Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

རྒྱ་ནག་རྒྱལ་ཁབ་དེ་ཆོས་དད་རང་དབང་ཐོག་དམིགས་བསལ་དོ་སྣང་བྱ་དགོས་པར་མིང་བཏོན་བྱས་འདུག

  ཨ་མི་རི་ཀའི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་འདས་ལོའི་ནང་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་མི་རིགས་ཚོའི་ཐོག་མུ་མཐུད་ནས་དྲག་གནོན་སྲིད་བྱུས་ལག་བསྟར་གྱིས་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་རྡོག་རོལ་འཚབས་ཆེ་བཏང་ཡོད་པ་མ་ཟད། ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་སྲུང་སྐྱོབ་བྱེད་མཁན་ཁག་འཛིན་བཟུང་བཀག་ཉར་དང་བཙོན་བཅུག དེ་བཞིན་སྡུག་སྦྱོང་མནར་གཅོད་བཏང་བ་བཅས་ཐེར་བཏོན་བྱས་ཏེ་རྒྱ་ནག་དེ་ཆོས་རང་དབང་ཐོག་དམིགས་བསལ་དོ་སྣང་བྱ་དགོས་པའི་རྒྱལ་ཁབ་ཁོངས་སུ་མིང་བཏོན་བྱས་ཡོད་པ་རེད། དེ་ཡང་ཨ་མི་རི་ཀའི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་སམ་ United States Commission on International Religious Freedom ཡིས་སྔ་ལོ་ཕྱི་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༢ ནས་འགོ་བཙུགས་ཀྱིས་འདི་ལོའི་ཕྱི་ཟླ་ ༢ བར་ལོ་འཁོར་མོ་གཅིག་ནང་འཛམ་གླིང་རྒྱལ་ཁབ་སུམ་ཅུ་ལྷག་གི་ཆོས་དད་དབང་གི་གནས་སྟངས་ལ་ཞིབ་འཇུག་གྱིས་ལོ་འཁོར་སྙན་ཐོག་ཞིག་འདོན་སྤེལ་གནང་འདུག སྔ་ལོའི་ནང་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཁྲིམས་ཡིག་གམ་ International Religious Freedom Act འོག་འཛམ་གླིིང་ནང་ཆོས་དད་རང་དབང་ལ་རྡོལ་རོལ་འཚབས་ཆེ་བཏང་མཁན་དང་། དམིགས་བསལ་དོ་སྣང་བྱ་དགོས་པའི་རྒྱལ་ཁབ་བཅུ་མིང་འདོན་བྱས་འདུག་པའི་ཁོངས་སུ་རྒྱ་ནག་རྒྱལ་ཁབ་དེ་བཞིན་ཨང་གཉིས་པའི་ཁོངས་སུ་མིང་བཏོན་བྱས་འདུག ཨ་རི་གཞུང་ནས་ཆོས་དད་རང་དབང་ཐོག་ལ་དམིགས་བསལ་དོ་སྣང་བྱ་དགོས་པའི་རྒྱལ་ཁབ་བཅུའི་མིང་གསལ་བཏོན་གྱིས་ཕྱོགས་བསྡོམས་སྙན་ཐོ་ལས། རྒྱ་ནག་གི་སྡེ་ཚན་ཁོངས་སུ། ཡུ་གུར་དང་བོད། རྒྱ་ནག་ནང་གི་ཡི་ཤུའི་རྣམ་དག་ཆོས་ལུགས་སོགས་ཀྱི་ཆོས་དད་རང་དབང་གི་གནས་སྟངས་འགྲེལ་བརྗོད་གནང་འདུག་པ་དང་། དེའི་ནང་ནས་བོད་ནང་གི་བོད་མི་ཚོའི་ཆོས་དད་རང་དབང་གི་གནས་སྟངས་ལ་གཞིགས་ན། ༢༠༡༥ ལོར་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་གི་བྱེད་སྒོ་ཁག་ལ་དམ་དྲག་དང། དྲག་གནོན། དེ་བཞིན་དགོན་སྡེ་ཁག་ཏུ་དགེ་འདུན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་སློབ་གཉེར་ཐོག་ཐེ་བྱུས་དང་སྟངས་འཛིན་ནན་པོ་བྱེད་བཞིན་ཡོད་སྐོར་གསལ་བཏོན་བྱས་པ་མ་ཟད། རྒྱ་གཞུང་གིས་བོད་མིའི་དགོན་སྡེ་ཁག་ལའང་སྔོག་གཤེར་དང་དམར་ཤོག་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་ཡོད་པ་བཅས་འགྲེལ་བརྗོད་གནང་པ་དང་འབྲེལ། རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་གྱིས་ཕྱི་ལོ་ ༢༠༠༩ ལོར་ནས་ད་བར་བོད་ནང་གི་བོད་མི་ ༡༤༣ ནས་རང་ལུས་མེར་བསྲེགས་གནང་ཡོད་ཅེས་འགྲེལ་བརྗོད་ཤུགས་ཆེ་གནང་འདུག བོད་ནང་གི་བོད་མི་ཚོའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆོག་ལ་རྒྱ་ནག་གི་ཁ་བྲལ་དང་འཇིགས་སྐུལ་བའི་ཉེས་མིང་འོག་ལོ་ ༢༠ རིང་བཙོན་བཅུག་བྱས་པ་མ་ཟད། ལྷག་དོན་སྔ་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༧ ནང་བཙོན་ཁང་དུ་སྐུ་བཀྲོངས་ཡོད་པ་དང་། རྒྱ་གཞུང་གིས་དམ་པ་ཁོང་གི་འབྲེལ་ཡོད་ནང་མི་ཚོར་ཆོས་ཕྱོགས་དང་འབྲེལ་བའི་འདས་ཆོས་ཞུ་མ་བཅུག་པ་དང་། དེ་ལྟར་བྱ་རྒྱུའི་ཞུ་འབོད་གནང་མཁན་གྱི་འབྲེལ་ཡོད་གཅེན་མོ་དང་ཚ་བོ་བཅས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་འཁོད་འདུག བོད་མི་ཚོའི་ཆོས་དད་རང་དབང་དང་འབྲེལ་བའི་སྙན་ཐོའི་ནང་འཁོད་དོན། སྔ་ལོའི་ནང་༸གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པ་དང་། རྒྱ་ནག་གཞུང་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ ༥༠ འཁོར་བ། དེ་བཞིན་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉིན་མོ་མཆོག་དགུང་གྲངས་ ༢༦ ཕེབས་པ་བཅས་གལ་འགངས་ཆེ་བའི་དུས་ཚིགས་གསུམ་འགྲེལ་བརྗོད་བྱས་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་དགུང་གྲངས་ ༦ ནས་བཙན་ཁྲིད་ཀྱིས་ད་བར་ལོ་ ༢༠ ལྷག་གསང་བའི་ཐོག་བཀག་ཉར་བྱས་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་པའི་ཡང་སྲིད་ཐད་ཐེ་བྱུས་བྱེད་པ་དང་འབྲེལ། བདག་དབང་འདི་བཞིན་རྒྱ་ནག་གཞུང་ལ་ཡོད་ཅེས་བཤད་པ་ལས་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་ཐོག་དམ་དྲག་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པ་མངོན་གསལ་བྱས་འདུག རྒྱ་ནག་གཞུང་གིས་དེ་སྔ་རྒྱལ་ཁབ་ཀྱི་བདེ་སྲུང་ལ་ཁ་གཡར་ཏེ་བོད་མི་དང་ཡུ་གུར་གི་རང་དབང་འཐབ་རྩོད་ལ་གདོང་ལེན་ཆེད་འཇིགས་སྐུལ་རིང་ལུགས་ལ་གདོང་ལེན་བྱ་རྒྱུའི་ཁྲིམས་ཡིག་ཞེས་གཏན་འབེབས་ཀྱིས་ལག་བསྟར་བྱེད་འགོ་བཙུགས་པ་དེས་མང་ཚོགས་ནས་ཆོས་དད་རང་དབང་གི་རྩོད་ལེན་ཇི་འདྲ་གནང་རུང། འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་བ། དེ་བཞིན་ཆོས་ཕྱོགས་ལྟ་གྲུབ་མཁྲེགས་པོ་འཛིན་བཅས་ལ་ངོས་འཛིན་གྱིས་འགྲོ་བ་མིའི་ཐོབ་སྲུང་སྐྱོབ་བྱེད་མཁན་གྱི་ཁྲིམས་རྩོད་པ་ ༣༠༠ ལྷག་འཛིན་བཟུང་དང་བཀག་ཉར་བྱས་ཡོད་པ་ཡང་ཐེར་བཏོན་གནང་འདུག ལྷན་ཚོགས་དེས་ཨ་རི་གཞུང་ལ་འབོད་སྐུལ་གནང་དོན། ཨ་རི་གཞུང་གིས་རྒྱ་ནག་གི་འགོ་ཁྲིད་ཚོར་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་བཅས་ལ་རྒྱབ་སྐྱོར་དང་དེ་དག་ལ་དམིགས་བསལ་དོ་སྣང་བྱ་དགོས་པའི་ཤུགས་སྣོན་བསྐྱོན་དགོས་གལ་ཡིན་པའི་འབོད་སྐུལ་གནང་དགོས་པ་སོགས་འཁོད་འདུག

