Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

འཛམ་གླིང་ནང་གི་དྲ་རྒྱའི་རང་དབང་ཆེས་སྡུག་ཤོས་ཡིན་པ་རྒྱ་ནག་ཏུ་འཛམ་གླིང་གི་དྲ་རྒྱའི་ལྷན་ཚོགས་ཚོགས་འདུག

ཨ་རིའི་རང་དབང་ཁང་པ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་སོགས་ནས་ཐེར་བཏོན་གནང་པའི་འཛམ་གླིང་ནང་གི་དྲ་རྒྱའི་རང་དབང་ཆེས་སྡུག་ཡིན་པ་རྒྱ་ནག་རྒྱལ་ཁབ་ནང་དུ་འཛམ་གླིང་གི་དྲ་རྒྱའི་ལྷན་ཚོགས་ཚོགས་འདུག ཟླ་བ་འདིའི་ཕྱི་ཚེས་ ༣ ནས་ཁ་སང་ཚེས་ ༥ བར་ཉིན་གྲངས་བཞིའི་རིང་རྒྱ་ནག་གཞུང་གི་གོ་སྒྲིག་འོག་ 4th World Internet Conference ཞེས་པའི་འཛམ་གླིང་གི་དྲ་རྒྱའི་ལྷན་ཚོགས་ཞིག་ཁུལ་དེའི་གྲོང་ཁྱེར་ Wuzhen ནང་བསྐོང་ཚོགས་བྱས་འདུག་པ་དང་། ལྷན་ཚོགས་དེའི་ཐོག་འཛམ་གླིང་ནང་གི་དྲ་རྒྱའི་ཚོང་ལས་གཉེར་མཁན་ཆེས་གྲས་ Apple དང་ Google དེ་བཞིན་ Alibaba ལ་སོགས་པའི་སྤྱི་ཁྱབ་འགན་འཛིན་དང་དྲ་རྒྱའི་ཆེད་ལས་མི་སྣ། ཉམས་ཞིབ་པ། དེ་བཞིན་མཁས་དབང་སོགས་གནད་ཡོད་མི་ ༡༥༠༠ ལྷག་འདུ་འཛོམས་བྱུང་འདུག རྒྱ་ནག་གཞུང་གི་ངོས་ནས་ད་ལན་གྱི་ལྷན་ཚོགས་དེ་ནི་གཙོ་བོ་གུ་ཡངས་ཐོག་ནས་དྲ་ཐོག་ཚོང་འབྲེལ་གོང་འཕེལ་དང་མཉམ་སྤྱོད་ཁེ་དབང་། དེ་བཞིན་རིང་མིན་གོ་ལ་སྤྱི་ལ་ཁྱབ་པའི་དྲ་རྒྱ་བཀོལ་སྤྱོད་ཆེད་འཛུགས་བྱ་རྒྱུ་ཡིན་པ་བརྗོད་ཡོད་ཀྱང། The China Digital Times བརྒྱུད་ལམ་ཐོག་ལྷན་ཚོགས་དེ་དང་འབྲེལ་ནས་དོན་དངོས་ཐོག་རྒྱ་ནག་གཞུང་གིས་རྒྱ་ནག་ནང་གི་དྲ་རྒྱའི་རང་དབང་ལ་དམ་དྲག་བཀག་སྡོམ་བྱས་པའི་གནས་ཚུལ་ཞིག་ཕྱིར་བསྒྲགས་བྱས་འདུག དེའི་ནང་རྒྱ་གཞུང་གིས་ཉེ་བའི་ཆར་ Weibo དང་ Blog དེ་བཞིན་ Wechat ལ་སོགས་པའི་སྤྱི་ཚོགས་འབྲེལ་མཐུད་བརྒྱུད་ལམ་དེ་དག་གི་ཐོག་ནས་ཐེངས་འདིའི་ལྷན་ཚོགས་གཙོ་འགྱུར་དེ་མིན་རྒྱ་ནག་དམར་ཤོག་པའི་ཚོགས་འདུ་ལ་སོགས་པར་མང་ཚོགས་ཀྱིས་སྐྱོན་བརྗོད་སྤེལ་ཁག་བཀག་སྡོམ་བྱས་པ་མ་ཟད། སྐྱོན་བརྗོད་དང་འབྲེལ་བའི་ཚིག་དེ་དག་དྲ་རྒྱའི་ཐོག་བསྔོག་མི་ཐུབ་པ་བཟོས་ཡོད་འདུག སྤྱིར་རྒྱ་ནག་གཞུང་ནས་རྒྱ་ནག་ཁྱོན་ཡོངས་སུ་དར་ཁྱབ་ཆེ་བའི་ཀུ་ཤུ་རྟགས་ཅན་གྱི་ལག་ཐོགས་ཁ་པར་དང་གློག་ཀླད། དེ་བཞིན་སྤྱི་ཚོགས་འབྲེལ་མཐུད་ཀྱི་བརྙན་ཆས་ཕབ་ལེན་བྱེད་སའི་འཕྲུལ་ཆས་ཁག་གི་ནང་བེད་སྤྱོད་བྱེད་བཞིན་པའི་ VPN ཞེས་པའི་གསང་བའི་དྲ་ལམ་ཁག་བཀག་སྡོམ་བྱས་པ་ཡོད་མ་ཟད། ད་བར་རྒྱ་ནག་ཏུ་འཛམ་གླིང་ནང་གི་ Google དྲ་རྒྱ་དེ་བཀོལ་སྤྱོད་གནང་རྒྱུ་མེད་པ་བཟོས་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་གོང་གི་དྲ་རྒྱའི་ཚོང་ལས་ཁང་དེ་གཉིས་ཐོག་བཀག་སྡོམ་བྱེད་བཞིན་ཡོད་མེད་ལ་ལྟོས་མེད་ཀུ་ཤུ་རྟགས་ཅན་ཚོང་ལས་ཁང་གི་འགན་འཛིན་སྐུ་ཞབས་ Tim Cook དང། རྒྱ་ནག་ཏུ་དྲ་རྒྱའི་ཚོང་གི་འབྲེལ་བ་གང་ཡང་མེད་པའི་ Google དྲ་རྒྱའི་ཚོང་ལས་ཁང་གཉིས་ཀྱི་འགན་འཛིན་ Sundar Pichai གཉིས་ནས་ད་ལན་རྒྱ་ནག་ཏུ་བསྐོང་ཚོགས་བྱས་པའི་ལྷན་ཚོགས་དེར་མཉམ་ཞུགས་ཀྱིས་རྒྱ་གཞུང་གིས་དྲ་རྒྱ་བཏང་འཛིན་བྱེད་ཕྱོགས་ཀྱི་སྲིད་བྱུས་དང་མ་འོངས་པའི་འཆར་སྣང་ལ་རྒྱབ་སྐྱོར་བྱས་པར་ཕྱི་རྒྱལ་བརྒྱུད་ལམ་ཁག་ནས་ཁོང་གཉིས་ཀྱི་བྱ་སྤྱོད་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག རྩ་བའི་ད་བར་རྒྱ་ནག་གཞུང་གིས་ཁུལ་དེའི་ནང་དུ་མང་ཚོགས་ཀྱི་དྲ་རྒྱའི་རང་དབང་ཐོག་འཛིན་བཞིན་པའི་སྲིད་བྱུས་ལ་རྒྱལ་སྤྱིའི་ནང་གཞུང་སྒེར་ཚོགས་པ་ཁག་དུ་མས་སྐྱོན་བརྗོད་བྱེད་བཞིན་ཡོད་པ་དང།  ལྷག་པར་དུ་འདི་ལོའི་ཨ་རིའི་རང་དབང་ཁང་པའི་ལོ་འཁོར་སྙན་ཐོ་ནང་དུ་འདས་པའི་ལོ་གསུམ་བསྟུད་མར་རྒྱ་ནག་དེ་འཛམ་གླིང་ནང་དྲ་རྒྱ་བཀོལ་སྤྱོད་ཀྱི་རང་དབང་ཆེས་སྡུག་ཤོས་ཡིན་པར་ཐེར་བཏོན་བྱས་ཡོད་པ་རེད། ཁྱད་པར་དུ་བོད་དང་ཤིང་ཅང་ལྟ་བུའི་ས་ཁུལ་སོགས་ཀྱི་ནང་མང་ཚོགས་ལ་དམིགས་བསལ་དམ་དྲག་བྱེད་བཞིན་ཡོད་པ་མ་ཟད་མང་ཚོགས་ཀྱི་ཁ་པར་བརྒྱུད་དྲ་རྒྱ་བཀོལ་སྤྱོད་བྱེད་རྒྱུར་བཀག་སྡོམ་ཡང་ནས་ཡང་དུ་བྱེད་མུས་ཡིན་པར་སྐྱོན་བརྗོད་ཀྱང་ནན་པོ་བྱས་ཡོད་པ་རེད།  

