Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་གྲོས་ཚོགས་འཐུས་མིའི་བྱུས་སྟོན་ཚོགས་ཆུང་གསར་འཛུགས་གནང་བ།

ཁ་སང་རྒྱ་ནག་གཞུང་གིས་བོད་གཙོས་ཤར་ཏུར་ཀི་སི་ཐན། ལྷོ་སོག་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པར་བྱ་ར་གནང་ཕྱིར་ཉི་ཧོང་གྲོས་ཚོགས་འཐུས་མིའི་བྱུས་སྟོན་ཚོགས་ཆུང་ཞིག་གསར་འཛུགས་གནང་བ་དེ་དབུ་འབྱེད་གནང་འདུགཁ་སང་ཕྱི་ཚེས་ ༥ ཉིན་ཉི་ཧོང་གྲོས་ཚོགས་ཀྱི་ཚོགས་ཁང་དུ་བོད་དང་ཡུ་གུར། ལྷོ་སོག་གི་གནད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་ཉི་ཧོང་གྲོས་ཚོགས་འཐུས་མི་ཁག་གཅིག་ལྷན་འཛོམས་ཀྱིས་རྒྱ་གཞུང་གིས་བོད་ཀྱིས་གཙོས་པའི་ཤར་ཏུར་ཀི་སི་ཐན་དང་ལྷོ་སོག་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐད་བྱ་ར་གནང་ཕྱིར་ཉི་ཧོང་གྲོས་ཚོགས་འཐུས་མིའི་བྱུས་སྟོན་ཚོགས་ཆུང་གསར་འཛུགས་གནང་བ་དེ་གསལ་བསྒྲགས་གནང་ཡོད།ཚོགས་ཆུང་གི་ཚོགས་གཙོ་དང་དྲུང་ཆེར་ཉི་ཧོང་གི་གུ་ཡངས་མང་གཙོ་ཚོགས་པའི་འཐུས་མི་ Keiji Furuya ལགས་དང་ Hiromi Mitsuybayashi བསྐོ་གཞག་བྱུང་འདུག གྲོས་ཚོགས་འཐུས་མི་སྐུ་ཞབས་ Keiji Furuya ལགས་དང་དཔལ་འབྱོར་བདེ་འཇགས་ཀྱི་བློན་ཆེན་ལྕམ་སྐུ་ Sanae Takaichi མཆོག ཉི་ཧོང་གི་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་ལྕམ་ Yoshiko Sakurai ལགས་རྣམ་པས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ནས་མུ་མཐུད་ཁུ་སིམ་པོར་བཞུགས་པའི་རྐྱེན་གྱིས་རྒྱ་གཞུང་གི་བྱེད་སྟངས་ལ་ད་ཆ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པ་དང་ལྷག་པར་ད་ཆ་ང་ཚོས་རྒྱལ་སྤྱིའི་ཁྲིམས་སྒྲིག་སྲུང་སྐྱོབ་གནང་རྒྱུ་དང་རྒྱ་ནག་གི་བྱེད་ཕྱོགས་ལ་བཀའ་མོལ་གནང་བའི་དུས་ལ་སླེབས་ཡོད་ཅེས་གསུང་བཤད་གནང་ཡོད། དེ་བཞིན་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Shimomura Hakubun ལགས་ཀྱིས་བོད་ནང་རིག་གཞུང་རྩ་གཏོར་བྱེད་བཞིན་པའི་སྐོར་སོགས་གསུང་བཤད་གནང་ཡོད་འདུག་པར་མ་ཟད། དབུ་འབྱེད་ཐོག་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་གྲོས་ཚོགས་འཐུས་མི་རྣམ་པར་བྱུས་སྟོན་ཚོགས་ཆུང་གསར་འཛུགས་གནང་བར་ཐུགས་རྗེ་ཆེ་ཞུས་འདུགདེ་བཞིན་ཚོགས་འདུ་ཐོག་དམིགས་བསལ་གསུང་བཤད་པའི་ཁོངས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཟུར་བློ་བཟང་སེང་གེ་མཆོག་དང་རྒྱལ་སྤྱིའི་ཡུ་གུར་ཚོགས་པ་ World Uyghur Congress ཞེས་པའི་ཚོགས་གཙོ་ Dolkun Isa ལགས་མགྲོན་འབོད་གནང་འདུགགཞི་རྩའི་ཁ་སང་ཉི་ཧོང་གྲོས་ཚོགས་འཐུས་མིའི་བྱུས་སྟོན་ཚོགས་ཆུང་གསར་འཛུགས་གནང་བ་དེ་ཉིད་ཉི་ཧོང་གྲོས་ཚོགས་གོང་མར་མང་མོས་ཀྱི་འོས་བསྡུའི་ལམ་ནས་རྒྱ་ནག་གིས་བོད་གཙོས་ཤིན་ཅང་དང་ནང་སོག དེ་བཞིན་ཧོང་ཀོང་སོགས་ཀྱི་ནང་ཆོས་དད་རང་མོས་རྡོག་རོལ་དང་མང་ཚོགས་རྣམས་བཙན་གྱིས་བཀག་སྐྱིལ་བྱས་དང་བྱེད་བཞིན་པའི་གནད་དོན་དང་འབྲེལ་ཏེ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་པར་བློ་འཚབ་ཀྱི་རྣམ་པ་མངོན་གསལ་གནང་སྟེ་དེ་འབྲེལ་གྲོས་ཆོད་ཆེད་འཇོག་གནང་བ་དང་དུས་མཉམ་འཁེལ་ཡོད།