རྒྱ་ནག་འཛམ་གླིང་ནང་གསར་འགོད་པར་དམ་དྲག་ཤུགས་ཆེ་བྱེད་མཁན་གྱི་རྒྱལ་ཁབ་གྲས་སུ་འཐེར་བཏོན་བྱས་འདུག

ཧྥ་རན་སིར་རྟེན་གཞི་བྱས་པའི་རྒྱལ་མཚམས་མེད་པའི་གསར་འགོད་པ་ཚོགས་པས་ ༢༠༡༦ ལོའི་འཛམ་གླིང་གསར་འགོད་པའི་རང་དབང་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་པའི་ནང་བྱང་ཀོ་རི་ཡ་དང། Etirea སོགས་ཀྱི་ལྷན་དུ་རྒྱ་ནག་དེ་འཛམ་གླིང་ནང་གསར་འགོད་པར་དམ་དྲག་ཤུགས་ཆེ་བྱེད་མཁན་གྱི་རྒྱལ་ཁབ་གྲས་སུ་འཐེར་བཏོན་བྱས་འདུག དེ་ཡང་ཁ་སང་ཕྱི་ཚེས་ ༢༠ ཉིན་ཚོགས་པ་དེས་འཛམ་གླིང་རྒྱལ་ཁབ་ ༡༨༠ ནང་དུ་འདས་ལོའི་ནང་གསར་འགོད་པར་རང་དབང་ཇི་ཙམ་སྤྲད་ཀྱི་ཡོད་མེད་དང་འབྲེལ་བའི་དཔྱད་ཞིབ་གནང་པའི་དཀར་ཆག་སྙན་ཐོ་དེ་འདོན་སྤེལ་གནང་པའི་ནང་རྒྱ་ནག་དེ་གསར་འགོད་པའི་རང་དབང་གི་གནས་འབབ་ཐོག་གཤམ་འོག་ནས་རྩིས་པའི་ཨང་རིམ་ ༡༧༦ བཞག་འདུག རྩ་བའི་རྒྱལ་མཚམས་མེད་པའི་གསར་འགོད་པ་ཚོགས་པས་ཕྱི་ལོ་ ༢༠༠༢ ལོ་ནས་དབུ་འཛུགས་ཀྱིས་ལོ་ལྟར་འཛམ་གླིང་ནང་གསར་འགོད་པའི་རང་དབང་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་གནང་གི་ཡོད་པ་དང། དེའང་འཛམ་གླིང་རྒྱལ་ཁབ་དང་སྲིད་གཞུང་ཚང་མས་ཆ་འཇོག་བྱ་འོས་པའི་སྙན་ཐོ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་རེད།   སྙན་ཐོ་དེའི་རྒྱ་ནག་དང་འབྲེལ་བའི་སྡེ་ཚན་ནང། རྒྱ་ནག་དམར་ཤོག་ཚོགས་པའི་ངོས་ནས་འདས་ལོའི་ནང་གསར་འགོད་པར་ཚད་ལས་བརྒལ་བའི་དམ་དྲག་བྱས་པའི་ཁར། གསར་འགོད་པ་བཙན་བཟུང་བྱས་པ་དང་བཙན་དབང་གིས་རང་སྐྱོན་ངོས་ལེན་བྱེད་བཅུག་པ། དེ་བཞིན་གསར་འགོད་པ་དེ་དག་གི་ནང་མིར་རྡིག་ར་སྐུལ་བ་སོགས་ཀྱི་བྱ་སྤྱོད་ཀྱང་སྤེལ་ཡོད་སྐོར་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད།  