རྒྱ་ནག་དེ་འཛམ་གླིང་ནང་དྲ་རྒྱར་དམ་དྲག་བྱེད་མཁན་གྱི་རྒྱལ་ཁབ་་ཆེས་སྡུག་ཤོས་ཡིན་པར་ཐེར་བཏོན།

རྒྱ་ནག་ནི་འཛམ་གླིང་ནང་དྲ་རྒྱ་བཀོལ་སྤྱོད་ལ་དམ་དྲག་བྱེད་མཁན་རྒྱལ་ཁབ་ཆེས་སྡུག་ཤོས་ཡིན་པར་ཐེར་བཏོན་གནང་འདུག དེའང་ཨ་རི་གཞུང་གིས་གཉེར་བའི་ Freedom House འམ་རང་དབང་ཁང་པའི་སྙན་ཐོའི་ནང་རྒྱ་གཞུང་གིས་དེ་སྔ་ནས་དྲ་རྒྱའི་བཀོལ་སྤྱོད་ཐོག་དམ་དྲག་བྱེད་མུས་ཁར་ཉེ་ལམ་དྲ་རྒྱའི་ཁྲིམས་སྒྲིག་གསར་བཟོ་བརྒྱུད་དམ་དྲག་སྔར་ལྷག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག ཨ་མི་རི་ཀའི་རང་དབང་ཁང་པའི་ངོས་ནས་རྒྱལ་སྤྱིའི་རྒྱལ་ཁབ་སོ་སོའི་ནང་དྲ་རྒྱ་བསྔོག་བཤེར་ཐོག་འགོག་རྐྱེན་དང་དྲ་རྒྱའི་ནང་དོན་ལ་ཚད་བཀག དེ་བཞིན་དྲ་རྒྱ་བཀོད་སྤྱོད་པའི་རང་དབང་ལ་བརྩི་མེད་ཇི་གཏང་བཅས་སྡེ་ཚན་གསུམ་ལ་ཆ་བགོས་ཀྱིས་བརྒྱ་ཆ་ ༡༠༠ ཐམ་པ་ནས་ཨང་རིམ་སྤྲོད་འདུག་པ་ལྟར། རྒྱ་ནག་དེ་དྲ་རྒྱ་བཀོལ་སྤྱོད་ཀྱི་རང་དབང་ཆེས་སྡུག་ཤོས་ཀྱི་རྒྱལ་ཁབ་ལ་ངོས་འཛིན་གྱིས་བརྒྱ་ཆ་བརྒྱ་ནས་ ༨༧ སྤྲད་འདུག་པ་དང་རྒྱ་ནག་དེ་གནས་བབ་དེའི་ཐོག་བསྟུད་མར་འཇོག་པ་ལོ་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད་འདུག རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་རྒྱ་ནག་ཉམས་ཞིབ་པ་སྐུ་ཞབས་ William Nee ལགས་ཀྱིས་རྒྱ་ནག་ནང་དུ་བློ་འཚབ་ཆེ་ཤོས་བྱེད་གཞི་ཞིག་ནི་དྲ་རྒྱའི་ཉེན་སྲུང་གི་ཁྲིམས་སྒྲིག་གསར་བཟོ་བྱས་པ་དེ་ཆགས་ཀྱི་ཡོད་པ་དང། འདི་ལོའི་ཕྱི་ཟླ་ ༦ ནང་ལག་བསྟར་བྱེད་འགོ་ཚུགས་པའི་ཁྲིམས་སྒྲིག་དེའི་བརྒྱུད་རྒྱ་ནག་ནང་ཡོད་པའི་རྒྱལ་སྤྱིའི་ཚོང་ལས་ཁང་ཁག་གི་རང་ཉིད་ཀྱི་དྲ་རྒྱ་བཀོལ་སྤྱོད་པར་དམ་དྲག་ཙམ་མ་ཟད། དྲ་རྒྱ་བཀོལ་སྤྱོད་པའི་རྒྱབ་ལྗོངས་སོགས་ཀྱི་གནས་ཚུལ་གསོག་འཇོག་བྱས་ཏེ་རྒྱ་གཞུང་ལ་སྤྲོད་དགོས་ཀྱི་ཡོད་སྐོར་གསུངས་འདུག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་ཉམས་ཞིབ་པ་  Maya Wang ལགས་ཀྱིས་རྒྱ་གཞུང་གིས་རྒྱལ་སྤྱིའི་དྲ་རྒྱའི་བརྒྱུད་ལམ་ཁག་གཅིག་བཀག་འགོག་གིས་དེ་ལྟ་བུའི་དྲ་རྒྱའི་བརྒྱུད་ལམ་ལོགས་སུ་གསར་བཟོ་བྱས་ཡོད་པ་དེ་ལྟར་ཡང། བརྒྱུད་ལམ་དེ་དག་ལའང་རྒྱ་ནག་གཞུང་ནས་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད་པ་གསུངས་པ་དང་འབྲེལ། ཕྱིའི་སྣང་ཚུལ་ནས་རྒྱ་ནག་གི་མང་ཚོགས་དཀྱུས་མ་ཚོར་དྲ་རྒྱ་བཀོལ་སྤྱོད་ཐད་རང་དབང་ཡོད་པ་ལྟར་མངོན་གསལ་བྱས་ཀྱང་དོན་དངོས་ལ་གནས་སྟངས་དེ་དང་ཐ་དད་ཡིན་པ་གསུངས་འདུག ཨ་རིའི་རང་དབང་ཁང་པས་ད་དུང་རྒྱ་གཞུང་གིས་འདི་ལོ་ཕྱི་ཟླ་ ༦ ནང་གཏན་འབེབས་བྱས་པའི་དྲ་རྒྱའི་བདེ་འཇགས་དང་འབྲེལ་བའི་ཁྲིམས་སྒྲིག་དེ་གཙོ་བོ་དྲ་རྒྱའི་བརྒྱུད་ལམ་ཁག་དང་སྤྱི་ཚོགས་འབྲེལ་མཐུད་ཀྱི་གླེང་སྟེགས་ཁག དེ་བཞིན་ཐད་གཏོང་བརྒྱུད་ལམ་ཁག་གི་ནང་དོན་ལ་དམ་དྲག་བྱེད་བཞིན་ཡོད་པ་དེ་ལྟར་ཡང། རྒྱ་གཞུང་གིས་འདས་ལོ་ནང་སྒྲིག་གཞི་གཞན་ཁག་གཅིག་ཀྱང་གཏན་འབེབས་བརྒྱུད་དྲ་རྒྱ་བཀོལ་སྤྱོད་པའི་རང་ཉིད་ཀྱི་དངོས་མིང་སྤྲོད་དགོས་པ་བཟོས་ཏེ་དྲ་རྒྱ་བརྒྱུད་ཕན་ཚུན་དབང་རང་དབང་ཐོག་བགྲོ་གླེང་བྱ་རྒྱུར་ཡང་དམ་དྲག་ཆེ་རུ་བཏང་ཡོད་སྐོར་གསུངས་འདུག ལྷག་དོན་སྙན་ཐོ་དེའི་ནང་རྒྱ་གཞུང་གིས་ལོ་འདིའི་ནང་རྒྱ་གཞུང་གི་དྲ་རྒྱ་བཀག་སྡོམ་ལ་གདོང་ལེན་ཐུབ་མཁན་གྱི་ vpn ཞེས་པའི་སྒེར་གྱི་དྲ་མཐུད་མཉེན་ཆས་ཡང་བཀག་སྡོམ་བྱས་ཡོད་པ་མངོན་གསལ་དང་འབྲེལ། བོད་དང་ཤིང་ཅང་ལྟ་བུ་ས་ཁུལ་སོགས་ཀྱི་ནང་མང་ཚོགས་ལ་དམིགས་བསལ་དམ་དྲག་བྱེད་བཞིན་པའི་ཐོག་མང་ཚོགས་ཀྱི་ཁ་པར་བརྒྱུད་དྲ་རྒྱ་བཀོལ་སྤྱོད་བྱེད་རྒྱུར་བཀག་སྡོམ་ཡང་ནས་ཡང་དུ་བྱེད་མུས་ཡིན་པར་སྐྱོན་བརྗོད་གནང་འདུག

