་པ་སོགས་ལ་སུན་གཙེར་བཟོ་བཞིན་ཡོད་པ་དང་ཆབས་ཅིག ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་སྔར་ལྷག་དམ་དྲག་ཤུགས་ཆེར་བྱས་པའི་རྐྱེན་གྱིས་དེར་ངོ་རྒོལ་གནང་སྟེ། ༸གོང་ས་མཆོག་གི་༸སྐུ་པར་མདུན་དུ་རང་སྲོག་བཅད་པའི་གནས་ཚུལ་བྱུང་འདུག གནས་ཚུལ་ཁག་གཅིག་ནང་དགེ་འདུན་དེས་རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་སུ་གྱུར་ཡོད་སྐོར་བཀོད་འདུག རྒྱ་གཞུང་གིས་ཕྱི་ཟླ་ ༥ ཟླ་སྟོད་ཙམ་ནས་བླ་བྲང་སོགས་ཀྱི་ཁུལ་དུ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ལ་ཁ་གཡར་ཏེ་ཁུལ་དེའི་ནང་ཆེས་དམ་དྲག་བྱས་པར་བརྟེན་དགེ་འདུན་པ་ཁོང་གི་མཚན་དང་རང་སྲོག་ཇི་ལྟར་བཅད་ཚུལ། དེ་བཞིན་ཚེས་གྲངས་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མི་འདུག གནས་ཚུལ་དེ་བྱུང་འཕྲལ་ཁོང་གི་ནང་མི་གཅིག་རྒྱ་ནག་ནང་ཞོར་ལས་བྱེད་བཞིན་ཡོད་པ་ཕྱིར་ཕ་ཡུལ་དུ་ལོག་སྐབས་ས་གནས་གཞུང་ནས་འབྲེལ་ཡོད་ཁོང་དང་ནང་མི་ཚོར་ཏོག་ནད་ཐོན་པར་ཁག་དཀྲིས་ཏེ་བཙན་ཁྲིད་ཀྱིས་ད་ལྟའི་ཆར་བཀག་སྐྱིལ་ཁང་ཞིག་ཏུ་ཡོད་པ་འཁོད་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གིས་བཅས་པའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁུལ་དཔོན་དམར་ཤོག་དྲུང་ཆེ་ཡུ་ཆན་གྷུ་དང་དམར་ཤོག་དྲུང་ཆེ་གཞོན་པ་ཡཱང་ཝུ་གཉིས་ནས་གནད་དོན་དེའི་ཐད་འགན་ཁུར་གྱིས་ངེས་པར་དུ་ཕྱི་གསལ་ནང་གསལ་བྱས་ཏེ་དངོས་ཡོད་གནས་ཚུལ་གསལ་འདོན་བྱེད་དགོས་པའི་འབོད་སྐུལ་དང་ཆབས་ཅིག ལྷག་པར་དུ་ཀན་ལྷོ་སོགས་བོད་ཡུལ་སྤྱིའི་ནང་“བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་”སྲིད་བྱུས་གཙོས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལས་ཡོངས་སུ་བརྒལ་བའི་ལས་འགུལ་སྤེལ་བཞིན་ཡོད་པ་རྣམས་འཕྲལ་མར་མཚམས་འཇོག་བྱས་ཏེ་བོད་མི་ཚོའི་ཆོས་དད་རང་དབང་སོགས་ལ་བརྩི་སྲུང་དགོས་པའི་འབོད་སྐུལ་ནན་པོ་ཞུས་འདུག གཞི་རྩའི་ཉེ་ལམ་ཀན་ལྷོ་ཁུལ་དུ་སྔར་ལས་ལྷག་པའི་དམ་དྲག་ཇི་ཆེར་སོང་རྐྱེན་ནི་ཁ་སྔོན་ཕྱི་ཟླ་ ༥ ཚེས་ ༢༣ ནས་ ༢༥ བར་རྒྱ་ནག་གི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་གཙོ། ཤིན་ཅང་ལས་དོན་མཐུན་སྦྱོར་རུ་ཁག་གི་ཚོགས་གཙོ་ཝང་དབྱང་ཟེར་བ་ཁུལ་དེའི་ནང་ལྟ་སྐོར་སླེབས་པ་དང་འབྲེལ་བ་ཆགས་ཀྱི་ཡོད་པར་མ་ཟད། ལྷག་པར་དུ་ཕྱི་ལོ་ ༢༠༡༨ ནས་བཟུང་ཀན་ལྷོ་ཁུལ་དུ་རྒྱ་གཞུང་ནས་“ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པའི་༸སྐུ་པར་གཙང་སེལ”སོགས་ཀྱི་ལས་འགུལ་རྒྱ་ཆེར་སྤེལ་མུས་ཡིན་པ་དང་། ཆབ་སྲིད་ཀྱི་སློབ་གསོ་ལས་འགུལ་སོགས་རིམ་པ་སྤེལ་ནས་བོད་མི་ཚོའི་ཆོས་དད་རང་མོས་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཚད་ལས་བརྒལ་བའི་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པ་མངོན་གསལ་ཡིན་པ་རེད།