བོད་སྐད་རྒྱག་ན་སྒོར་༥༠༠ཉེས་ཆད་བཏང་རྒྱུའི་སྒྲིག་གཞི་བཟོས་འདུག

བོད་མདོ་སྨད་རྨ་ལྷོ་ཁུལ་རེབ་གོང་རྫོང་ནང་དུ་ཡོད་པའི་རྒྱ་མིའི་མགྲོན་ཁང་མིང་ལ་ཞང་ཡུལ་ཞེས་པའི་ནང་དུ་བོད་སྐད་རྒྱབ་པ་ཡིན་ན་སྒོར་མོ་༥༠༠ འི་ཉེས་ཆད་བཏང་རྒྱུ་སོགས་ཀྱི་སྒྲིག་གཞི་བཟོས་འདུག   རེབ་གོང་ནས་ཡིན་པ་བཞུགས་སྒར་དུ་བཅའ་བཞུགས་རྩོམ་པ་པོ་བློ་བཟང་ཆོས་འབྱོར་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་ཡག་ལ། ཞང་ཡུལ་ཞེས་པའི་མགྲོན་ཁང་དེ་ནས། ལས་བྱེད་པ་རྣམས་ལ་དོན་ཚན་ལྔ་ཅན་གྱི་སྒྲིག་གཞི་ཡིག་ཆ་ཞིག་འགྲེམས་སྤེལ་བྱེད་པ་མ་ཟད། སྒྲིག་གཞི་དེ་དག་ལ་བརྩི་སྲུང་མ་བྱེད་པ་ཡིན་ན། ལས་ཀ་ནས་ཕྱིར་ཕུད་གཏང་རྒྱུ་ཡིན་སྐོར་འཁོད་ཡོད་པ་རེད་འདུག   དེ་ཡང་སྒྲིག་གཞི་དོན་ཚན་དང་པོ་དེར་མགྲོན་ཁང་ནང་ལས་བྱེད་པ་སུ་ཞིག་གིས་བོད་སྐད་རྒྱབ་མི་ཆོག་པ་དང། གལ་ཏེ་དེ་ལྟར་བྱུང་ཚེ་སྒོར་ ༥༠༠ ཉེས་ཆད་བཏང་རྒྱུ་ཡིན་པ་གསལ་ཡོད་པ་རེད་འདུག རྩ་བའི་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་རང་སྐྱོང་ས་ཁུལ་དུ་རང་གི་སྐད་དང་ཡི་གེ་ལ་གཅེས་འཛིན་དང་བཀོལ་སྤྱོད་བྱེད་རྒྱུའི་ཐོབ་ཐང་ཡོད་པ་ཁ་གསལ་ཡོད་རུང། ད་རེས་རེབ་གོང་ཞང་ཡུལ་ཞེས་པའི་མགྲོན་ཁང་ནང་གི་གནས་ཚུལ་འདི་ནི་གཞུང་གི་ཁྲིམས་དང་འགལ་བ་ཞིག་ཆགས་ཡོད་སྟབས། གནད་དོན་འདིའི་རྐྱེན་པས་བོད་ཀྱི་ས་ཁུལ་གཞན་དུ་གླེང་སློང་ཤུགས་ཆེ་བྱུང་འདུག་པ་མ་ཟད། ད་ཆ་ས་གནས་སྲིད་གཞུང་ནས་ཟ་ཁང་དེ་སྒོ་རྒྱག་བཅུག་འདུག གནད་དོན་དེ་དང་འབྲེལ། བློ་བཟང་ཆོས་འབྱོར་ལགས་རང་ཉིད་ཀྱི་ངོས་ནས་ཀྱང་དེ་རིང་དྲ་རྒྱའི་བརྒྱུད་ལམ་ཐོག དོན་ཚན་གསུམ་ཅན་གྱི་འབོད་སྐུལ་ཞིག་དང་འབྲེལ། མགྲོན་ཁང་དེའི་སྦྱིན་བདག་དེ་བོད་པ་མིན་པ་གསལ་པོ་ཡིན་སྟབས། ཁོ་པར་དུས་ཡུན་ངེས་ཅན་ཞིག་གི་རིང་ལ་གྲངས་ཉུང་མི་རིགས་ཀྱི་ས་ཐོག་ཚོང་གཉེར་བྱེད་མི་ཆོག་པ་དང། ས་གནས་འགོ་ཁྲིད་ཚོའི་གནད་དོན་འདི་རིགས་མ་འོངས་པར་མི་ཡོང་བའི་འབད་བརྩོན་དགོས་པ་མ་ཟད། ལྷག་པར་དུ་ཕྱིན་ཆད་གནས་ཚུལ་འདིའི་རིགས་སྤེལ་མཁན་གྱི་ཟ་ཁང་དང་མགྲོན་ཁང་ནང་ནམ་ཡང་འགྲོ་རྒྱུ་མེད་པའི་འབོད་སྐུལ་ཡང་བྱེད་འདུག

རྒྱ་ནག་གཞུང་གིས་ཆེས་ཐོག་མའི་འཇིགས་སྐུལ་རིང་ལུགས་འགོག་རྒོལ་གྱི་ཁྲིམས་གཞི་གཏན་འབེབས་བྱས་འདུག

རྒྱ་གཞུང་གིས་རྒྱ་ནག་རྒྱལ་རབས་ནང་བྱུང་མྱོང་མེད་པའི་ཆེས་ཐོག་མའི་འཇིིགས་སྐུལ་རིང་ལུགས་འགོག་རྒོལ་བྱེད་རྒྱུའི་ཁྲིམས་གཞི་གསར་པ་གཏན་འབེབས་བྱས་འདུག དེ་ཡང་ཁ་སང་ཚེས་ ༢༧ ཉིན་མཇུག་སྒྲིལ་ཟིན་པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་བསྟུན། སྐབས་དེར་རྒྱ་ནག་གཞུང་གིས་རྒྱ་ནག་སྤྱི་དང་ལྷག་པར་དུ་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་བདེ་འཇགས་སོགས་དང་འབྲེལ། ཆེས་ཐོག་མའི་འཇིགས་སྐུལ་རིང་ལུགས་ལ་འགོག་རྒོལ་བྱེད་རྒྱུའི་ཁྲིམས་གཞི་གསར་པ་ཞིག་གཏན་འབེབས་བྱས་པ་མ་ཟད། རྒྱ་ནག་སྤྱི་ཚོགས་བདེ་འཇགས་ཀྱི་ལས་བྱེད་An Weixing ཡིས་འཇིགས་སྐུལ་བའི་བྱ་སྤྱོད་འོག་ད་བར་རྒྱ་ནག་མི་དམངས་ཀྱི་ཚེ་སྲོག་གཙོས་པའི་དཔལ་འབྱོར་དང་འཛུགས་བསྐྲུན་གྱི་ལས་གཞི། དེ་བཞིན་མི་རིགས་ཀྱི་མཐུན་སྒྲིལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སོགས་ལ་གྱོང་རྒུད་ཆེན་པོ་ཕོག་སྐོར་བརྗོད་འདུག ད་ལན་གཏན་འབེབས་ཟིན་པའི་འཇིགས་སྐུལ་རིང་ལུགས་འགོག་རྒོལ་གྱི་ཁྲིམས་གཞི་དེས་རྒྱ་ནག་གི་བདེ་འཇགས་སྲུང་སྐྱོབ་ཙམ་མིན་པར་རྒྱལ་སྤྱིའི་བདེ་ཐོག་འཇིགས་སྐུལ་རིང་ལུགས་འགོག་ཐབས་སུ་དགེ་མཚན་ཆེན་པོ་ཡོང་ངེས་རེད་ཅེས་བརྗོད་འདུག གཞི་རྩའི་ཁ་སང་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་འཇིགས་སྐུལ་རིང་ལུགས་འགོག་རྒོལ་གྱི་ཁྲིམས་གཞི་དེའི་ནང་། འཇིགས་སྐུལ་རིང་ལུགས་ཞེས་པ་དེ་ནི། ཆབ་སྲིད་དང་ལྟ་བ་སོགས་ཀྱི་དགོས་དམིགས་འོག་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་གཅིག་སྒྲིལ་ལ་དོ་ཕོིག དེ་བཞིན་གཞུང་ལ་ངོ་རྒོལ་བྱེད་པ་དང་མི་དམངས་དབར་འཁོན་འཛིན་བཟོ་གཞི་འགྱུར་བ་སོགས་ཀྱི་བྱ་སྤྱོད་གང་འདྲ་ཞིག་ཡིན་རུང་། འཇིགས་སྐུལ་རིང་ལུགས་པ་ཞིག་ལ་ངོས་འཛིན་བྱ་རྒྱུ་ཡིན་སྐོར་གསལ་འདུག་པ་དང་། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཚོས་ཁྲིམས་ལུགས་དེའི་ནང་རྒྱལ་ཚོགས་ཀྱིས་འཇིགས་སྐུལ་རིང་ལུགས་ཐོག་ལ་འཛིན་བཞིན་པའི་སྲིད་བྱུས་ཁག་གཙོས་པའི་རྒྱལ་སྤྱིའི་ཁྲིམས་ལུགས་ཁག་དང་མཐུན་པའི་ཚད་ལྡན་གྱི་ཁྲིམས་ལུགས་ཤིག་ཡིན་པར་འགྲེལ་བརྗོད་བྱས་འདུག Zhang Dejiang ནས་ཁྲིམས་གཞི་གསར་པ་གཏན་འབེབས་བྱས་པ་དེས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་ལས་དོན་ཐད་ལ་སྟངས་འཛིན་བྱེད་རྒྱུར་དགེ་མཚན་ཆེན་པོར་ཡོང་ངེས་ཡིན་པ་དང་། མ་འོངས་པར་འཇིགས་སྐུལ་བ་རྣམས་ལ་ཁྲིམས་ཐོག་ནས་ཉེས་ཆད་གཏོང་རྒྱུ་དང་གནས་ཚུལ་མཁོ་བསྒྲུབ་བྱེད་རྒྱུ་སོགས་ལ་དགེ་མཚན་ཆེན་པོ་ཡོད་སྐོར་བརྗོད་པ་མ་ཟད། ཁྲིམས་ལུགས་དེའི་ནང་རྒྱལ་སྤྱིའི་གཞུང་དང་ཚོགས་པ་ཁག་ནས་སེམས་འཚབ་བྱེད་བཞིན་ཡོད་པ་དྲ་རྒྱའི་གནད་དོན་དང་གསང་བའི་སྙན་ཐོ་རྐུ་འཁྱེར་བྱེད་རྒྱུ་སོགས་ཀྱི་ཐོག་ལའང་དམ་དྲག་བྱེད་ཀྱི་ཡོད་པར་འགྲེལ་བརྗོད་བྱས་འདུག རྩ་བའི་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་འཇིགས་སྐུལ་རིང་ལུགས་འགོག་རྒོག་གི་ཁྲིམས་གཞི་དེ་གཏན་འབེབས་མ་ཟིན་པའོ་གོང་ལ།  ཨ་རིའི་ཕྱི་སྲིད་ལས་ཁུངས་གཙོས་པའི་རྒྱལ་སྤྱིའི་ཚོགས་པ་ཁག་ཅིག་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་སྦྲགས། ཁྲིམས་ལུགས་དེས་འཇིགས་སྐུལ་བ་ལ་འགོག་རྒོལ་བྱ་རྒྱུ་ལས་ལྡོག་ཏེ། རྒྱ་ནག་མི་དམངས་གཙོས་པའི་ བོད་སོགས་གྲངས་ཉུང་མི་རིགས་རྣམས་ཀྱི་སྨྲ་བརྗོད་ཀྱི་རང་དབང་དང་འདུ་འཛོམས་ཀྱི་རང་དབང་། དེ་བཞིན་ཆོས་དད་ཀྱི་རང་དབང་དང་། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་ལ་དམ་དྲག་ཤུགས་ཆེར་བྱ་རྒྱུའི་ཐབས་བྱུས་ཤིག་ཡིན་སྐོར་གསུངས་པ་མ་ཟད། ཁྲིམས་གཞི་དེས་རྒྱ་ནག་ནང་དུ་རྟེན་གཞི་བྱས་པའི་ཨ་རིའི་བཟོ་གྲྭ་ཁག་གཙོས་པའི་རྒྱལ་སྤྱིའི་དངུལ་ཁང་དང་བཟོ་ལས་ཁང་། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སོགས་ཀྱི་ལས་དོན་ཐད་ལ་སྟངས་འཛིན་དང་ཐེས་བྱུས་རིགས་བྱ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་སྐོར་ཡང་གསུངས་ཡོད་པ་རེད།