རྒྱ་ནག་གི་བརྩེ་སྒྲུང་གཏམ་བརྒྱུད་ནང་བོད་ཀྱི་མཆོད་ཀོང་ཆང་ཕོར་དུ་བེད་སྤྱོད་བྱས་པར་སྐྱོན་བརྗོད།

རྒྱ་ནག་གི་བརྙན་འཕྲིན་ལེ་ཚན་ལས་དགོད་བྲོའི་བརྩེ་སྒྲུང་གཏམ་བརྒྱུད་ནང་བོད་པའི་ཆོས་ཕྱོགས་ཀྱི་ཡོ་བྱད་མཆོད་ཀོང་དེ་ཆང་ཕོར་དུ་བེད་སྤྱོད་བཏང་འདུག དེའང་རྒྱ་ནག་གི་ Love you a million years འམ་ཁྱེད་ལ་བརྩེ་སེམས་རྫོགས་མཐའ་མེད་ཅེས་པའི་དགོད་བྲོའི་བརྩེ་གདུང་གཏམ་བརྒྱུད་ནང་བོད་མི་ཚོའི་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ལས་མཆོད་མེ་འབུལ་བྱད་ཀྱི་མཆོད་ཀོང་དེ་ཆང་ཕོར་དུ་བེད་སྤྱོད་བྱས་སྟབས་བོད་མི་མང་པོས་གནད་དོན་དེའི་ཐོག་བློ་འཚབ་དང་བཅས་དྲ་རྒྱའི་ཁྲོད་དེར་སྐྱོན་བརྗོད་ཀྱི་མཆན་མང་དག་བཀོད་གནང་འདུག རི་མཐོ་ས་གཙང་དྲ་གནས་སྟེང་རྒྱ་ཡིག་ཐོག་བྲིས་པ་ཁག་གཅིག་ལས་དབྱིན་ཡིག་ཏུ་ཕབ་བསྒྱུར་གནང་བའི་ནང་གསལ་བར་གཞིགས་ན། བོད་མི་ཞིག་གིས་ཁྱེད་ཅག་ནས་ང་ཚོའི་ཆོས་དད་མ་ཤེས་ཀྱང་། བོད་མི་ཞིག་ཡིན་ཚེ་འཁྲབ་སྟོན་པ་ཚོའི་ལག་ཏུ་བཟུང་བ་དེ་ཆང་ཕོར་མིན་པར་བོད་ཀྱི་ཐུན་མིན་ཆོས་ཕྱོགས་ཀྱི་གནང་སྒོ་ལས་མཆོད་པའི་ཡོ་བྱད་དམ་མཆོད་མེ་འབུལ་ཡག་གི་མཆོད་ཀོང་ཞིག་ཡིན་པ་གསལ་པོ་ཤེས་རྟོགས་ཐུབ་ཀྱི་རེད་ཅེས་གསུངས་འདུག དེ་བཞིན་ཁོང་གིས་འཁྲབ་སྟོན་པ་ཚོས་མཆོད་ཀོང་ཆེ་འབྲིང་ཆུང་གསུམ་ཆང་འཐུང་ཆེད་དུ་སྤྱོད་པ་མ་ཟད། སྔར་མེད་གསར་གཏོད་བྱེད་ཁུལ་གྱིས་མི་རིགས་ཀྱི་དད་པར་ཚུལ་དང་མི་མཐུན་པ་བྱེད་པ་དེས་བོད་མི་ཚོའི་ཆོས་ལ་གུས་བརྩི་མེད་པའི་བྱ་སྤྱོད་སྤེལ་བ་ཞིག་མཚོན་གྱི་ཡོད་པ་གསུངས་འདུག ད་དུང་ཁོང་གིས་མཆོད་ཀོང་དེ་ནི་བོད་མི་ཚོ་འཆི་གསོན་གྱི་གནད་དོན་དང་འབྲེལ་བ་ཆེ་ཞིང་། ལོ་ངོ་སྟོང་ཕྲག་ལྷག་གྱི་ལོ་རྒྱུས་ལྡན་ཡོད་སྟབས་གཏམ་བརྒྱུད་དེའི་ནང་དེ་ལྟར་མི་སྤྱོད་པར་འབོད་སྐུལ་ནན་པོ་གནང་འདུག་པ་དང་ཆབས་ཅིག བོད་མི་ཚོའི་ངོས་ནས་གཏམ་བརྒྱུད་དེའི་ནང་ཚུལ་མིན་གྱི་བྱ་སྤྱོད་སྤེལ་བ་དེ་དག་ཁྱབ་སྤེལ་རྒྱ་གང་ཆེ་གནང་དགོས་པའི་རེ་སྐུལ་བསྐྱར་ནན་གནང་འདུག རྩ་བའི་རྒྱ་ནག་གི་དགོད་བྲོའི་བརྩེ་སྒྲུང་གཏམ་བརྒྱུད་དེ་འདི་ལོའི་ཟླ་ ༩ ཚེས་ ༢༨ ཉིན་དངོས་སུ་བསྟན་འདུག་པ་དང་། གཏམ་བརྒྱུད་དེ་ལ་ལེའུ་ ༥༥ ཡོད་པ་མ་ཟད་རྟོག་སྒྲུང་གང་ཞིག་ལ་དགོད་བྲོའི་ཁྱད་ཆོས་ལྡན་པའི་གློག་བརྙན་ཞིག་རེད་འདུག གཞི་རྩའི་དེ་སྔོན་དྲ་རྒྱ་ཁག་ཏུ་གནས་ཚུལ་ཐོན་པར་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ཁག་གཅིག་གིས་བོད་ཀྱི་རླུང་རྟ་དར་འཛུགས་གནང་པ་ལ་རྐང་རྫིས་དང་སངས་རྒྱས་ཀྱི་སྐུ་བརྙན་ཐོག་འཛེག་པ། དེ་བཞིན་བསིལ་ལྷན་ཐོག་སྐུ་བརྙན་བྲིས་པ་སོགས་ཀྱི་གནས་དོན་དུ་མ་བྱུང་རྐྱེན་བོད་མི་ཚོའི་སེམས་ལ་བཟོད་དཀའ་བའི་རྨ་ཁ་ཆེན་པོ་བཟོ་ཡོད་པ་རེད།

༸གོང་ས་མཆོག་གི་ཆིབས་བསྒྱུར་དྲོད་ཡལ་རྗེས་རྒྱ་ནག་ཕྱི་སྲིད་བློན་ཆེན་རྒྱ་གར་དུ་ཡོང་རྒྱུ་རེད་འདུག