བོད་མི་ཤེས་ཡོན་ཅན་གཉིས་ལ་ལོ་བཞི་ནས་བཞི་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་པ།

ཕྱི་ལོ་ ༢༠༢༠ ལོར་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་གཞིས་བཞུགས་རྩོམ་པ་པོ་གྲགས་ཅན་དང་རིག་གནས་འཆད་ཁྲིད་ཀྱི་དགེ་རྒན་རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་སུ་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་ཞེས་པའི་ཉེས་མིང་འོག་ལོ་བཞི་དང་དེ་བཞིན་ན་གཞོན་ཐུབ་བསྟན་བློ་གྲོས་ལགས་སུ་ལོ་བཞི་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་པ་ར་འཕྲོད་བྱུང་འདུག ཁ་སང་ཕྱི་ཚེས་ ༡༩ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་དེ་སྔ་ཕྱི་ལོ་ ༢༠༢༠ ལོ་མཇུག་ཙམ་ནས་རྒྱ་གཞུང་གིས་བཙན་ཁྲིད་བྱས་པ་ནས་བཟུང་འདས་པའི་ལོ་ངོ་གཉིས་ཙམ་རིང་ཁོང་གི་གནས་བབ་གང་ཡིན་གསལ་ཁ་མེད་པར་གྱུར་ཡོད་ཀྱང་ད་ཆ་གནས་ཚུལ་འབྱོར་བར་གཞིགས་ཚེ་འདས་ལོ་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༡༢ ཚེས་ ༡ ཉིན་ཁོང་ལ་ཟི་ལིང་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ལོ་བཞིའི་བཙོན་འཇུག་དང་ལོ་གཉིས་ཀྱི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པའི་ཁྲིམས་ཆད་བཏང་ཡོད་སྐོར་བཀོད་འདུག གཞི་རྩའི་དེ་སྔ་བོད་གནས་ཉམས་ཞིབ་ཁང་གིས་རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་ཀྱིས་གནད་དོན་དང་འབྲེལ་གནས་ཚུལ་སྤེལ་བའི་ནང་ཁོང་འཛིན་བཟུང་བྱས་པ་དེ་རྒྱ་ནག་གིས་ནང་བསྟན་རྒྱ་བསྒྱུར་གྱི་ལས་གཞི་དང་འབྲེལ་ཏེ་རེབ་གོང་རོང་བོ་ས་ཁུལ་དུ་དེར་འབྲེལ་གྱི་ཟབ་སྦྱོང་ཞིག་གོ་སྒྲིག་བྱས་པའི་སྐབས་སུ་རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་ཀྱིས་ཀྱང་མཉམ་ཞུགས་གནང་ནས་ནང་བསྟན་རྒྱ་བསྒྱུར་གྱི་ཟབ་ཁྲིད་པ་རྣམས་ལ་དོན་དངོས་སུ་ནང་བསྟན་རྒྱ་བསྒྱུར་ཟེར་བ་དེ་གང་ཡིན་ཐོག་དྲི་བ་དྲིས་པ་དང་འབྲེལ་ནས་ཕན་ཚུན་དབར་ཚིག་རྩོད་ བྱུང་བ་དང་འབྲེལ་བ་ཡོད་པ་ཞིག་ཡིན་པར་མ་ཟད་གནད་དོན་དེ་བྱུང་ནས་ཉིན་ཤས་རྗེས་ཁོང་རོང་བོ་དགོན་ཆེན་ནས་རོང་བོ་གྲོང་བརྡལ་དུ་རྟག་རིག་གི་འཛིན་གྲྭ་ཞིག་ལ་ཕེབས་བཞིན་པའི་ལམ་བར་ནས་གསང་སྟབས་ཀྱིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པར་འགྲེལ་བརྗོད་གནང་ཡོད། རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་འཛིན་བཟུང་མ་བྱས་པའི་ཟླ་བ་གཉིས་ཀྱི་གོང་དུ་ཁོང་གིས་འཁོར་བ་ཞེས་པའི་ཆེད་དེབ་ཅིག་དཔར་སྐྲུན་གནང་ཡོད་པ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཁོང་གི་སྙན་ངག་སྒེར་དེབ་“འཁོར་བ་”ཞེས་པ་བཏོན་ནས་ཡུན་རིང་མ་སོང་བར་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་གསུངས་ཡོད། ལྷག་པར་རྒྱ་ནག་གིས་ཁོང་འཛིན་བཟུང་བྱས་པ་ནས་བཟུང་ཁོང་སྒེར་གཉེར་གྱི་བཙན་པོ་དྲྭ་བ་ཞེས་པ་དེ་ཡང་རྒྱ་ནག་གིས་བཀག་སྡོམ་བྱས་ཡོད། དགེ་འདུན་ལྷུན་འགྲུབ་ལགས་ཀྱི་སྨྱུག་མིང་ལ་ལྷམ་ཀོག་ཟེར་ཞིང་། ཁོང་གིས་རྐང་གླིང་སྐྱ་བོ་དང་། ལྷ་ཆེན་པོའི་སྙན་ངག