རྒྱ་ནག་ནི་གསར་འགོད་པ་འཛིན་བཟུང་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་སྡུག་ཤོས་རང་འཇགས་ཡིན་པ་གསལ་བཏོན་གནང་འདུག

Committee to protect journalist འམ་རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པས་ཁ་སང་འདོན་སྤེལ་གནང་པའི་དམིགས་བསལ་སྙན་ཐོ་ཞིག་གི་ནང་། རྒྱ་ནག་ནི་གསར་འགོད་པ་འཛིན་བཟུང་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཨང་དང་པོ་རང་འཇགས་ཡིན་པ་གསལ་བཏོན་གནང་པའི་སྙན་ཐོ་སྙན་སྒྲོན་ཞུས་འདུག     དེ་ཡང་CPJ འི་དམིགས་བསལ་སྙན་ཐོ་དེ་ནི་ CPJ གསར་འགོད་པ་སྲུང་སྐྱོབ་ཚོགས་པའི་རྩོམ་སྒྲིག་འགན་འཛིན་ལྕམ་ Elana Beiser ལགས་ཀྱིས་སྤེལ་གནང་འདུག་པ་དང་། ཁོང་གིས་སྙན་ཐོ་འདིའི་ནང་རྐང་འཛམ་གླིང་ནང་གསར་འགོད་པ་འཛིན་བཟུང་གིས་བཙོན་འཇུག་བྱེད་པ་ཚོའི་གནས་སྟངས་ལ་ཡར་རྒྱས་སོང་མིན་དང་། ལྷག་པར་དུ་འཛིན་བཟུང་བཙོན་འཇུག་མང་ཤོས་བྱེད་མཁན་གྱི་རྒྱལ་ཁབ་གང་ཡིན་བཙལ་རྩོད་གནང་འདུག་པ་དེ་ལྟར་ཡང། ཁོང་གིས་སྙན་ཐོ་དེའི་ནང་སྤྱི་ཡོངས་ཀྱི་ཆ་ནས་འདས་པའི་ལོ་གསུམ་དང་ཁྱད་པར་དུ་ལོ་འདིའི་ནང་འཛམ་གླིང་ནང་གསར་འགོད་པ་བཙོན་འཇུག་བྱེད་མཁན་ཉུང་དུ་སོང་ཡོད་ཀྱང་། Turkey དང་ Egypt དེ་བཞིན་རྒྱ་ནག་སོགས་རྒྱལ་ཁབ་རེ་ཟུང་ནང་། འདི་ལོ་གཞུང་ནས་སྐྱོན་བརྗོད་རིགས་འབུར་འཛོམས་གཏང་ཆེད་གསར་འགོད་པ་འཛིན་བཟུང་བཙོན་འཇུག་སྔར་ལས་མང་དུ་སོང་ཡོད་པ་གསལ་བཏོན་གནང་འདུག གསར་འགོད་པ་སྲུང་སྐྱོབ་ཚོགས་པར་ར་སྤྲོད་གསལ་པོ་བྱུང་བར་ལོ་འདིའི་ནང་འཛམ་གླིང་ཁྱོན་ཡོངས་སུ་གསར་འགོད་པ་བཙོན་འཇུག་བྱེད་པ་གྲངས་ ༡༩༩ བྱུང་འདུག་པ་དང་། དེའི་ཁྲོད་རྒྱལ་ཁབ་ཆེས་སྡུག་ཤོས་གསུམ་པར་ Turkey ནང་གསར་འགོད་བཙོན་འཇུག་གི་གྲངས་ཀ ༡༤ ཡིན་པ་དེ་སྔ་ལོ་ལས་ཉིས་ལྡབས་ཆགས་ཡོད་པ་དང། གཉིས་པ་ Egyptནང་ ༡༢ ནས་ ༢༣ ནས་ལ་འཕར་བ་དང། ལྷག་པར་དུ་གསར་འགོད་པ་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ནི་རྒྱ་ནག་རང་འཇགས་ཡིན་པ་དེ་ཡང་བཙོན་འཇུག་གི་གྲངས་ཀ་དེ་ ༤༩ ཡིན་གསལ་བཏོན་གནང་འདུག   རྒྱ་ནག་ནང་གི་གསར་འགོད་པའི་གནས་སྟངས་དེའི་སྐོར་དང་འབྲེལ་གསར་འགོད་པ་སྲུང་སྐྱོབ་ཚོགས་པའི་རྩོམ་སྒྲིག་འགན་འཛིན་ལྕམ་ Elana Beiser ལགས་ཀྱིས་སྙན་ཐོ་ནང། སྲིད་འཛིན་ཞི་ཅིང་ཕིང་གིས་ལྐོག་ཟ་རུལ་སུང་ལ་གདོང་ལེན་དང་ངོ་རྒོལ་གྱི་བྱེད་སྒོ་སྤེལ་བཞིན་པ་དང། རྒྱ་ནག་གི་ཚོང་དང་དཔལ་འབྱོར་གྱི་གནས་བབ་སྲ་བརྟན་མེད་པར་ཉམ་རྒུད་དུ་འགྲོ་བཞིན་པའི་ཁྲོད། གཞུང་ནས་དཔལ་འབྱོར་གྱི་གནས་ཚུལ་ལ་ཚོར་བ་རྣོ་བར་ངོས་འཛིན་གྱིས་གསར་འགོད་པ་རྣམས་ནས་རྒྱ་ནག་གི་དཔལ་འབྱོར་གནས་བབ་སྐོར་ལ་གནས་ཚུལ་སྤེལ་རྒྱུར་དམ་དྲག་བཟོས་ཡོད་པ་དེ་ལྟར་ཡང་། འདི་ལོའི་ཕྱི་ཟླ་ ༨ པའི་ནང་རྒྱ་ནག་གཞུང་ནས་པེ་ཅིང་གི་ཚའི་ཅིང་དུས་དེབ་ཀྱི་གསར་འགོད་པ་ Wang Xiaolu ནས་མ་འོངས་རྒྱ་ནག་གི་ཚོང་འབྲེལ་དང་དེའི་ཉེན་སྲུང་སྐོར་གནས་ཚུལ་ལོག་པ་སྤེལ་ཡོད་པ་བརྗོད་ནས་གསར་འགོད་པ་རང་ཉིད་འཛིན་བཟུང་བྱེད་ཡོད་པའི་གནས་ཚུལ་ཞིག་ཀྱང་ལུང་འདྲེན་ཞུས་འདུག ད་ལན་གྱི་རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པའི་དམིགས་བསལ་སྙན་ཐོ་འདིའི་ཐོག་ནས་རྒྱ་ནག་དེ་བཞིན་འཛམ་གླིང་ནང་གསར་འགོད་པ་འཛིན་བཟུང་བཙོན་བྱེད་མཁན་རྒྱལ་ཁབ་ཆེས་སྡུག་ཤོས་དང་དེ་རྗེས་ Egypt དང་ Turkey སོགས་རྒྱལ་ཁབ་ ༢༨ ཡོད་སྐོར་གནས་ཚུལ་སྤེལ་ཡོད་པ་རེད།  དེ་དང་ཕྱོགས་མཚུངས་སུ་ Vietnam ནང་ལ་གཞིགས་ན། གསར་འགོད་པ་བཙོན་འཇུག་གི་གྲངས་ཁ་ཉུང་དུ་སོང་ཡོད་ནའང། བཙོན་གྲོལ་ཐོབ་མཁན་རྣམས་ལ་སུན་བཙེར་སྣ་ཚོགས་འོག རང་གི་རྒྱལ་ཁབ་ནང་སྡོད་ཐུབ་པར་ཕྱི་རྒྱལ་དུ་སྐྱབས་བཅོལ་མི་འགྲོ་དཀའ་མེད་ཀྱི་གནས་སྟངས་ཆགས་ཡོད་པའི་སྐོར་བཅས་གསུངས་ཡོད་འདུག