འཚེ་མེད་ཞི་བའི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་གནང་དགོས།

ཨོས་ཊོ་ལི་ཡ་ནས་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་སྐུ་ཞབས་ Drew pavlou ལགས་བཞུགས་སྒར་དུ་ཕེབས་པ་དང་བསྟུན། འདི་ག་རླུང་འཕྲིན་ཁང་ནས་ཁོང་ལ་བོད་དོན་དང་འབྲེལ་ནས་བཅར་འདྲི་འགའ་ཞུས་པར་བོད་མི་རྣམས་ནས་རྒྱ་ནག་གི་བཙན་གནོན་འོག་མི་སྤྱོད་ལས་འདས་པའི་དཀའ་སྡུག་མྱོང་བཞིན་ཡོད་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཡག་པོ་གནང་བཞིན་ཡོད་པ་འདིས་ཁོང་ལ་སེམས་འགུལ་ཧ་ཅང་ཐེབས་སོང་ཞེས་གསུངས་པ་དང་ཆབས་ཅིག་འཚེ་མེད་ཞི་བའི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་གནང་དགོས་གལ་ཡིན་པ་གསུངས་སོང་།སྐུ་ཞབས་ Drew pavlou ལགས་རང་ཉིད་ལས་འགུལ་བ་ཞིག་ཡིན་པ་དང་འབྲེལ། ཁོང་གིས་བཙན་བྱོལ་ནང་གི་བོད་དོན་ལས་འགུལ་བ་རྣམས་དང་མཇལ་མོལ་བྱུང་སྐབས་བོད་མིའི་སྙིང་སྟོབས་དང་རེ་བ་ཞུམ་པ་མེད་པར་གནས་ཡོད་པ་མཐོང་སྐབས་ཁོང་ཉིད་ལ་སེམས་འགུལ་དམིགས་བསལ་བ་ཞིག་ཐེབས་སོང་ཞེས་འགྲེལ་བརྗོད་དང་འབྲེལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་གནང་བའི་འཚེ་མེད་ཞི་བའི་ལྟ་གྲུབ་དང་། བྱམས་སྙིང་རྗེ་སོགས་ཡིད་ལ་བཅངས་ཏེ་ཤར་བསྐྱོད་གནང་དགོས་པར་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་རྣམས་སྲུང་སྐྱོབ་ཐོག་འཛམ་གླིང་ཐོག་དྲིལ་བསྒྲགས་གནང་དགོས་གལ་ཡིན་པ་སོགས་གསུངས་ཡོད།ཁོང་གིས་ད་ལྟའི་ཆར་རྒྱ་ནག་ནང་ངོ་རྒོལ་གྱི་གནད་དོན་དང་འབྲེལ་ནས་གསུངས་པར་ཏོག་དབྱིབས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་འོག་ནས་བྱུང་བ་ཙམ་མིན་པར་ལོ་ ༧༠ ལྷག་གི་རིང་ལ་རྒྱ་ནག་གཞུང་གིས་མི་མང་ལ་དམ་བསྒྲགས་དང་གཉའ་གནོན་བྱས་པའི་རྐྱེན་གྱིས་དེ་ལྟར་བྱུང་བ་ཞིག་ཡིན་སྐོར་གསུངས་པ་དང་འབྲེལ། རྒྱ་ནག་གཞུང་ནས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་འོག་ཐེམ་སྤང་བཀའ་རྒྱ་འདི་ཉིད་མི་མང་རྣམས་ཆབ་སྲིད་ཀྱི་གནད་དོན་དང་ལོགས་སུ་འཇོག་རྒྱུའི་ཐབས་བྱུས་ཤིག་ཡིན་པ་དང་། རྒྱ་གཞུང་ནས་དེ་འབྲེལ་སྲིད་བྱུས་འོག་ཐེམ་སྤང་བཀའ་རྒྱ་འཕྲལ་དུ་མཚམས་འཇོག་བྱེད་སྲིད་ཀྱང་། བོད་གཙོས་པའི་ཤིན་ཅང་དང་སོག་པོ། ཧོང་ཀོང་སོགས་ཀྱི་ནང་དུ་མནར་གཅོད་དང་། མི་གཅིག་དབང་བསྒྱུར་གྱི་རིང་ལུགས་ད་དུང་མུ་མཐུད་གནས་ཀྱི་རེད་ཅེས་འགྲེལ་བརྗོད་གནང་སོང་། རྩ་བའི་སྐུ་ཞབས་ Drew pavlou ལགས་བཞུགས་སྒར་དུ་ཆེད་ཕེབས་གནང་དགོས་དོན་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་ཆེད་ཡིན་པ་དང་སྦྲགས། ཁ་སང་ཕྱི་ཚེས་ ༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་དང་བཀའ་སློབ་སྩལ་བའི་ཁྲོད་མགོན་པོ་༸གང་ཉིད་མཆོག་གིས་འགྲོ་བ་མི་ཐམས་ཅད་ལ་དབྱེ་བ་མེད་པར་རྟག་ཏུ་སྙིང་རྗེ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་སོགས་བཀའ་སྩལ་མཛད་འདུག  