ཕྲེང་བ་ནག་པོ། མི་ཚེའི་དབྱངས་རྟ། གླེགས་བམ་དཀར་པོ། འཁོར་བ་སོགས་སྙན་ངག་རྐྱང་པའི་དེབ་དྲུག་འདོན་སྤེལ་གནང་བར་མ་ཟད་ཁོང་གི་བརྩམས་ཆོས་ཁག་གཅིག་ལ་རྒྱ་ནག་རྒྱལ་ཡོངས་ཀྱི་བྱ་དགའ་ཆེ་གྲས་མི་རིགས་རྩོམ་རིག་གི་བྱ་དགའ་ཐོབ་མྱོང་ཡོད་པ་རེད། ཁོང་གིས་སྔ་རྗེས་སུ་“ཕག་ལོ་བ་”ཞེས་པའི་བརྗོད་གཞིའི་སྙན་ངག་གྲགས་ཅན་ཁག་གཅིག་བྲིས་པ་དང་དེ་དག་ཀློག་མཁན་ཚོའི་ངོས་ནས་༸གོང་ས་མཆོག་གི་དགུང་རྟགས་ཕག་ཡིན་པས། མགོན་པོ་༸གང་ཉིད་མཆོག་ལ་ཕུལ་བ་ཞིག་ཡིན་པར་དགོངས་ཀྱི་ཡོད་པ་རེད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་གཞུང་གིས་ཉེ་བའི་ལོ་གཅིག་གཉིས་ནང་བོད་ཀྱི་རྩོམ་པ་པོ་གྲགས་ཅན་དང་ཤེས་ཡོན་པ་མང་དག་ཅིག་ལ་ཉེས་མེད་ཉེས་འཛུགས་བྱས་ཏེ་གཅིག་རྗེས་གཉིས་མཐུད་དུ་འཛིན་བཟུང་བཙོན་འཇུག་བྱས་པ་དེ་ནི་རྒྱ་གཞུང་གིས་བོད་ནང་རིག་གཞུང་བཙན་བསྒྱུར་དང་མི་རིགས་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་བྱས་པ་དེ་དག་ལེགས་གྲུབ་ཡོང་ཐབས་ཀྱི་ཐོག་མའི་ཆ་རྐྱེན་ལྟ་བུར་ངོས་འཛིན་བྱེད་བཞིན་ཡོད་པར་མངོན་གསལ་ཆགས་ཡོད་པ་གསུངས་འདུག  བོད་ཀྱི་ཤེས་ཡོན་པ་འཛིན་བཟུང་བྱས་པའི་ཁྲོད་གཞན་ཡང་རྒྱ་གཞུང་གིས་བོད་ཁམས་ཕྱོགས་རྫ་ཆུ་ཁ་འབུམ་རྙིང་སྡེ་པ་ནས་ཡིན་པའི་ན་གཞོན་ཤེས་ཡོན་ཅན་ས་བུ་ཆེའམ་དངོས་མིང་ལ་ཐུབ་བསྟན་བློ་གྲོས་ཞེས་པ་ན་ནིང་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༡༠ པའི་ཟླ་དཀྱིལ་ཙམ་ལ་རྒྱ་གཞུང་གིས་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་བྱས་རྗེས་ད་བར་ཡུན་རིང་གར་སོང་ཆ་མེད་ཀྱི་གནས་བབ་འོག་ལྷག་རྗེས་ཉེ་ལམ་ཕྱི་ཟླ་ ༦ ཚེས་ ༡༤ ཡས་མས་ཤིག་ལ་ལོ་བཞི་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་འདུག ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་གསལ་ཐུབ་བསྟན་བློ་གྲོས་ལགས་ཀྱིས་དྲྭ་ལམ་ཁག་ཏུ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་དང་མི་རིགས་ཁ་བྲལ་བཏང་བ་སོགས་ཀྱི་ནང་དོན་ཅན་གྱི་རྩོམ་ཡིག་མང་པོ་སྤེལ་བར་བསྙད་དེ་ཁོང་ལ་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་ཞེས་པའི་ཉེས་མིང་འོག་ཁྲིམས་ཐག་བཅད་ཡོད་ཀྱང་། རྒྱ་གཞུང་གིས་གསང་རྒྱ་དམ་པའི་རྐྱེན་གྱིས་ཁོང་བཙོན་འཇུག་གཟུགས་གཞིའི་གནས་བབ་སོགས་གསལ་རྟོགས་ཐུབ་ཀྱི་མེད་སྐོར་གསུངས་འདུག་ལ། དེ་བཞིན་ཐུབ་བསྟན་བློ་གྲོས་ལགས་ཀྱིས་བྲིས་གནང་བའི་རྩོམ་ཡིག་དང་དྲྭ་ལམ་དུ་སྤེལ་བའི་གནས་ཚུལ་རྣམས་ལ་རྒྱུས་ལོན་གནང་བའི་ཁྲོད་དེ་དག་གི་ནང་དོན་ནི་བོད་ཀྱི་སྤྱི་ཚོགས་དང་འཚོ་བ། སྐད་ཡིག