རྒྱལ་སྤྱིའི་གསར་འགོད་པ་ཁག་ཅིག་བོད་ནང་ལྟ་སྐོར་དུ་ཕེབས་འདུག

རྒྱལ་སྤྱིའི་གསར་འགོད་པ་ཁག་ཅིག་ནས་བོད་ཀྱི་རྒྱལ་ས་ལྷ་སར་ལྟ་སྐོར་དུ་ཕེབས་འདུག་པ་མ་ཟད། རྒྱ་ནག་གཞུང་གིས་ཁུལ་དེ་དག་ནང་ལག་བསྟར་བྱེད་བཞིན་པའི་གནས་ཚུལ་ཁག་ཅིག་སྤྱི་ཚོགས་དྲ་འདྲ་མིན་བརྒྱུད་གསལ་བཏོན་གནང་འདུག ལྕམ་ནེནྶི་པེ་ལོ་སི་མཆོག་གིས་དབུ་ཁྲིད་པའི་གྲོས་ཚོགས་འཐུས་མི་སྐོར་ཞིག་ཟླ་བ་འདིའི་ཕྱི་ཚེས་ ༥ ནས་དབུ་འཛུགས་ཀྱིས་ཚེས་ ༡༢ བར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་འདི་བཞིན་ཧོང་ཀོང་། ལྷག་པར་དུ་བོད་ཀྱི་རྒྱལ་ས་ལྷ་སར་གཞུང་འབྲེལ་འཚམས་གཟིགས་གྲུབ་མཚམས་འདིར་ཉེ་སྔོན་ཕྱི་ཚེས་ ༡༦ ཡས་མས་ཙམ་ལ་རྒྱལ་སྤྱའི་ཐོག་དར་ཁྱབ་ཆེ་བའི་ Bloomberg Businessweek  གསར་ཁང་གི་གསར་འགོད་པ་Dexter Roberts ལགས་དང་། Financial Times གསར་ཁང་གི་གསར་འགོད་པ་ Lucy Hornby ལགས་གཙོས་པའི་རྒྱལ་སྤྱའི་གསར་འགོད་པ་ཁག་ཅིག་ནས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་ཉེ་འཁོར་གྱི་ས་གནས་ཁག་གི་ནང་ལ་གཟིགས་སྐོར་དུ་ཕེབས་ཡོད་པ་རེད། སྐབས་དེར་ཁོང་རྣམ་པས་རྒྱལ་སྤྱིའི་ཐོག་དར་ཁྱབ་ཆེ་བའི་སྤྱི་ཚོགས་འབྲེལ་མཐུད་ཀྱི་འཕྲུལ་སྒྲ་Tweeter ཐོག་རྒྱ་ནག་གཞུང་ལ་ཟུར་ཟ་དང་སྦྲགས་ཏེ་རྒྱ་གཞུང་གིས་བོད་ནང་དམ་དྲག་དང་བསམ་བློའི་སློབ་གསོ་དྲིལ་བསྒྲགས་བྱེད་མུས་ཡིན་པ་སོགས་ཀྱི་གནད་དོན་ཁག་ཅིག་པར་རིས་དང་ལྷན་འདོན་སྤེལ་གནང་འདུག  དེ་ཡང་གསར་འགོད་པ་Dexter Roberts ལགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སའི་ཁྲོམ་ཞུང་དང་དེའི་ཉེ་འགྲམ་དུ་ཡོད་པའི་ལྷ་སའི་ཇོ་ཁང་གཡས་གཡོན་གྱི་པར་ལེན་ཏེ་ས་ཁུལ་དེ་དག་གི་ནང་ལ་རྒྱ་ནག་གཞུང་གིས་བསྔོགས་བཤེར་ཁང་མང་པོ་བཙུགས་ཏེ་མི་དམངས་རྣམས་ལ་མུ་མཐུད་དམ་དྲག་བྱེད་བཞིན་ཡོད་པའི་གནས་སྟངས་དང་། ཁྲོམ་གཞུང་གྱི་རྩིག་པ་ད ང་། ཁང་པའི་གྱང་སོགས་ཀྱི་སྟེང་ལ་ “གུང་ཁྲན་ཏང་ཡག སྤྱི་ཚོགས་རིང་ལུགས་ཡག རླབས་ཆེན་མེས་རྒྱལ་ཡག མི་དམངས་དམག་དཔུང་ཡག” སོགས་ཀྱི་སྦྱར་ཡིག་སྦྱར་པ་དང་། ས་གནས་མི་དམངས་རྣམས་ཀྱི་ཁང་པའི་ཐོག་རྒྱ་གཞུང་གི་རྒྱལ་དར་བསྒྲེང་འཛུགས་བྱས་བཅུག་པ་སོགས་མཚོན་རྒྱ་གཞུང་གིས་དུས་ད་ལྟའི་ཆར་ལའང་བོད་ནང་ཆབ་སྲིད་ཀྱི་སློབ་གསོ་མང་དག་ཞིག་སྤེལ་མུས་ཡིན་པའི་རྣམ་པ་རྒྱལ་སྤྱའི་ཐོག་གསལ་བཏོན་གནང་ཡོད་པ་རེད།  དེ་བཞིན་ Financial Times གསར་ཁང་གི་གསར་འགོད་པ་ Lucy Hornby ལགས་ཀྱིས་ཁོ་མོའི་འཕྲུལ་སྒྲ་   Tweeter  ཐོག་ས་གནས་རྒྱ་གཞུང་གི་ལས་བྱེད་ཚོས་གསར་འགོད་པ་རྣམས་ས་གནས་མི་མང་དཀྱུས་མ་རྣམས་དང་ཐུག་འཕྲད་བྱེད་བཅུག་པའི་རྣམ་པ་ཤུགས་ཆེ་སྟོན་ཡོད་ཀྱང་། རྒྱ་གཞུང་གི་ལས་བྱེད་དེ་དག་གིས་ཁུལ་དེའི་བོད་མི་ཚོའི་ནང་འཁྲིད་ཁུལ་ཙམ་ལས་དོན་དངོས་ཐོག་བོད་མི་དེ་རྣམས་ཁུལ་དེའི་ནང་ནས་ཕྱུག་གྲས་དང་དེ་སྔོན་ལས་བྱེད་བྱེད་མྱོང་ཡོད་པ་འབའ་ཞིག་ཡིན་པ་རེད་འདུག་ཅེས་གསལ་བཏོན་གནང་པ་མ་ཟད། ཁོང་ཚོ་སེ་ར་དགོན་པར་གཟིགས་སྐོར་དུ་ཕེབས་སྐབས། དགོན་པའི་པར་རིས་ཤིག་བླངས་ཏེ་དགོན་པ་མཛེས་སྡུག་ལྡན་པ་ཞིག་འདུག  འོན་ཀྱང་ངའི་ད་བར་བོད་ཀྱི་དགོན་པ་སྟོང་པ་འདི་འདྲ་ཞིག་ནམ་ཡང་མཐོང་མྱོང་མེད་ཅེས་གསུངས་འདུག ལྷག་དོན་དགོན་པའི་གཡས་གཡོན་དུ་མི་མིག་ཤེལ་ནག་པོ་གྱོན་ནས་ཟུར་བལྟ་བྱེད་བཞིན་པ་དེ་དག་ནི་རྒྱ་གཞུང་གི་གསང་བའི་ཐོག་སོ་པ་བཞག་ཡོད་པའི་ཚོད་དཔག་ཀྱང་གནང་འདུག  