འདི་ལོའི་ཕྱི་ཟླ་ ༤ ནང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་ཁུལ་དུ་ཆིབས་བསྒྱུར་མཛད་པར་རྒྱ་ནག་གཞུང་ནས་མི་འདོད་པའི་རྣམ་འགྱུར་ཆེད་བཏོན་དང་། རྒྱ་ནག་ཕྱི་སྲིད་བློན་ཆེན་ Wang Yi ཡིས་སྐབས་དེར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གཞུང་གིས་སྣེ་ཁྲིད་པའི་རྒྱ་དཀར་ནག་དང་ཨུ་རུ་སུ་བཅས་ཀྱི་ཕྱི་སྲིད་བློན་ཆེན་ཚོགས་འདུ་ལས་ཕྱིར་འཐེན་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད། འོན་ཀྱང་དེ་རིང་རྒྱ་གར་གྱི་ Indian Express གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ༸གོང་ས་མཆོག་ཨ་རུ་ནཱ་ཅལ་ཁུལ་དུ་ཆིབས་བསྒྱུར་མཛད་པའི་གནད་དོན་དེའི་དྲོད་ཡལ་རྗེས་རྒྱ་ནག་ཕྱི་སྲིད་བློན་ཆེན་ Wang Yi རིང་མིན་ཕྱི་ཟླ་ ༡༢ པའི་བདུན་ཕྲག་གཉིས་པའི་ནང་རྒྱ་གར་ཡོང་རྒྱུ་ཡིན་པ་འཁོད་འདུག ཁ་སང་ཚེས་ ༣ ཉིན་རིང་མིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གཞུང་གིས་སྣེ་ཁྲིད་པའི་རྒྱ་དཀར་ནག་དང་ཨུ་རུ་སུ་བཅས་ཀྱི་ཕྱི་སྲིད་བློན་ཆེན་ཚོགས་འདུ་དེ་གང་མགྱོགས་བསྐོང་ཚོགས་གནང་རྒྱུ་དང། ཚོགས་འདུ་དེའི་ཐོག་རྒྱ་ནག་ཕྱི་སྲིད་བློན་ Wang Yi ཡོང་རྒྱུའི་རྣམ་འགྱུར་སྟོན་འདུག་པ་མ་ཟད་རྒྱ་གར་གཞུང་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ Raveesh Kumar ལགས་ཀྱིས་བརྒྱུད་ལམ་ཐོག་ཏུ་ཚོགས་འདུའི་མཛད་རིམ་ཁག་ཀྱང་གང་མགྱོགས་ཡོངས་ཁྱས་གནང་རྒྱུ་ཡིན་པ་གསུངས་འདུག ཉེ་སྔོན་རྒྱ་ནག་ཕྱི་སྲིད་བློན་ཆེན་ Wang Yi རྒྱལ་ཁབ་གསུམ་གྱི་ཕྱི་སྲིད་བློན་ཆེན་ཚོགས་འདུར་མཉམ་ཞུགས་ཐུབ་ཕྱིར་རྒྱ་གར་གཞུང་གིས་ཚོགས་འདུ་དེ་རེ་ཞིག་འཕར་འགྱངས་གནང་ཡོད་ཀྱང། རྒྱ་གཞུང་གི་ངོས་ནས་ཚོགས་དེའི་ཐོག་ལ་མཉམ་ཞུགས་བྱེད་པར་ཁས་ལེན་གང་ཡང་མ་བྱེད་སྟབས་ རྒྱལ་ཁབ་གསུམ་པོའི་ཚོགས་འདུ་དེ་ཚོགས་ཐུབ་མེད་པ་རེད། ད་དུང་སྐབས་དེར་རྒྱ་གཞུང་གིས་༸གོང་ས་མཆོག་ཨ་རུ་ནཱ་ཅལ་ཁུལ་དུ་ཆིབས་བསྒྱུར་མཛད་པའི་ཐད་ལ་སྐྱོན་བརྗོད་མང་དག་བྱས་ཡོད་ཀྱང། རྒྱ་གར་གཞུང་གི་ངོས་ནས་༸གོང་ས་མཆོག་ཨ་རུ་ནཱ་ཅལ་ཁུལ་དུ་ཆིབས་བསྒྱུར་མཛད་པ་དེ་ནི་ཆོས་ཕྱོགས་ཁོ་ནའི་མཛད་འཕྲིན་བསྐྱང་ཕྱིར་ཆེད་ཕེབས་གནང་པ་ཞིག་ལས་དེ་མིན་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་པ་དང་། ལྷག་དོན་མགོན་པོ་༸གང་ཉིད་མཆོག་རྒྱ་གར་གྱི་སྐུ་མགྲོན་ཞིག་ཡིན་པས་རྒྱ་གར་གྱི་ས་ཁུལ་གང་དུ་ཕེབས་ཀྱང་མགོན་པོ་༸གང་ཉིད་མཆོག་གི་ཐུགས་འདོད་ལྟར་རང་དབང་ཡོད་ཅེས་ལན་འདེབས་ནན་པོ་གནང་ཡོད་པ་རེད། རྩ་བའི་རྒྱ་ནག་ཕྱི་སྲིད་བློན་ཆེན་ Wang Yi རྒྱ་གར་དུ་གཞུང་འབྲེལ་སྐོར་བསྐྱོད་ཡོང་བ་དེ་ནི་སྲིད་འཛིན་ཞི་ཅིང་ཕིང་གི་འགོ་ཁྲིད་ལས་ཡུན་གཉིས་པ་འགོ་འཛུགས་ནས་རྒྱ་གར་ཡོང་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང། བརྒྱུད་ལམ་ཁག་ཏུ་གནད་དོན་དབྱེ་ཞིབ་པ་ཚོས་རིང་མིན་རྒྱལ་ས་ལྡི་ལིར་འཚོགས་རྒྱུ་རྒྱ་དཀར་ནག་དང་ཨུ་རུ་སུ་རྒྱལ་ཁབ་གསུམ་པོའི་ཚོགས་འདུ་ཐོག་སྲིད་འཛིན་ཞི་ཅིང་ཕིང་གི་འགོ་ཁྲིད་ཀྱི་ལས་ཡུན་གཉིས་པའི་ནང་རྒྱ་དཀར་ནག་གཉིས་དབར་འབྲེལ་ལམ་ཡར་རྒྱས་གཏང་ཕྱིར་འབྲེལ་མོལ་འགོ་འཛུགས་དང་། ཞི་ཅིང་ཕིང་གིས་ཁོ་པའི་ལས་ཡུན་གཉིས་པའི་ནང་རྒྱ་གར་གྱི་སྲིད་བྱུས་འཛིན་ཕྱོགས་སོགས་ཀྱི་ཐད་ནས་གནད་ཆེ་ཞིག་ཆགས་ཡོད་པར་འགྲེལ་བརྗོད་ཀྱང་གནང་འདུག

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་བདུན་གསར་དུ་བསྐོ་གཞག་བྱས་འདུག