དཔལ་འབྱོར་གྱི་གནས་བབ་སོགས་ཡིན་པ་ལས་ཁྲིམས་དང་འགལ་བའི་ནང་དོན་གཅིག་ཀྱང་མེད་པ་གསུངས་འདུག ས་བུ་ཆེའམ་ཐུབ་བསྟན་བློ་གྲོས་ལགས་ནི། ཕྱི་ལོ་ ༡༩༨༧ ལོར་རྫ་ཆུ་ཁ་འབུམ་རྙིང་སྡེ་པ་རུ་སྐྱེས་ཤིང་། ཁོང་ཉིད་རྒྱ་ནག་ནས་མཐོ་སློབ་ཐོན་པའི་རྗེས་ཕྱིར་རང་ཡུལ་དུ་ཕྱིར་ལོག་སྟེ་སེར་ཤུལ་རྫོང་འབྲིང་རིམ་སློབ་གྲྭ་སོགས་སུ་དགེ་རྒན་གྱི་ཕྱག་ལས་ཡུན་རིང་གནང་ཡོད་པ་དང་། ཁོང་ནི་བོད་རྒྱ་སྐད་གཉིས་ལ་བྱང་ཆུབ་པ་དང་གནའ་དེང་གི་རིག་གནས་ལ་མཁྱེན་རྒྱ་ཟབ་མོ་ཡོད་མཁན་གྱི་ན་གཞོན་ཞིག་ཡིན་འདུག་ལ། བོད་ནང་གི་གཞོན་སྐྱེས་ཚོའི་ཁྲོད་ཤུགས་རྐྱེན་གང་འཚམས་ཡོད་མཁན་གྱི་ན་གཞོན་ཡིན་པ་རེད། གསར་འགོད་པས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་སུ་རྒྱ་གཞུང་གིས་བོད་པའི་ཤེས་ཡོན་ཅན་དང་སྤྱི་ཚོགས་ནང་ཤུགས་རྐྱེན་ཡོད་མཁན་གྱི་བོད་མི་རྣམས་ལ་གཅིག་རྗེས་གཉིས་མཐུད་ཀྱི་འཛིན་བཟུང་བྱས་པའི་དགོས་དམིགས་དང་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་ཞེས་པའི་ཉེས་མིང་གཡོགས་ཏེ་འཛིན་བཟུང་བྱས་པ་དེས་གང་མཚོན་མིན་སོགས་དང་ཀྱི་བཅར་འདྲི་ཁག་གཅིག་ཞུས་པར་ཁོང་གིས་རྒྱ་གཞུང་གིས་ཤེས་ཡོན་ཅན་རྩ་མེད་གཏོང་རྒྱུའི་སྲིད་བྱུས་དེ་སྔ་མ་ནས་ཡོད་ཀྱང་། ལྷག་པར་ད་ཆ་སྲིད་འཛིན་ཞི་ཅིན་ཕིང་གི་དུས་ཡུན་གཉིས་པ་ནས་བཟུང་སྲིད་བྱུས་ཡོད་པ་དེ་སྔར་ལྷག་ལག་བསྟར་བྱེད་བཞིན་ཡོད་པར་མ་ཟད། རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་ཉེས་མིང་གཡོགས་པ་དེ་ནི་བོད་མི་རྣམས་ཁ་བཀག་ཕྱིར་ཡིན་སྐོར་གསུངས་སོང་། རྩ་བའི་ཉེ་བའི་ལོ་གཅིག་གཉིས་ནང་རྒྱ་གཞུང་གིས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་རིན་ཆེན་ཚུལ་ཁྲིམས་ལགས། དྷིཿལྷ་ལྡན་ལགས་སོགས་ཤེས་ཡོན་པ་མང་དག་ཅིག་ལ་ཁྲིམས་མེད་ལུགས་མེད་ཀྱི་སྒོ་ནས་འཛིན་བཟུང་གིས་བཙོན་འཇུག་བྱས་ཡོད་པ་རེད།

རྒྱ་གཞུང་ཉེན་རྟོག་པས་ཚེ་དབང་ནོར་བུ་ལགས་འཛིན་བཟུངས་བྱས་རྗེས་ཤེས་རྟོགས་མེད་པར་གྱུར་འདུག  

རང་ལོ་ ༤༠ སོན་པའི་བོད་མི་ཚེ་དབང་ནོར་བུ་ལགས་ས་གནས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་ད་ལྟའི་ཆར་གང་དུ་བཀག་ཉར་དང་བདེ་འཇགས་སོགས་ཀྱི་གནས་སྟངས་ཇི་ཡིན་ཤེས་རྟོགས་མེད་པར་གྱུར་འདུགདབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Free Tibet ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེ་དབང་ནོར་བུ་ལགས་ས་ག་ཟླ་བའི་དུས་ཚིགས་དང་བསྟུན་ཕོ་བྲང་པོ་ཏ་ལར་མཆོད་མཇལ་ཞུ་བར་ཕེབས་སྐབས་ས་གནས་ཉེན་རྟོག་པས་ཁོང་ལ་མཆོད་མཇལ་ཞུ་བར་མ་བཏང་ནས་བདུན་ཕྲག་གཅིག་ཙམ་རིང་ངང་སྒུག་གནང་འཇུག་པ་དང་། ཟླ་བ་འདིའི་ཕྱི་ཚེས་ ༩ ཉིན་ཁོང་འཛིན་བཟུང་བྱས་པར་མ་ཟད་རྗེས་སུ་ས་གནས་རྒྱ་གཞུང་ཉེན་རྟོག་པས་ཕོ་བྲང་པོ་ཏ་ལ་ཁུལ་དུ་དམ་དྲག་དང་ལྟ་སྲུང་གི་བྱེད་སྒོ་རྒྱ་ཆེ་རུ་བཏང་ཡོད་པ་བཀོད་འདུགད་ལྟའི་ཆར་ཚེ་དབང་ནོར་བུ་ལགས་ས་གནས་གང་དུ་བཀག་ཉར་བྱས་ཡོད་པ་དང་ཁོང་གི་གཟུགས་གཞིའི་གནས་སྟངས་ཇི་ཆགས་སོགས་ཤེས་རྟོགས་མེད་པར་གྱུར་འདུག རྒྱ་ནག་གཞུང་གིས་ཕོ་བྲང་པོ་ཏ་ལ་ཁུལ་དུ་དཔལ་འབྱོར་གི་ཁེ་ཕན་སོགས་ལ་དམིགས་ཏེ་ཡུལ་སྐོར་སྤྲོ་འཆམ་གྱི་ལས་གཞི་སྣ་ཚོགས་སྤེལ་བའི་ཁྲོད་ས་གནས་ཀྱི་དད་ལྡན་མང་ཚོགས་རྣམས་གནས་མཇལ་ཞུ་བར་དམ་དྲག་སྔར་ལྷག་བྱེད་བཞིན་ཡོད་པར་མ་ཟད། ས་གནས་ཀྱི་བོད་མི་གཙོས་དད་ལྡན་མཆོད་མཇལ་བ་རྣམས་ཀྱང་ཡུལ་སྐོར་སྤྲོ་འཆམ་པ་ལྟར་ཡུན་རིང་བང་སྒྲིག་དགོས་པ་བཟོས་པ་མ་ཚད་པར་མཆོད་མཇལ་བ་ཁག་གཅིག་ལ་ཆེད་མངགས་བཀག་པའི་གནས་སྟངས་སོགས་བྱུང་ཡོད་པ་མངོན་གསལ་གནང་འདུག གཞི་རྩའི་རྒྱ་ནག་གཞུང་གིས་དུས་རྒྱུན་བོད་ཀྱི་ས་ཁུལ་ཡོངས་ལ་དམ་དྲག་སྣ་ཚོགས་བྱེད་མུས་ཡིན་པ་མ་ཟད་ས་ག་ཟླ་བས་གཙོས་པའི་ཆོས་ཕྱོགས་ཀྱི་དུས་ཚིགས་ཁག་དང་། གསུམ་བཅུའི་དུས་དྲན་གཙོས་པའི་ཆབ་སྲིད་དང་འབྲེལ་བའི་གནད་ཚིགས་ཁག་ལ་ཉེན་རྟོག་པ་ཆེད་འཇོག་གིས་དམ་དྲག་དང་ལྟ་སྲུང་གི་ལས་གཞི་རྒྱ་ཆེར་སྤེལ་གྱི་ཡོད་པ་རེད།

 རྒྱ་གཞུང་གིས་མུ་མཐུད་བོད་མིའི་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པར་མངོན་གསལ།

ཁ་སང་ཕྱི་ཟླ་ ༦ ཚེས་ ༢ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཕྱི་ལོ་ ༢༠༢༡ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བ་དང་སྦྲགས་ཏེ་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་མུ་མཐུད་རྡོག་རོལ་གཏོང་བཞིན་པར་མངོན་གསལ་གནང་འདུགའདས་ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོའི་ནང་རྒྱལ་ཁབ་དང་ས་ཁུལ་ ༢༠༠ ཙམ་གྱི་ཆོས་ལུགས་རང་དབང་གི་གནས་བབས་ལ་ཞིབ་འཇུག་གནང་སྟེ་སྙན་ཐོ་འདོན་སྤེལ་གནང་ཡོད་པ་དང་།  ཁ་སང་སྙན་ཐོ་འདོན་སྤེལ་གྱི་གསར་འགོད་གསལ་བསྒྲགས་སྐབས་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་གིས་ཕྱི་ལོ་ ༢༠༢༡ ལོའི་སྙན་ཐོ་ནང་རྒྱལ་ཁབ་ཁག་ཅིག་ཏུ་ཆོས་ལུགས་རང་དབང་གི་གནས་སྟངས་ཐད་ཡར་རྒྱས་ཀྱི་རྣམ་པ་ཐོན་ཡོད་ཀྱང་། འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ཏུ་སྲིད་གཞུང་ནས་མང་ཚོགས་ཀྱི་གཞི་རྩའི་རང་དབང་ལ་གུས་བརྩི་མེད་པར་མི་མང་གི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་དམ་དྲག་བྱས་དང་བྱེད་བཞིན་ཡོད་པ་མཐོང་རྒྱུ་ཡོད་སྟབས། ཨ་རི་གཞུང་གིས་འཛམ་གླིང་གི་ཆོས་ལུགས་རང་དབང་གོང་མཐོར་སླད་མུ་མཐུད་རྒྱལ་ཁབ་གཞན་གྱི་གཞུང་དང་ཚོགས་སྡེ་ཁག་དང་ལྷན་ཕྱག་ལས་གནང་རྒྱུ་ཡིན་པར་གསུངས་ཡོད། སྙན་ཐོ་ནང་བོད་ཀྱི་སྡེ་ཚན་ནང་ཆོས་ལུགས་ཀྱི་མི་འབོར་གྲངས་རྩིས་དང་སྲིད་གཞུང་གི་ཆོས་དད་རང་དབང་ཐད་བརྩི་མཐོང་། སྤྱི་ཚོགས་ཀྱི་ཆོས་དད་རང་དབང་ལ་གུས་བཀུར་གྱི་གནས་བབས།  