ཞི་ཅིང་ཕིང་གིས་ཐའེ་ཝན་གྱི་སྲིད་འཛིན་ལྷན་སྡིངས་ཆ་གཅིག་གི་ཐོག་ཐུག་འཕྲད་ཐུབ་ཚེ་༸གོང་ས་མཆོག་གི་ལྷན་དུའང་མཇལ་འཕྲད་ཞུ་དགོས་ཀྱི་རེད་ཅེས་གསུངས་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་ཐའེ་ཝན་གྱི་སྲིད་འཛིན་Ma Ying-jeou ལྷན་དུ་སྡིངས་ཆ་གཅིག་གི་ཐོག་ཐུག་འཕྲད་དང་གྲོས་མོལ་ཞུས་ཐུབ་ཚེ། ༸གོས་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལྷན་དུའང་དེ་མཚུངས་མཇལ་འཕྲད་དང་བཀའ་མོལ་ཞུས་དགོས་པ་གསུངས་ཡོད་པ་རེད། དེ་ཡང་ཟླ་བ་འདིའི་ཕྱི་ཚེས་ ༧ ཉིན་ Singapore ནང་རྟེན་གཞི་བྱས་པའི་ Shangrila གསོལ་མགྲོན་ཁང་དུ་སྲིད་འཛིན་ཞི་ཅིང་ཕིང་དང་ཐའེ་ཝན་གྱི་སྲིད་འཛིན་Ma Ying-jeouགཉིས་ཐུག་འཕྲད་གནང་སྟེ། ལོ་ངོ་བརྒྱ་དང་དྲུག་བཅུ་རེ་དྲུག་ལྷག་གི་རིང་འབྲེལ་ལམ་ཐད་སྟོང་ཆ་ ལུས་པའི་ཡུལ་གཉིས་ཀྱི་འབྲེལ་ལམ་ལ་བསྐྱར་གསོ་ཐུབ་པའི་གནད་དོན་ལ་གཞིགས་ཏེ་ཁ་སང་ཕྱི་ཚེས་ ༡༢ ཉིན་རྒྱ་ནག་གི་ཆབ་སྲིད་དང་གཞུང་འཛིན་ཐད་ལ་ཉམས་ཞིབ་གནང་མཁན་དང་ཨ་རིའི་Cornell གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་སྐུ་ཞབས་ Allen Carlson ལགས་ཀྱིས་ཨ་རིའི་དེ་རིང་། ( USA Today) ཞེས་པའི་དྲ་རྒྱའི་ཐོག་དཔྱད་རྩོམ་ཞིག་སྤེལ་བའི་ནང་ཞི་ཅིང་གིས་དེ་སྔ་རྒྱ་ནག་གི་སྲིད་འཛིན་གོང་མ་རྣམས་ཀྱི་གནང་མྱོང་མེད་པའི་ཐའེ་ཝན་གྱི་སྲིད་འཛིན་Ma Ying-jeou ལྷན་དུ་སྡིངས་ཆ་གཅིག་གི་ཐོག་ཐུག་འཕྲད་དང་གྲོས་མོལ་གནང་ཞུས་ཐུབ་ཀྱི་ཡོད་ཚེ། སྤྱི་ནོར་༸གོས་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལྷན་དུའང་ཐུག་འཕྲད་ཞུས་ཏེ་བོད་ཀྱི་གནད་དོན་ཐད་ལ་བཀའ་མོལ་ངེས་པར་དུ་གནང་དགོས་པ་གསུངས་པ་མ་ཟད། ཁོང་གིས་མུ་མཐུད་གསུངས་པར་རྒྱ་ནག་གཞུང་གིས་ལོ་མང་སྔོན་ནས་བོད་ནང་གི་གནས་སྟངས་ལ་ཡར་རྒྱས་གཏོང་རྒྱུའི་འདོད་པ་ཤུགས་ཡོད་སྐོད་བརྗོད་བཞིན་ཡོད་ཀྱང། དོན་དངོས་ཐོག་རྒྱ་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐད་ཀར་བཀའ་མོལ་གནང་རྒྱུར་གཡོལ་ཐབས་བྱེད་བཞིན་ཡོད་པ་མ་ཟད། དེ་སྔ་བོད་དང་རྒྱ་ནག་གཉིས་ཀྱི་སྐུ་ཚབ་དབར་ལ་ཡོད་པའི་གྲོས་མོལ་དེ་དག་ཀྱང་མཚམས་ཆད་ཟིན་པ་དེས་རྒྱ་གཞུང་གིས་༸གོང་ས་མཆོག་གི་༸སྐུ་འཕྲེང་བརྗེ་བར་ངང་སྒུག་བྱེད་བཞིན་པའི་རྣམ་འགྱུར་མངོན་གསལ་རེད་ཅེས་སྐྱོན་བརྗོད་ཀྱང་གནང་ཡོད་པ་རེད་འདུག དེ་བས་ཀྱང་ཁོང་གི་དཔྱད་རྩོམ་དེའི་ནང་། ཞི་ཅིང་ཕིང་ནས་རྒྱ་ནག་འདི་བཞིན་འཛམ་བུ་གླིང་འདིའི་ཐོག་དབང་ཚད་ལྡན་པའི་རྒྱ་ནག་རྒྱལ་ཁབ་གསར་པ་ཞིག་བཟོ་འདོད་ཀྱི་འདུན་པ་ཡང་དག་ཞིག་མཆིས་ཚེ། རྒྱལ་སྤྱིའི་ཐོག་ང་ནི་ནང་པའི་དགེ་སློང་དཀྱུས་མ་ཞིག་ཡིན་ཅེས་འགྲེལ་བརྗོད་གནང་མཁན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐད་ཀར་མཇལ་འཕྲད་ཀྱིས་བཀའ་མོལ་གནང་དགོས་པའི་སྐུལ་མ་གནང་པ་དང་ཆབས་ཅིག ཅི་ཏེ་དེ་ལྟར་གནང་ཐུབ་ཚེ་བོད་རྒྱའི་དཀའ་རྙོག་འཕྲལ་དུ་བསལ་མ་ཐུབ་ཀྱང། བོད་རྒྱའི་དཀའ་རྙོག་བསལ་རྒྱུའི་གཞི་རྩ་ངོ་མ་དེ་འཛུགས་ཐུབ་ངེས་ཡིན་པ་མ་ཟད། ཡུལ་གཉིས་ཀྱི་དབར་ལ་ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ་རྙོག་གླེང་ཡོད་པའི་ཆབ་སྲིད་ཀྱི་ འབྲེལ་ལམ་ལ་བཟང་ཕྱོགས་ཀྱི་འགྱུར་ཞིག་ཡོང་ངེས་ཡིན་པ་གསུངས་འདུག ད་དུང་སྐུ་ཞབས་ Allen Carlson ལགས་ཀྱིས་ཞི་ཅིང་ཕིང་ལ་མཚོན་ན། ༸གོང་ས་མཆོག་གི་ལྷན་དུ་གྲོས་མོལ་གནང་རྒྱུའི་གོ་སྐབས་དང་དུས་ཚོད་འོས་ཤོས་ཤིག་ཡིན་པ་དང་། གལ་སྲིད་མ་འོངས་པར་མགོན་པོ་༸གང་ཉིད་མཆོག་སྐུ་ཚེ་མ་ཟིན་པའི་དུས་སྐབས་ཤིག་བྱུང་སྟེ་བོད་མི་ཡོངས་ཀྱི་དབུ་ཁྲིད་ཞིག་མེད་པའི་སྐབས་དེར་རྒྱ་ནག་གཞུང་གིས་ཐག་གཅོད་གང་འདྲ་ཞིག་བྱས་ཀྱང་བོད་མི་རྣམས་ཀྱི་བརྩི་འཇོག་མེད་པ་མ་ཟད། རྒྱ་ནག་འདི་བཞིན་རྒྱལ་སྤྱིའི་ཐོག་རྙོག་ཟིང་ཆེ་ཤོས་ཀྱི་རྒྱལ་ཁབ་ཞིག་ཏུ་འགྱུར་ངེས་ཡིན་པའི་ཉེན་བརྡ་བཏང་འདུག