དེ་རིང་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཆབ་སྲིད་ལྷན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་མི་སྣ་བདུན་པོ་ཡོངས་བསྒྲགས་བྱས་པ་དང་སྦྲགས། ཞི་ཅིན་ཕིང་གིས་མ་འོངས་དབང་ཆ་སྲ་བརྟན་དུ་བཏང་ཡོད་པ་དང་། སྔར་སྲོལ་དང་མི་འདྲ་བར་སྲིད་འཛིན་གྱི་ལས་ཡུན་གཉིས་པའི་རྗེས་སུའང་དབང་ཆ་མུ་མཐུད་འཛིན་འདོད་ཡོད་པ་མངོན་གསལ་བྱས་ཡོད་སྐོར་གསུངས་འདུག རྒྱ་ནག་གི་རྒྱལ་ས་པི་ཅིང་དུ་རྟེན་གཞི་བྱས་པའི་རྒྱ་ནག་མི་དམངས་ཚོགས་ཁང་ཆེན་མོར་སྔ་དྲོ་ཆུ་ཚོད་ ༡༡ ཐོག་ཞི་ཅིང་ཕིང་གི་སྣེ་ཁྲིད་པའི་མ་འོངས་ལོ་ལྔའི་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་རྒྱུན་ལས་ཨུ་ཡོན་མི་སྣ་བདུན་པོ་རྣམས་ཡོངས་བསྒྲགས་གནང་བ་དང་སྦྲགས་ཏེ། ཞི་ཅིང་ཕིང་གི་གཞུང་འཛིན་ལས་ཡུན་གཉིས་པ་དངོས་སུ་འགོ་འཛུགས་བྱས་འདུག ད་ལན་རྒྱུན་ལས་འཐུས་མི་གསར་པའི་ཁོངས་སུ་ཞི་ཅིང་ཕིང་དང་ལི་ཁེ་ཆཱང་གཉིས་ཕུད་པའི་གཞན་འཐུས་མི་ཆ་ཚང་གསར་པ་ཡིན་པ་མ་ཟད། འཐུས་མི་དེ་དག་གི་ཁོངས་སུ་རིང་མིན་ཕྱི་ལོ་ ༢༠༢༢ ལོར་ཞི་ཅིང་ཕིང་གི་ལས་ཡུན་གཉིས་པ་ཚང་པའི་རྗེས་རྒྱ་ནག་གི་འགོ་ཁྲིད་གསར་པ་བྱེད་ཆོག་མཁན་མི་རབས་དྲུག་པའི་འགོ་ཁྲིད་སུ་གཅིག་ཀྱང་བཀོད་མེད་པ་ལྟར། རྒྱལ་སྤྱིའི་ཁྲོད་རྒྱ་ནག་དབྱེ་ཞིབ་པ་མང་དག་ཞིག་གིས་དེ་ནི་ཞི་ཅིང་ཕིང་གི་གཞུང་འཛིན་ལས་ཡུན་གཉིས་པ་རྫོགས་པའི་རྗེས་སུའང་དབང་ཆ་མུ་མཐུད་འཛིན་རྒྱུའི་ཐབས་བྱུས་ཤིག་ཡིན་པར་འགྲེལ་བརྗོད་བྱས་འདུག རྩ་བའི་ད་ལན་རྒྱ་ནག་གི་རྒྱུན་ལས་གསར་འདེམས་ཁོངས་སུ་མི་སྣ་སུ་སུ་ཡོང་མིན་ཐོག་ཡུན་རིང་ནས་ཚོད་དཔག་མང་དག་ཞིག་བྱེད་བཞིན་ཡོད་ཀྱང། རྒྱ་ནག་གི་ཆབ་སྲིད་འགྲོ་ལུགས་ཁྲོད་དེ་རིང་སྔ་དྲོ་ཚོུད་ ༡༡ ཐོག་རྒྱ་ནག་གི་རྒྱལ་ས་པི་ཅིང་དུ་རྟེན་གཞི་བྱས་པའི་རྒྱ་ནག་མི་དམངས་ཚོགས་ཁང་ཆེན་མོར་ཞི་ཅིང་ཕིང་གིས་སྣེ་ཁྲིད་དེ་རྒྱུན་ལས་གསར་པ་རྣམས་དངོས་སུ་མ་ཐོན་བར་དུ་མི་སུ་སླེབས་ཀྱི་ཡོད་མེད་རྩ་བ་ནས་ཤེས་ཐུབ་ཀྱི་མེད་པ་རེད་འདུག ནིའུ་ཡོག་ NewYork ནང་དུ་གནས་སྡོད་རྒྱ་ནག་ཉམས་ཞིབ་པ་ Jude Blanchette ལགས་ཀྱིས་དེ་རིང་ Guardian གསར་ཁང་ལ་འགྲེལ་བརྗོད་གནང་པར་རྒྱ་ནག་ཙམ་མ་ཟད་དུས་རབས་ ༢༡ པའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཁ་ཕྱོགས་བསྒྱུར་མཁན་ཡིན་ཟེར་བའི་རྒྱ་ནག་གཞུང་འཛིན་དེས་བྱང་ཀོ་རི་ཡའི་ཆབ་སྲིད་འགྲོ་ལུགས་བཞིན་གསང་རྒྱ་དེ་ལྟར་བྱེད་བཞིན་པ་དེ་ནི་ཧང་སང་དགོས་པའི་གནད་དོན་ཞིག་ཡིན་པ་རེད་ཅེས་གསུངས་པ་དང་ཆབས་ཅིག དེ་ནི་ངོས་ལེན་བྱ་ཐབས་མེད་པའི་གནད་དོན་ཞིག་རེད་ཅེས་ནན་བརྗོད་གནང་འདུག རྒྱ་ནག་གཞུང་གིས་ད་ལན་ཚོགས་ཆེན་ཐེངས་ ༡༩ པ་དེ་དྲ་རྒྱའི་ཐོག་ཐད་གཏོང་བྱེད་པ་སོགས་གུ་ཡངས་དང་ཕྱི་གསལ་ནང་གསལ་གྱི་རྣམ་པ་ཞིག་བསྟན་ཡོད་ཀྱང། ཞི་ཅིང་ཕིང་གིས་གཞུང་འཛིན་ལ་སྐྱོན་བརྗོད་བྱེད་མྱོང་མཁན་ BBC དང་ Guardian དེ་བཞིན་ NewYorkTimes སོགས་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་གྲས་ཁག་ཅིག་ལ་གསལ་བཤད་གང་ཡང་མེད་པར་ཚོགས་ཆེན་ཐོག་སླེབས་རྒྱུར་བཀག་སྡོམ་བྱས་ཡོད་པ་རེད། ཁ་སང་རྒྱ་ནག་དམར་ཤོག་ཚོགས་པའི་ཏང་གི་ཚོགས་ཆེན་ཐེངས་ ༡༩ པའི་ཉིན་མཐའ་མའི་ལས་རིམ་ཐོག་ཞི་ཅིང་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞེས་པ་དེ་དམར་ཤོག་ཚོགས་པའི་སྒྲིག་གཞིའི་ཁོངས་སུ་བཞག་པ་དེས་ཁོ་པ་དེ་སྔོན་རྒྱ་ནག་གི་འགོ་ཁྲིད་གྲགས་ཆེ་མའོ་རྩེ་ཏུང་དང་ཏིང་ཞའོ་ཕིང་གཉིས་དང་མཉམ་པའི་གནས་བབ་ཐོབ་པ་དང་སྦྲགས། རང་ཉིད་ཀྱི་དབང་ཆ་སྲ་བརྟན་བཟོ་བ་མ་ཟད། དམར་ཤོག་ཚོགས་པ་དེ་རྒྱ་ནག་རྒྱལ་ཁབ་ཀྱི་བདེ་དོན་གཉེར་མཁན་གཙོ་བོ་ཞིག་ཏུ་ངོས་འཛིན་ཐོབ་ཡོད་པ་རེད། དཔྱད་བརྗོད་པ་ཁག་ཅིག་གིས་ཞི་ཅིང་ཕིང་གི་འདོད་པ་ལྟར་བཟང་ཕྱོགས་ཀྱི་འགྱུར་བ་རྣམས་ད་ལན་ལས་ཡུན་གཉིས་པའི་ནང་དུ་ལག་བསྟར་བྱེད་རྒྱུ་ཡིན་སྐོར་བཤད་ཡོད་ཀྱང། Jude Blanchette དང་ཨ་རིའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཨེ་ཤ་ཡ་ངེས་སྟོན་པ་ལྕམ་ Elizabeth Economy ལགས་ཀྱིས་གཙོས་པའི་རྒྱ་ནག་མཁས་པ་ཁག་ཅིག་གིས་ཞི་ཅིང་ཕིང་གི་འདས་པའི་ལོ་ལྔའི་གཞུང་འཛིན་བྱེད་སྐབས་ལ་གཞིགས་པའི་མ་འོངས་པར་གནས་སྟངས་ཇེ་སྡུག་ཏུ་འགྲོ་རྒྱུ་མ་གཏོགས་བཟང་ཕྱོགས་ཀྱི་རེ་བ་མེད་པར་འགྲེལ་བརྗོད་གནང་མཁན་འདུག

རྒྱ་གཞུང་གིས་ལྟ་སྲུང་ལས་གཞི་རྒྱ་སྐྱེད་གཏང་ཆེད་མང་ཚོགས་ཀྱི་སྒྲ་སྐད་གསོག་འཇོག་མཛོད་ཁང་གསར་རྒྱག་བྱེད་བཞིན་པ་མངོན་གསལ།