དེ་བཞིན་ཨ་རི་གཞུང་ནས་འཛིན་པའི་སྲིད་བྱུས་བཅས་སྡེ་ཚན་བཞིར་ཆ་བགོས་གནང་འདུག དེའི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་མང་ཚོགས་ནས་ཆོས་དད་རང་དབང་ཡོངས་སུ་ལོངས་སྤྱོད་བྱ་རྒྱུའི་རང་དབང་ཡོད་ལུགས་འཁོད་ཡོད་ཀྱང་དངོས་ཡོད་ཐོག་རྒྱ་གཞུང་གིས་མང་ཚོགས་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་དམ་དྲག་བྱེད་ཀྱི་ཡོད་པ་དང་། དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་བོད་ཀྱི་ས་ཁུལ་གཞན་ཁག་ནས་གྲྭ་བཙུན་གཙོ་བོར་གྱུར་པའི་བོད་མི་རྣམས་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་འབྲེལ་གང་བྱུང་དུ་འཛིན་བཟུང་བཀག་སྐྱིལ་གྱིས་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བར་མ་ཟད།  ཁག་ཅིག་གར་སོང་ཆ་མེད་དུ་བཏང་བའི་ཁོངས་ཆོས་ལུགས་རང་དབང་རྡོག་རོལ་དང་འབྲེལ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་གནད་དོན་འབུར་འདོན་གནང་བ་དང་ཆབས་ཅིག བོད་བརྒྱུད་ནང་བསྟན་དེ་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་མུ་མཐུད་སྤེལ་བཞིན་ཡོད་པ་སོགས་གསལ་འདོན་གནང་འདུག ད་དུང་རྒྱ་གཞུང་གིས་མུ་མཐུད་བོད་པའི་དགོན་པའི་གནང་སྒོར་ཐེ་གཏོགས་བྱས་ཏེ་རྒྱ་གཞུང་གིས་མོས་མཐུན་ཡོད་པའི་དགེ་འདུན་པ་དགོན་པའི་ལྟ་རྟོག་སླད་བསྐོ་གཞག་དང་གྲྭ་བཙུན་རྣམས་ལ་མུ་མཐུད་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་པ་དང་། དེ་བཞིན་བོད་པའི་དགོན་སྡེ་དང་ཆོས་ཕྱོགས་ཀྱི་བསྟི་གནས་ཁག་དེབ་སྐྱེལ་ཐད་སྟངས་འཛིན་བྱེད་བཞིན་སྐོར་མངོན་གསལ་གནང་འདུག གཞན་ཡང་སྙན་ཐོ་དེའི་ནང་།  གྲྭ་བཙུན་གཙོས་བོད་མི་རྣམས་ལ་མགྲོན་ཁང་དང་མོ་ཊ་གླ་རྒྱུ་སོགས་ལ་དཀའ་ངལ་འཕྲད་པ་དང་ལྷག་པར་དུ་ལས་ཀའི་བརྒྱུད་རིམ་ཁྲོད་དབྱེ་འབྱེད་བྱས་དང་བྱེད་མུས་ཡིན་པའི་གནད་དོན་མངོན་གསལ་གནང་འདུག་པར་མ་ཟད་རྒྱ་ནག་གཞུང་གིས་ཧན་ནང་པ་མང་པོ་ཞིག་ནས་བོད་བརྒྱུད་ནང་བསྟན་ཐོག་དོ་སྣང་ཤུགས་ཆེར་གནང་བཞིན་པའི་ཁྲོད་འདིར་ཧན་ནང་པ་ཚོ་བོད་པའི་དགོན་སྡེ་ཁག་ལ་བསྐྱོད་རྒྱུའང་རྒྱ་གཞུང་གིས་སྐབས་རེ་དམ་དྲག་བྱེད་ཀྱི་ཡོད་པར་མངོན་གསལ་གནང་ཡོད།རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་གཞུང་ཚབ་ཆེན་མོ་སྐུ་ཞབས་ Rashad Hussain