ChenQuanguoཡིས་བོད་ཀྱི་འགོ་ཁྲིད་ཚོས་རང་ཚུགས་བརྟན་པོའི་ཐོག་ནས་ཁ་བྲལ་ལ་མཐའ་གཅིག་ཏུ་འགོག་རྒོལ་བྱེད་དགོས་ཚུལ་བརྗོད་འདུག

རྒྱ་ནག་གཞུང་གིས་ཟླ་བ་སྔོན་མའི་ནང་བོད་རང་སྐྱོང་ལྗོངས་ཟེར་བ་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་དུས་ཆེན་སྲུང་བརྩི་བྱེད་མ་ཐག་ཡིན་པའི་དུས་ཚམས་འདིར། རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ ChenQuangུuo ཡིས་བོད་ནང་གི་བརྟན་ལྷིང་སྲུང་སྐྱོབ་དང་འབྲེལ་བའི་དཔྱད་རྩོམ་ཞིག་སྤེལ་བའི་ཐོག་ནས། བོད་ཀྱི་གཞི་རིམ་འགོ་ཁྲིད་རྣམས་ཀྱིས་མཁར་རྫོང་ནང་བཞིན་རང་ཚུགས་བརྟན་པོའི་ཐོག་ནས་ཁ་བྲལ་ལ་མཐའ་གཅིག་ཏུ་འགོག་རྒོལ་བྱེད་དགོས་ཀྱི་ཡོད་སྐོར་བརྗོད་འདུག་པ་དང། བཙན་བྱོལ་ནང་གི་རྒྱ་ནག་ཉམས་ཞིབ་པས། དེ་ནི་རྒྱ་གཞུང་གི་བོད་ཐོག་དབང་གྱུར་བྱེད་དེ་ལོ་ ༦༠ ཙམ་ཕྱིན་ཟིན་པའི་སྐབས་སུ་ཡང་བོད་ནང་ད་དུང་བརྟན་ལྷིང་མེད་པ་དང་རྒྱ་གཞུང་གིས་བོད་མི་མང་གི་མངོན་འདོད་གྲུབ་ཐུབ་ཀྱི་མེད་པ་གསལ་པོ་རྟོགས་རྒྱུ་ཡོད་སྐོར་གསུངས་སོང། དེ་ཡང་དེ་རིང་ Peoples Daily ཞེས་རྒྱ་ནག་གི་མི་མང་ཉིན་རེའི་དྲ་ལམ་ཐོག་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ Chen Quanguo ཡི་བོད་ནང་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རིམ་འགྲོ་ལུགས་དང་ཡུན་རིང་བརྟན་ལྷིང་ཡོང་རྒྱུའི་ཞི་རྩ་ཞེས་པའི་བརྗོད་གཞིའི་ཐོག་དཔྱད་ཞིག་སྤེལ་འདུག་པ་དང། དེའི་ནང་ ChenQuanguo ཡིས་རྒྱལ་ཁབ་ནང་ཟིང་འཁྲུག་ཟེར་བ་ལས་ངན་ཚབས་ཆེ་བ་གཞན་གང་ཡང་མེད་པ་དང། རྒྱ་ནག་རྒྱལ་ཡོངས་སུ་བརྟན་ལྷིང་བསྐྲུན་ཐུབ་མིན་དེ་བཞིན་བོད་ནང་བདེ་འཇགས་བརྟན་ལྷིང་ཇི་ཙམ་བསྐྲུན་ཐུབ་མིན་ལ་ཐད་ཀར་འབྲེལ་བ་ཡོད་སྐོར་བརྗོད་པ་དང་འབྲེལ། དེའི་ཆེད་གཙོ་བོ་རྒྱལ་གཅེས་ལྷག་བསམ་ཅན་གྱི་རྒྱ་རིགས་དང་བོད་རིགས་འགོ་ཁྲིད་ནུས་པ་ལྡན་པ་མང་དག་ཞིག་གསོ་སྐྱོང་བྱེད་ནས་དེ་དག་བོད་ཀྱི་རྫོང་དང་གྲོང་སྡེ་ཡོངས་སུ་དཔུང་འཇོག་བྱེད་དགོས་པ་མ་ཟད། འཛུགས་བསྐྲུན་ཕེལ་རྒྱས་ལ་རམ་འདེགས་དང། ལྷག་པར་ཁ་བྲལ་གྱི་ལས་འགུལ་ལ་མཐའ་གཅིག་ཏུ་ཁ་གཏད་ལྕོག་དགོས་ཀྱི་རེད་ཅེས་བརྗོད་འདུག  ཁོང་གིས་ད་དུང་བོད་ནང་མཐར་ཐུག་གི་བདེ་འཇགས་ཟེར་བ་བསྐྲུན་ཆེད། དམར་ཤོག་ཚོགས་པའི་གཞི་རིམ་ཚོགས་མི་རྣམས་ནས་མང་ཚོགས་ཀྱི་བསམ་བློར་སྟངས་འཛིན་དང། གྲོང་གསེབ་ཡོངས་ཀྱི་ཁང་ཁྱིམ་རེ་རེ་བཞིན་ཚང་མའི་ནང་རླུང་འཕྲིན་དང་བརྙན་འཕྲིན་གྱི་མཐུན་རྐྱེན་སྦྱར་ནས། དྲ་རྒྱ་དང་གསར་འགྱུར་བརྒྱུད་ལམ་ཡོངས་ལ་དམ་དྲག་བྱེད་དགོས་ཀྱི་ཡོད་སྐོར་བརྗོད་འདུག  དེ་འབྲེལ་ཐོག་ལ་བཞུགས་སྒར་དུ་བཅའ་བཞུགས་བ་རྒྱ་ནག་ཉམས་ཞིབ་པ་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་རྒྱ་གཞུང་གིས་བོད་ནང་ལོ་ ༦༠ ལྷག་དབང་གྱུར་བྱས་པ་དང། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་དུས་མཚམས་འདིར་བོད་བརྟན་ལྷིང་མེད་པ་དེས་ད་བར་རྒྱ་གཞུང་གིས་བོད་མིའི་མངོན་འདོད་ལྟར་ཡོང་གི་མེད་པ་གསལ་པོ་རྟོགས་ཐུབ་སྐོར་གསུངས་པ་མ་ཟད། ད་དུང་ཁོང་གིས་སྔ་ལོ་རྒྱ་གཞུང་གིས་ལྐོག་ཟ་རུལ་སུངས་ལ་གདོང་ལེན་གྱི་ལས་འགུལ་སྤེལ་བའི་ཁྲོད། རྒྱ་གཞུང་གིས་རྒྱ་རོགས་ལས་བྱེད་ལས་བོད་རིགས་ལས་བྱེད་ཚོར་རྟོག་ཞིབ་ཤུགས་ཆེ་བྱེད་བཞིན་ཡོད་པ་སྙན་ཐོའི་ནང་གསལ་པོ་ཐོན་པ་དེས་བོད་རིགས་ལས་བྱེད་ཚོར་བློ་འཁེལ་བྱེད་ཀྱི་མེད་པ་གསལ་པོ་ཆགས་ཡོད་སྐོར་གསུངས་ཀྱི་འདུག