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཉེ་ཆར་ཕྱི་ཚེས་ ༢༢ ཉིན་རྒྱ་ནག་གཞུང་གི་ལྟ་སྲུང་ལས་གཞི་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག་པ་དང་། དེའི་ནང་ལ་གཙོ་བོ་རྒྱ་ནག་གཞུང་ནས་ལྟ་སྲུང་ལས་གཞི་རྒྱ་སྐྱེད་གཏང་ཆེད་ཕྱི་ལོ་ ༢༠༡༢ ལོ་ནས་བཟུང་དེང་དུས་ཀྱི་འཕྲུལ་ཆས་རིགས་སྤྱོད་པའི་བརྒྱུད Voice Biometric Database ཞེས་མང་ཚོགས་ཀྱི་སྒྲ་སྐད་གསོག་འཇོག་བྱེད་སའི་སྒྲ་མཛོད་ཁང་གསར་རྒྱག་བྱེད་བཞིན་པ་མངོན་གསལ་གནང་འདུག དེ་ཡང་རྒྱ་ནག་གཞུང་ནས་ཁུལ་དེར་རྟེན་གཞི་བྱས་པའི་སྒྲའི་འཕྲུལ་ཆས་བཟོ་ལས་ཁང་ iFlytek ཞེས་པ་དང་འབྲེལ་བ་བྱེད་ཐོག་ཁ་པར་གཙོས་པའི་དེང་དུས་སྤྱི་ཚོགས་ཀྱི་འབྲེལ་མཐུད་སྐད་ཕྲིན་ Wechat སོགས་ཀྱི་ཐོག་གླེང་སློང་གནང་པའི་མང་ཚོགས་ཀྱི་སྒྲ་སྐད་རྣམས་བསྡུ་རུབ་བྱ་རྒྱུ་དང་། ལྷག་པར་དུ་རྒྱ་གཞུང་གི་དོགས་གཞི་དང་དམིགས་ཚད་ངེས་ཅན་ཡོད་པའི་གཞི་རིམ་མང་ཚོགས་རྣམས་ཀྱི་སྒྲ་སྐད་ཆེད་བསྡུ་སླད་སྒྲ་མཛོད་ཁང་གསར་རྒྱག་བྱེད་མུས་ཡིན་པ་དང་། དེང་དུས་འཕྲུལ་ཆས་ཀྱི་གོང་འཕེལ་དང་འབྲེལ་མུ་མཐུད་ཡར་རྒྱས་གཏོང་བཞིན་ཡོད་པ་བཀོད་འདུག ལྷག་པར་དུ་སྙན་ཐོ་དེའི་ནང་དུ་རྒྱ་ནག་གཞུང་ནས་མིའི་སྒྲ་སྐད་གསོག་འཇོག་བྱ་རྒྱུའི་འཕྲུལ་ཆས་རིགས་བེད་སྤྱོད་བྱེད་བཞིན་པ་དེ་ནི་དེ་སྔ་ནས་ཡོད་བཞིན་པའི་ལྟ་སྲུང་གི་ལས་གཞིའི་ཁྲོད་ལས་གཞི་གསར་ཤོས་ཤིག་ཡིན་ཀྱང་། རྒྱ་ནག་སྤྱི་བདེ་ལས་ཁུངས་ནས་ལས་གཞི་དེ་ཐོག་མར་ཕྱི་ལོ་ ༢༠༡༢ ལོར་འགོ་འཛུགས་བྱས་པ་ནས་བཟུང་ཕྱི་ལོ་ ༢༠༡༥ ནང་ཚུད་ལ་མང་ཚོགས་ཀྱི་སྒྲ་སྐད་མི་འདྲ་བ་སྟོང་ཕྲག་བདུན་ཅུ་ལྷག་གསོག་སྒྲུབ་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གཞུང་གི་ལས་གཞི་དེ་རྒྱ་ནག་ཁྱོན་ཡོངས་ཙམ་མིན་པར་ཚོར་བ་རྣོ་བའི་ཤིན་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་རྒྱ་སྐྱེད་བཏང་སྟེ། མང་ཚོགས་ཀྱི་སྒྲ་སྐད་བསྡུ་རུབ་བྱ་རྒྱུའི་འཕྲུལ་རིགས་ཆེད་འཛུགས་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་འདུག དེ་སྔོན་མང་ཚོགས་སྒེར་གྱི་གསང་བའི་གནས་ཚུལ་བསྡུ་རུབ་ཆེད་དུ་ DNA བརྟག་དཔྱད་ཡོ་བྱད་འཕྲུལ་རིགས་དང་། Lie Detection test ཞེས་འདྲི་རྩད་སོགས་བྱེད་བདེ་ཡོང་བར་འཕྲུལ་ཆས་གསར་རྒྱག་དང་རིམ་པས་རྒྱ་སྐྱེད་བཏང་སྟེ་རྒྱ་ནག་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་འགོག་ཐབས་སོགས་ལ་དམིགས་པ་ཡིན་ཞེས་འགྲེལ་བརྗོད་བྱས་ཡོད་པ་རེད། འོན་ཀྱང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་སྐུ་ Sophie Richardson ལགས་ཀྱིས་ད་ལྟའི་ཆར་རྒྱ་ནག་ནང་ལ་མང་ཚོགས་སྒེར་གྱི་གནས་ཚུལ་གསང་རྒྱུའི་རང་དབང་མེད་པ་དང་། ཁྲིམས་ཐོག་ནས་སྲུང་སྐྱོབ་གང་ཡང་མེད་པའི་དུས་སྐབས་འདིར་རྒྱ་ནག་གཞུང་ནས་མུ་མཐུད་རྒྱལ་ཁབ་ཀྱི་བདེ་འཇགས་སོགས་ལ་ཁ་གཡར་ཏེ། མང་ཚོགས་སྒེར་གྱི་གསང་བའི་གནས་ཚུལ་བསྡུ་རུབ་བྱེད་དེ་གསང་ལྟ་ལས་གཞི་རྒྱ་སྐྱེད་གཏོང་བཞིན་པ་དེ་ནི་སེམས་འཚབ་དང་ཚོར་བ་རྣོ་བའི་གནས་སྟངས་ཤིག་ཡིན་སྟབས་ལས་གཞི་དེ་ངེས་པར་དུ་མཚམས་འཇོག་བྱེད་དགོས་པ་གསུངས་འདུག གཞི་རྩའི་རྒྱ་ནག་གཞུང་ནས་རྒྱ་ནག་སྤྱི་དང་ཆབ་སྲིད་ཀྱི་ཚོར་བ་རྣོ་བའི་བོད་དང་ཤིན་ཅང་ས་ཁུལ་གྱི་མང་ཚོགས་རྣམས་ཀྱི་ལས་དོན་སྤྱི་ལ་ཚོད་འཛིན་དམ་དྲག་ཐུབ་ཐབས་སོགས་ལ་དམིགས་ཏེ། ས་གནས་མི་མང་རྣམས་ཕྱིར་བསྐྱོད་སོགས་བྱེད་སྐབས་རང་ཉིད་ཀྱི་མིང་དང་སྐྱེས་ལོ་སྐྱེས་ཚེས་ཙམ་མ་ཟད། རྫུབ་ཐེལ་དང་རིགས་རྒྱུད། དེ་བཞིན་ཁྲག་གི་དབྱེ་བ་གང་ཡིན་སོགས་ཚང་མ་ས་གནས་རྒྱ་གཞུང་ལས་ཁུངས་སུ་ཐོ་འགོད་བྱེད་དགོས་པའི་དམ་དྲག་ཅན་གྱི་ལམ་ལུགས་མང་དག་གསར་སྣོན་བྱེད་བཞིན་ཡོད་པ་དང་། དེང་དུས་ཀྱི་འཕྲུལ་ཆས་བརྒྱུད་ DNA ཞེས་མིའི་རིགས་རྒྱུད་བརྟག་དཔྱད་བྱེད་རྒྱུ་དང་། Voice Biometric Database ཞེས་མིའི་སྒྲ་སྐད་གསོག་སྒྲུབ་བྱེད་ཐོག་མང་ཚོགས་སྒེར་པ་ཚོའི་གསང་གནས་ཤེས་རྟོགས་ཡོང་ཐབས་སུ་ལྟ་སྲུང་གི་ལས་གཞི་རྒྱ་ཆེ་སྤེལ་བཞིན་ཡོད་པ་རེད།

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ ཐོག་བོད་མི་ ༣༣ ནས་མཉམ་ཞུགས།