ལགས་ཀྱིས་ཁ་སང་གསར་འགོད་གསལ་བསྒྲགས་སྐབས་སྲིད་གཞུང་མང་པོ་ཞིག་ནས་དབྱེ་འབྱེད་ཀྱི་སྒྲིག་གཞི་ལག་བསྟར་བྱེད་དེ་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་རྡོག་རོལ་དང་།  དེའི་ཁྲོད་རྒྱ་གཞུང་གིས་མུ་མཐུད་བོད་མིའི་ཆོས་དད་རང་དབང་ལ་རྡོག་རོལ་དང་བོད་མིའི་རིག་གཞུང་དང་སྐད་ཡིག་གོང་མཐོར་གཏོང་མཁན་གྱི་གང་ཟག ལྷག་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་ཉར་ཚགས་གནང་མཁན་སོགས་འཛིན་བཟུང་གིས་མནར་གཅོད་བཏང་བར་འགྲེལ་བརྗོད་ཀྱིས་དེར་སྐྱོན་བརྗོད་གནང་འདུག གཞི་རྩའི་རྒྱ་གཞུང་གིས་བོད་ནང་བོད་མིའི་ཚོའི་ཆོས་ལུགས་རང་དབང་ལ་མུ་མཐུད་རྡོག་རོལ་གཏོང་བཞིན་པའི་གནད་དོན་རིམ་པ་འཐོན་བཞིན་པར་མ་ཟད།  ལྷག་དོན་ཁ་སྔོན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་རྒྱལ་ཡོངས་ཆོས་ལུགས་ལས་དོན་ལྷན་ཁང་དང་དཔལ་འབྱོར་ལྷན་ཁང་གཉིས་ཀྱིས་ཆོས་ཕྱོགས་དང་འབྲེལ་བའི་དཔལ་འབྱོར་གྱི་ལས་དོན་ལ་ཚོད་འཛིན་དམ་དྲག་གི་ཁྲིམས་སྒྲིག་ཅིག་ཁ་སྔོན་ཕྱི་ཚེས་ ༡ ནས་ལག་བསྟར་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་དང་བསྟུན་བོད་ནང་གི་དགོན་སྡེ་ཁག་ལ་སྔར་ལྷག་དམ་དྲག་གི་དཀའ་ངལ་འཕྲད་ངེས་ཡིན་པར་གསུངས་ཡོད།

རྒྱ་གཞུང་གི་ཆོས་ཕྱོགས་དང་འབྲེལ་བའི་ཁྲིམས་སྒྲིག་གསར་པས་བོད་ཀྱི་དགོན་སྡེར་སྔར་ལྷག་ངལ་བ་འཕྲད་རྒྱུ།

རྒྱ་ནག་རྒྱལ་ཡོངས་ཆོས་ལུགས་ལས་དོན་ལྷན་ཁང་དང་དཔལ་འབྱོར་ལྷན་ཁང་གཉིས་ཀྱིས་ཆོས་ཕྱོགས་དང་འབྲེལ་བའི་དཔལ་འབྱོར་གྱི་ལས་དོན་ལ་ཚོད་འཛིན་དམ་དྲག་གི་ཁྲིམས་སྒྲིག་ཞིག་ཁ་སང་ཕྱི་ཚེས་ ༡ ནས་ལག་བསྟར་བྱ་རྒྱུའི་གསལ་བསྒྲགས་སྤེལ་བ་དང་བསྟུན་བོད་ནང་གི་དགོན་སྡེ་ཁག་ལ་སྔར་ལྷག་དམ་དྲག་གི་དཀའ་ངལ་འཕྲད་ངེས་ཡིན་པར་བརྗོད་འདུགཁ་སང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་ལ་སྟངས་འཛིན་སླད་དགོན་པའི་དཔལ་འབྱོར་གཙོས་ལས་དོན་མཐའ་དག་ལ་ཚོད་འཛིན་གྱི་ཁྲིམས་སྒྲིག་གསར་པ་གཏན་འབེབས་བྱས་ཡོད་པ་དང་། ཐེངས་འདིའི་ཁྲིམས་སྒྲིག་ནི་འདི་ལོའི་ཕྱི་ཟླ་ ༣ པའི་ནང་དྲ་རྒྱའི་ཐོག་ཆོས་ཕྱོགས་ཀྱི་གནས་ཚུལ་ལ་སྟངས་འཛིན་བྱ་རྒྱུའི་ཁྲིམས་སྒྲིག་ལག་བསྟར་བྱ་རྒྱུའི་གསལ་བསྒྲགས་སྤེལ་བའི་རྗེས་སུ་ཆོས་ཕྱོགས་དང་འབྲེལ་བའི་ཁྲིམས་སྒྲིག་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པར་བཤད་འདུག སྤྱིར་ཁྲིམས་སྒྲིག་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་གི་ཆོས་ལུགས་དང་འབྲེལ་བའི་ས་ཚིགས་ཡོངས་ལ་ཁྱབ་ཀྱི་ཡོད་ཚུལ་ཟེར་ཡོད་པ་དེ་ལྟར་ནའང་། བོད་ནང་རྒྱུན་ལྡན་ནས་སྤྱི་ཚོགས་དང་རིག་གཞུང་གཉིས་ཀའི་ཐད་དགོན་སྡེ་ཁག་དང་བཙུན་དགོན་ཁག་གིས་ཐུགས་འགན་ཆེན་པོ་བཞེས་ཀྱི་ཡོད་པའི་གནས་སྟངས་ལ་གཞིགས་ཏེ་ཐེངས་འདིའི་ཁྲིམས་སྒྲིག་དེའི་ཤུགས་རྐྱེན་བོད་ནང་ཆེས་ཆེར་ཐེབས་ངེས་ཡིན་སྐོར་གསུངས་འདུག་པ་མ་ཟད། ཁྲིམས་སྒྲིག་དེའང་རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་དེ་ཉིད་ཀྲུང་གོ་ཅན་དུ་བསྒྱུར་རྒྱུའི་ལས་གཞི་མྱུར་ཚད་ཐོན་པོའི་སྒོ་ནས་ལག་བསྟར་ཡོང་ཐབས་དང་མཐུན་པ་ཞིག་བཟོས་ཡོད་པ་གསུངས་འདུག