དབྱིན་ཡུལ་ནང་ཞི་ཅིང་ཕིང་ལ་ངོ་རྒོལ་སྐད་འབོད་དང་སྦྲགས་སྣེ་ལེན་བྱས་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དབྱིན་ཡུལ་ནང་གཞུང་འབྲེལ་ཕྱོགས་བསྐྱོད་དུ་འབྱོར་མ་ཐག་བོད་རིགས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་དག་ཞིག་གིས་ངོ་རྒོལ་སྐད་འབོད་གནང་པ་དང། ལྷན་ཅིག་དྲིལ་བསྒྲགས་ཀྱི་ཡིག་ཆ་སོགས་འགྲེམས་སྤེལ་བྱས་ཡོད་པ་རེད། ཁ་སང་ཟླ་ ༡༠ ཕྱི་ཚེས་ ༢༠ ཉིན་སྲིད་འཛིན་ཞི་ཅིང་ཕིང་དབྱིན་ཡུལ་ནང་ཉིན་གྲངས་བཞིའི་རིང་དབྱིན་ཡུལ་ནང་གཞུང་འབྲེལ་ཕྱོགས་བསྐྱོད་དུ་འབྱོར་ཡོད་པ་མ་ཟད། ཁུལ་དེའི་རྒྱལ་མོའི་ཕོ་བྲང་དང་གཞུང་འཛིན་ངོས་ནས་ཕེབས་བསུ་སྣེ་ལེན་གང་ལེགས་ཞུས་ཡོད་ཀྱང། ཁུལ་དེར་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ཐད་ལ་ཕྱག་ལས་བསྟུད་མར་གནང་མཁན་གྱི་ཚོགས་ཁག་ཅིག་གི་གོ་སྒྲིག་འོག་བོད་དང་ཡུ་གུར་མི་རིགས། དེ་བཞིན་རྒྱ་རིགས་མང་གཙོ་དོན་གཉེར་པ་དང་རང་དབང་འཐབ་རྩོད་པ་རྣམས་ཀྱིས་ཟུང་འབྲེལ་ཐོག་བོད་ལ་རང་དབང་དགོས།  འགྲོ་བ་མིའི་ཐོབ་ཐང་ལ་ཆ་འཛིན་བྱེད་དགོས་སོགས་ཀྱི་སྐད་འབོད་གནང་པ་དང་ཕྱག་ཏུ་ཕྲད་དར་བསྣམས་ཏེ་ཞི་ཅིང་ལ་ངོ་རྒོལ་སྐད་འབོད་ཤུགས་ཆེ་གནང་ཐོག་སྣེ་ལེན་བྱས་འདུག རྒྱལ་སྤྱའི་ཐོག་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་གྱི་མི་སྣ་བཅུ་གཉིས་ཀྱིས་མཚན་རྟགས་བཀོད་ནས་སྲིད་བློན་ David Cameron མཆོག་ལ་ཞུ་ཡིག་ཞིག་ཕུལ་པའི་ནང་འཁོད་དོན་ལ། སྲིད་བློན་མཆོག་གིས་ཞི་ཅིང་ཕིང་ལྷན་དུ་རྒྱ་གཞུང་གི་བཟང་བཙོན་འོག་ཡོད་པའི་བཙོན་པ་རྣམས་ཀྱི་གནས་སྟངས་སྐོར་ལ་ཕྱི་གསལ་ནང་གསལ་ཐོག་གླེང་སློང་གནང་དགོས་པ་མ་ཟད། རྒྱ་ནག་གཞུང་གིས་རྒྱལ་སྤྱའི་ཁྲིམས་སྒྲིག་ལ་བརྩི་སྲུང་གནང་ཐོག་ཁོང་རྣམས་གང་མྱུར་གློད་བཀྲོལ་བཏང་དགོས་པའི་འབོད་སྐུལ་ཞུས་འདུག ཞུ་སྙན་དེ་ཡང་རྒྱལ་སྤྱིའི་ཡུལ་གྲུ་ཁག་གི་བཟང་བཙོན་འོག་ཡོད་པའི་བཙོན་པ་རྣམས་ཀྱི་བདེ་སྡུག་ཐད་ལ་ཕྱག་ལས་གནང་མཁན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་Freedom Now ཞེས་པས་ཆེད་དམིགས་འདོན་སྤེལ་གནང་ཡོད་པ་དང། ཐེངས་འདིའི་ཞི་ཅིང་ཕིང་དབྱིན་ཡུལ་ནང་གཞུང་འབྲེལ་ཕྱོགས་བསྐྱོད་དང་བསྟུན། རྒྱ་ནག་གཞུང་གི་བཟང་བཙོན་འོག་ཡོད་པའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiabo དང་ཁོང་གི་བཟའ་ཟླ་གཉིས་པོ་འཕྲལ་དུ་གློད་བཀྲོལ་གནང་དགོས་སྐོར་འཁོད་ཡོད་པ་རེད།

Latest news