རྒྱ་ནག་གི་རྒྱལ་ས་པི་ཅིང་དུ་རྟེན་གཞི་བྱས་པའི་རྒྱ་ནག་མི་མང་ཚོགས་ཁང་ཆེན་མོར་འཚོགས་བཞིན་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ ཐོག་ལ་བོད་མི་ ༣༣ ནས་མཉམ་ཞུགས་བྱས་འདུག ཁ་སང་ཚེས་ ༢༠ ཉིན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ནས་ཐེངས་འདིའི་རྒྱ་ནག་གི་ཚོགས་ཆེན་དང་འབྲེལ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ དང་བོད་མི་ཞེས་པའི་དཔྱད་རྩོམ་ཞིག་སྤེལ་འདུག དེའི་ནང་ཁོང་ནས་ཐེངས་འདིའི་རྒྱ་ནག་གི་ཚོགས་ཆེན་ཐོག་ལ་ཁྱོན་བོད་མི་ ༣༣ ནས་མཉམ་ཞུགས་བྱས་ཡོད་པ་དང་། དེ་དག་ཀྱང་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁུལ་ནས་བོད་མི་ ༡༧ དང་བོད་མཚོ་སྔོན་ཞིང་ཆེན་ནས་བོད་མི་ ༥ སི་ཁྲོན་ཞིང་ཆེན་ནས་ ༣  ཡུན་ནན་དང་ཀན་སུའུ་ཞིང་ཆེན་གཉིས་ནས་ ༡ རེ། རྒྱ་ནག་མི་དམངས་བཅིངས་གྲོལ་དམག་སྡེའི་ཁོངས་སུ་ཡོད་པའི་བོད་མི་ ༣ དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་ཁང་དང་ཤེས་ཡོན་གྱི་གཏི་གནས་ཁག་ཅིག་ནས་བོད་མི་ ༣ བཅས་ཡིན་པ་བཀོད་འདུག རྒྱ་ནག་གཞུང་ནས་ལྷན་ཚོགས་དེའི་ཐོག་བོད་མི་ཚོ་མཉམ་ཞུགས་བྱེད་བཅུག་པ་དང་། དེའང་རྐང་རྒྱ་ནག་གཞུང་ནས་བོད་ནང་ཡར་རྒྱས་དང་རང་དབང་སྤྲོད་ཀྱི་ཡོད་སྐོར་སོགས་ཕྱིར་བསྒྲགས་བྱེད་བཞིན་ཡོད་ཀྱང་། དོན་དངོས་ཐོག་ཚོགས་ཆེན་གྱི་དུས་ཡུན་དེའི་རིང་ལ་རྒྱ་ནག་གཞུང་ནས་བོད་རང་སྐྱོང་ལྗོངས་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་མི་ཆོག་པའི་དམ་དྲག་བྱས་ཡོད་པ་སོགས་ས་གནས་ཀྱི་གནས་སྟངས་ཆེས་བློ་འཚབ་ཅན་ཞིག་ཏུ་གྱུར་ཡོད་པ་གསུངས་འདུག དེ་དེ་བཞིན་ཁོང་གིས་བོད་མི་ཚོས་རྒྱ་གཞུང་གི་ཚོགས་ཆེན་ཐོག་མཉམ་ཞུགས་བྱས་པ་དེ་འོས་འཚམས་གང་འདྲ་འདུག་གམ་ཞེས་དྲི་བ་ཞིག་གི་བརྒྱུད། ད་ལྟའི་ཆར་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་ནང་བོད་མི་གཅིག་ཀྱང་མེད་པའི་ཁར། ཐེངས་འདིའི་ཚོགས་ཆེན་གྱི་མི་སྣ་གཙོ་གྲས་ ༤༢ ཁོངས་སུ་ཡང་བོད་མི་གཅིག་ཀྱང་མེད་པ་ཆེས་མངོན་གསལ་གྱིས་འགྲེལ་བརྗོད་གནང་འདུག གཞི་རྩའི་རྒྱ་ནག་གི་ཚོགས་ཆེན་ཐོག་བཅར་བའི་བོད་རིགས་དེ་དག་ཁྲོད་དུ་དགེ་རྒན་དང་སྨན་པ་ཁག་ཅིག་འདུག་ཀྱང་། མང་ཆེ་བ་ས་གནས་རྒྱ་གཞུང་ལས་ཁུངས་ཁག་གི་ལས་བྱེད་ཆགས་ཀྱི་ཡོད་པ་དང་། དེ་དག་ཁྲོད་ནས་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཀྱི་འགོ་གཙོ་ཆི་སྒྲ་ལ་དང་འགོ་གཙོ་གཞོན་པ་སྤེན་པ་བཀྲ་ཤིས་གཉིས་ནི། དེ་སྔ་ཕྱི་ལོ་ ༢༠༠༣ དང་ ༢༠༠༦ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་དང་ཐུག་འཕྲད་གནང་མྱོང་ཡོད་པ་རེད། རྩ་བའི་ཐེངས་འདིའི་རྒྱ་ནག་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཕྱི་ཚེས་ ༡༨ ནས་ ༢༤ བར་ཉིན་གྲངས་བདུན་རིང་ཚོགས་ཀྱི་ཡོད་པ་དང་། ལྷག་པར་དུ་ཚོགས་དུས་སྐབས་སུ་གཙོ་བོ་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་རྒྱུན་ལས་ཀྱི་འཐུས་མི་གསར་པ་འདེམས་ཐོན་བྱས་ཏེ་ཞི་ཅིང་ཕིང་གི་མ་འོངས་ལོ་ལྔའི་རྒྱ་ནག་རྒྱལ་ཁབ་ཀྱི་སྲིད་བྱུས་དང་མདུན་ལམ་གྱི་ཁ་ཕྱོགས་ཐག་གཅོད་བྱེད་ཀྱི་ཡོད་པ་རེད།

༸གོང་ས་མཆོག་གིས་སྐུ་ཞབས་ལིའུ་ཞའོ་པོའི་རླབས་ཆེན་གྱི་མཛད་རྗེས་ལ་བསྔགས་བརྗོད་ཀྱི་ཐུགས་སྨོན་མཛད་འདུག

ཁ་སང་ཕྱི་ཚེས་ ༡༩ ཉིན་ཨ་རིའི་རྒྱལ་སར་ཡོད་པའི་ National Cathedral འམ་ཡི་ཤུའི་ལྷ་ཁང་ཆེན་མོར་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ Liu Xiaobo ལགས་དམ་པ་དེ་ཉིད་ལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་འདུ་འཛོམས་ཤིག་ཚོགས་འདུག་པ་དང་། དུས་ཚིགས་དེ་དང་བསྟུན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་དེ་ཉིད་ལ་ཐུགས་སྨོན་བརྙན་ཐུང་ཞིག་བཀྲིན་བསྩལ་འདུག ཨ་རིའི་རླུང་འཕྲིན་ཁང་ནས་འདོན་སྤེལ་གནང་པའི་༸གོང་ས་མཆོག་གིས་བརྙན་ཐུང་དེའི་ནང་མགོན་པོ་མཆོག་གིས་རྗེས་དྲན་དུས་ཚིགས་ཐོག་ཕེབས་པའི་མང་ཚོགས་རྣམས་ལ་༸གང་ཉིད་མཆོག་ནོ་སྦེལ་ཞི་བདེའི་གཟེངས་བཞེས་མཁན་རྒན་གྲས་ཤིག་ཡིན་པའི་ཆ་ནས་སྐུ་ཞབས་ལིའུ་ཞའོ་པོའོ་ལགས་ལྟ་བུའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གཞོན་པ་ཚོ་ལ་ཐུགས་གསོ་དང་ཐུགས་སྨོན་མཛད་རྒྱུའི་འགན་ཡོད་པ་དགོངས་གནང་གི་ཡོད་ཅེས་དང་། ལྷག་པར་དུ་༸གང་ཉིད་མཆོག་ནས་དམ་པ་དེ་ཉིད་ཀྱི་མང་གཙོའི་ཐོག་དགོངས་པ་བཞེས་ཕྱོགས་དང་བཞེངས་ཕྱོགས་བརྟན་པོ་ཞེ་དྲག་ཡོད་པས་བསྔགས་བརྗོད་དང་ཆེ་བསྟོད་ཀྱང་མཛད་འདུག ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ Liu Xiaobo ལགས་ལ་དགའ་མོས་ཞུ་མཁན་ཚོས་ཁོང་ད་ལྟ་ང་ཚོ་དང་མཉམ་དུ་མེད་ནའང་། ཁོང་གི་རླབས་ཆེན་གྱི་མཛད་རྗེས་ཁག་ནམ་ཡང་བྲལ་གྱི་མ་རེད་ལ་ང་ཚོའི་ངོས་ནས་ཀྱང་ཁོང་གིས་དགོངས་བཞེས་དང་རླབས་ཆེན་གྱི་རེ་བ་ཁག་བསྒྲུབ་གལ་ཡིན་པར་ལམ་སྟོན་རྒྱ་ཆེ་བསྩལ་འདུག རྩ་བའི་སྐུ་ཞབས་ Liu Xiaobo ལགས་ལ་རྒྱ་ནག་གཞུང་ནས་བཙོན་ཁང་དུ་ལོ་ ༨ རིང་བཞག་རྗེས་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༦ ཉིན་ཁོང་སྨན་བཅོས་ཀྱི་ཐོབ་ཐང་འོག་གློད་བཀྲོལ་བཏང་ཡོད་ནའང་། ཕྱི་ཟླ་ ༧ ཚེས་ ༡༣ ཉིན་རྒྱ་ནག་གི་ Liaoning ཞིང་ཆེན་གྱི་ Shenyang གྲོང་ཁྱེར་ནང་མཆིན་པའི་འབྲས་ནད་སྨན་བཅོས་དྲག་སྐྱེད་མ་བྱུང་སྟབས་འདས་གྲོངས་སུ་གྱུར་ཡོད་པ་རེད། སྐུ་ཞབས་ལིའུ་ཞའོ་པོའོ་ལགས་དམ་པ་དེ་ཉིད་དགུང་ལོ་ ༦༢ ཐོག་དགོངས་པ་རྫོགས་ཡོད་ནའང་། ཁོང་གིས་འདས་པའི་ལོ་རྒྱུས་ནང་རྒྱ་ནག་ནང་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གཙོ་འགྱུར་དོན་གནད་མང་དག་ཐོག་གཞུང་ལ་གདོང་ལེན་གྱིས་ཕྱག་ལས་རྒྱ་ཆེ་བརྩམས་ཡོད་སྟབས། རྒྱ་ནག་གཞུང་གིས་དམ་པ་ཁོང་ཐེངས་བཞི་འཛིན་བཟུང་བྱས་ཡོད་པ་རེད། ཕྱི་ལོ་ ༢༠༠༩ ལོར་རྒྱ་ནག་གཞུང་ནས་དམ་པ་ཁོང་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ནག་ཉེས་འོག་ལོ་ངོ་ ༡༡ རིང་བཙོན་འཇུག་ཁྲིམ་ཐག་བཅད་ཡོད་པ་དང་། ནོ་སྦེལ་ཞི་བདེའི་ཚོགས་ཆུང་ནས་ཁོང་གིས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཐོག་རླབས་ཆེན་གྱི་མཛད་རྗེས་བཞག་ཁག་ལ་ཆེ་བསྟོད་ཀྱི་ངོས་འཛིན་ཞུས་ཐོག་ཕྱི་ལོ་ ༢༠༡༠ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་གནང་ཡོད་པ་རེད།