དེ་བཞིན་བོད་ཀྱི་དགོན་སྡེ་ཁག་གིས་སྲོལ་རྒྱུན་གྱི་ཐོག་ནས་ཆོས་ལུགས་དང་སྤྱི་ཚོགས་ཀྱི་དགོས་མཁོ། དགོན་པའི་སློབ་གཉེར་གྱི་གལ་གནད་ལ་གཞིགས་ནས་རང་དབང་གི་དབང་ཚད་ལྡན་པའི་ལས་དོན་གཉེར་ཀྱི་ཡོད་ཀྱང་ད་ཆ་ཁྲིམས་སྒྲིག་དེའི་ཐོག་ནས་རྒྱ་ནག་གཞུང་དང་ཤེས་ཡོན་ལྟེ་གནས་ཀྱིས་གང་བཤད་ལ་ཉན་དགོས་སྐོར་བཀོད་པ་དང་འབྲེལ། སྤྱིར་རྒྱ་ནག་གཞུང་གིས་དེ་སྔ་ཡང་དགོན་སྡེ་ཁག་གི་དཔལ་འབྱོར་གྱི་ལས་དོན་ལ་སྟངས་འཛིན་གྱི་ཐབས་ཤེས་བྱས་ཡོད་ཀྱང་དེར་དོན་འབྲས་སོན་མེད་པར་བཤད་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གཞུང་གིས་ཆོས་ཕྱོགས་དང་འབྲེལ་བའི་དཔལ་འབྱོར་གྱི་ལས་དོན་ལ་ཚོད་འཛིན་དམ་དྲག་གི་ཁྲིམས་སྒྲིག་དེ་ ༢༠༡༠ ལོར་ཚོད་ལྟ་བྱས་ཡོད་ཀྱང་རྒྱ་ནག་གཞུང་གི་རེ་བ་བཞིན་དོན་འབྲས་སོན་མེད་པ་དང་ལོ་ངོ་བཅུའི་གོང་ལ་ཚོད་ལྟ་བྱས་པའི་ཁྲིམས་སྒྲིག་ནང་ལེ་ཚན་ ༩ དང་དོན་ཚན་ ༤༠ ཡོད་པ་དང་། ཁྲིམས་སྒྲིག་གསར་པའི་ནང་དཔལ་འབྱོར་དང་འབྲེལ་བའི་ལེ་ཚན་གསར་པ་འཇུག་རྒྱུ་མ་ཟད་དོན་ཚན་ཁག་ཞིབ་ཕྲར་བཀྲལ་བའི་ལེ་ཚན་ ༡༠ དང་དོན་ཚན་ ༥༥ ཡོད་པ་བཀོད་འདུག ཕྱི་ལོ་ ༢༠༡༠ ལོར་ཚོད་ལྟ་བྱས་པའི་ཁྲིམས་སྒྲིག་ནང་ཆོས་ཕྱོགས་ཀྱི་ལས་དོན་ཐད་དཔལ་འབྱོར་ལྷན་ཁང་གི་འགན་སྐོར་ལ་དམིགས་བསལ་གང་ཡང་བཀོད་མེད་ཀྱང་ཁྲིམས་སྒྲིག་གསར་པའི་ནང་ཆོས་ཕྱོགས་དང་འབྲེལ་ཚོགས་སྡེ་ཁག་གི་དཔལ་འབྱོར་དོ་དམ་གྱི་ལས་དོན་ཐོག་ཆོས་ལུགས་ལས་དོན་ལྷན་ཁང་དང་དཔལ་འབྱོར་ལྷན་ཁང་གཉིས་འབྲེལ་བ་དམ་ཟབ་ཐོག་མཉམ་ལས་བྱ་རྒྱུ་ཡིན་སྐོར་བཀོད་འདུག དགོན་སྡེ་ཁག་གི་སྤྱི་ཚོགས་བདེ་དོན་དང་འབྲེལ་བའི་ལས་དོན་སོགས་ཀྱི་ཐོག་ནས་ཡོང་འབབ་བཟོ་ཆོག་ཀྱང་། ཁྲིམས་སྒྲིག་གསར་པའི་ནང་མི་མང་ཁྲོད་ཆོས་ཕྱོགས་ཀྱི་ཤུགས་རྐྱེན་འགོག་ཐབས་སུ་གཞུང་ཁོ་ནའི་ལས་དོན་གཉེར་རྒྱུ་ཞེས་སྔར་གྱི་དོན་ཚན་དེ་མེད་པ་བཟོས་ཡོད་པ་དང་། དེ་སྔ་ཚོད་ལྟ་བྱས་པའི་ཁྲིམས་སྒྲིག་ནང་དགོན་པར་ཞལ་འདེབས་ལ་སོགས་ཕུལ་མཁན་བྱུང་སྐབས་དགོན་པའི་བྱུང་འཛིན་ཕུལ་ཆོག་པ་བཀོད་ཡོད་ཀྱང་ཁྲིམས་སྒྲིག་གསར་པའི་ནང་དགོན་སྡེ་ཁག་གི་ཡོང་འབབ་ལ་མྱུལ་ཞིབ་ནན་པོ་བྱ་སླད་དགོན་སྡེ་ཁག་ནས་སྦྱིན་བདག་རྣམ་པར་བྱུང་འཛིན་ཕུལ་སྐབས་ས་གནས་གཞུང་གི་ཆོས་ལུགས་ལས་དོན་ལྷན་ཁང་གིས་ཆེད་བཟོ་བྱས་པའི་བྱུང་འཛིན་སྤྱོད་དགོས་པ་མ་ཟད། དགོན་སྡེ་ཁག་གི་འཛིན་སྐྱོང་དང་ལས་བྱེད་པ་ཚོས་ཁྲིམས་སྒྲིག་ལྟར་ལས་འགན་མ་བསྒྲུབ་པ་དང་རྩིས་མེད་བཏང་ཚེ་ཉེས་ཆད་འགེལ་རྒྱུ་ཡིན་པ་སོགས་ཆེད་བཀོད་ཡོད་འདུག

Latest news