རྒྱ་ནག་ནས་རང་དབང་རྩོད་མཁན་ཁ་བྲལ་བ་ཚོར་གདོང་ལེན་ནན་པོ་བྱེད་རྒྱུ་ཡིན།

རྒྱ་ནག་གི་རྒྱལ་ས་པི་ཅིང་དུ་འཚོགས་བཞིན་པའི་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ ༡༩ པ་འགོ་འཛུགས་དང་འབྲེལ། ཞི་ཅིང་ཕིང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་དང་རྒྱ་ནག་གི་བདག་དབང་སྲུང་སྐྱོབ་བཅས་གཞི་རྩ་གཏན་པོ་བཟུང་ཐོག་ཐེ་ཝན་རང་དབང་ཁ་བྲལ་ལས་འགུལ་གཙོས་པའི་རྒྱ་ནག་རྒྱལ་ཁབ་ནས་ཁ་བྲལ་རྩོད་མཁན་གྱི་ཚོགས་པ་གང་འདྲ་ཞིག་ཡིན་རུང་རྒྱ་གཞུང་གིས་གདོང་ལེན་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་ཉན་བརྡ་བཏང་འདུག རྩ་བའི་དེ་རིང་ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་སྔ་དྲོ་ཚོུད་ ༩།༠༠ ཐོག་རྒྱ་ནག་གི་རྒྱལ་ས་པི་ཅིང་དུ་ཡོད་པའི་མི་དམངས་ཚོགས་ཁང་ཆེན་མོར་སྲིད་འཛིན་ཞི་ཅིང་ཕིང་གིས་སྣེ་ཁྲིད་འོག་ཏང་གི་འཐུས་མི་ ༢༠༠༠ ལྷག་འདུ་འཛོམས་ཐོག་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ ༡༩ པ་དེ་བསྐོང་ཚོགས་བྱས་ཡོད་པ་རེད། ཚོགས་ཆེན་དེ་ནི་ལོ་ལྔ་རེའི་མཚམས་སུ་ཐེངས་རེ་ཚོགས་ཀྱི་ཡོད་པ་མ་ཟད། ཚོགས་ཆེན་དེའི་ཐོག་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་རྒྱུན་ལས་ཀྱི་འཐུས་མི་གསར་པ་འདེམས་ཐོན་བྱས་ཏེ་ཞི་ཅིང་ཕིང་གི་མ་འོངས་ལོ་ལྔའི་རྒྱ་ནག་རྒྱལ་ཁབ་ཀྱི་སྲིད་བྱུས་དང་མདུན་ལམ་གྱི་ཁ་ཕྱོགས་ཐག་གཅོད་བྱེད་ཀྱི་ཡོད་པས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་གལ་ཆེ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་རིང་སྔ་དྲོ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་ཚོགས་ཆེན་འགོ་འཛུགས་ཀྱི་གཏམ་བཤད་ནང་གཙོ་བོ་ད་ལྟའི་ཆར་རྒྱ་ནག་གཞུང་ཧོང་ཀོང་དང་མེ་ཀོའི་གཉིས་ནང་དུ་འཛིན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་འདི་ནི་རྒྱལ་ཁབ་དེ་གཉིས་ནང་མ་འོངས་ཡུན་རིང་པོ་ཡར་རྒྱས་གོང་འཕེལ་དང་ཞི་བདེ་ལྷིང་འཇགས་ཡོང་རྒྱུའི་སྲིད་བྱུས་ཡག་ཤོས་ཤིག་ཡིན་པར་འགྲེལ་བརྗོད་བྱས་འདུག ལྷག་པར་དུ་སྲིད་འཛིན་ཞི་ཅིང་ཕིང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་དང་རྒྱལ་ཁབ་ཀྱི་བདག་དབང་དེ་ཆིག་སྒྲིལ་སྲུང་སྐྱོབ་གཞི་རྩར་གཏན་པོ་བཟུང་ཐོག་ཐེ་ཝན་རང་དབང་ཁ་བྲལ་ལས་འགུལ་གཙོས་པའི་རྒྱ་ནག་རྒྱལ་ཁབ་ནས་ཁ་བྲལ་རྩོད་མཁན་གྱི་ཚོགས་པ་གང་འདྲ་ཞིག་ཡིན་རུང་རྒྱ་ནག་གཞུང་གི་ངོས་ནས་གདོང་ལེན་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་ཉན་བརྡ་བཏང་འདུག གཞི་རྩའི་ཐེངས་འདིའི་རྒྱ་ནག་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དེ་དེ་རིང་ཕྱི་ཚེས་ ༡༨ ནས་ ༢༤ བར་ཉིན་གྲངས་བདུན་རིང་ཚོགས་ཀྱི་ཡོད་ཅིང། རྒྱ་ནག་གཞུང་གིས་ཚོགས་ཆེན་མ་ཚོགས་པའི་ཟླ་བ་གཅིག་གི་སྔོན་ནས་ཚོགས་ཆེན་ཚོགས་ཡུལ་རྒྱལ་ས་པི་ཅིང་དུ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། ལྷག་པར་དུ་ཕྱི་ཚེས་ ༡༨ ནས་ ༢༨ བར་བོད་དེ་རྒྱལ་སྤྱིའི་ཐོག་སྒོ་རྒྱག་རྒྱུ་དང། ཕྱི་རྒྱལ་གྱི་ཡུལ་འཁོར་སྤྲོ་འཆམ་པ་རྣམས་ཕྱི་ཚེས་ ༡༧ གྱི་སྔོན་ཚུད་དུ་བོད་ནས་ཕྱིར་ལོག་བྱེད་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད། བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། ཚོགས་ཆེན་དེའི་ཐོག་ཧོང་ཀོང་ནང་གི་གསར་ཁང་ཁག་ཅིག་གི་གསར་འགོད་པ་ཚོགས་ཆེན་ཐོག་ཡོང་མི་ཆོག་པ་བཟོས་པ་དང། ཚོགས་ཆེན་གྱི་གནས་ཚུལ་ཁག་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ལ་གཞི་རྩར་བཟུང་ནས་སྤེལ་དགོས་པའི་རེ་འབོད་བྱས་སྐོར་གནས་ཚུལ་སོགས་བྱུང་འདུག་ལ།  IFJ ཞེས་པའི་རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ཀྱིས་རྒྱ་ནག་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐོག་རྒྱ་ནག་གཞུང་གིས་གསར་འགོད་པའི་ཐོག་འཛིན་པའི་སྲིད་བྱུས་དང་ཧོང་ཀོང་གི་རང་དབང་བརྒྱུད་ལམ་ཁག་གི་གསར་འགོད་པར་ལག་འཁྱེར་སྤྲད་མེད་པ་དེ་དང་ལེན་བྱེད་ཐབས་མེད་ཅེས་སྐྱོན་བརྗོད་ཀྱང་བྱས་འདུག  

Latest news