ཉི་ཧོང་གི་གྲོས་ཚོགས་གོང་མར་བོད་གཙོས་ཤིན་ཅང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་སེམས་འཚབ་ཀྱི་གྲོས་ཆོད་བཞག་པ།

དེ་རིང་ཉི་ཧོང་གི་གྲོས་ཚོགས་གོང་མར་མང་མོས་ཀྱི་འོས་བསྡུའི་ཐོག་རྒྱ་ནག་གིས་བོད་གཙོས་པའི་ཤིན་ཅང་དང་། ནང་སོག དེ་བཞིན་ཧོང་ཀོང་སོགས་ཀྱི་ནང་ཆོས་དད་རང་མོས་རྡོག་རོལ་དང་མང་ཚོགས་རྣམས་བཙན་གྱི་བཀག་སྐྱིལ་བྱེད་པའི་གནད་དོན་དང་འབྲེལ་ནས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད་པའི་བློ་འཚབ་ཀྱི་རྣམ་པ་མངོན་གསལ་དང་སྦྲགས། དེ་འབྲེལ་གྲོས་ཆོད་ཅིག་བཞག་འདུགཉི་ཧོང་གི་གྲོས་ཚོགས་གོང་མའི་ད་ལྟའི་གཞུང་འཛིན་གུ་ཡངས་མང་གཙོ་ཚོགས་པ་དང་། ཕྱོགས་འགལ་ཚོགས་པའི་ནང་ཉི་ཧོང་གི་ Constitutional མང་གཙོ་ཚོགས་པ་དང་། ཉི་ཧོང་ལེགས་བཅོས་ཚོགས་པ། དེ་བཞིན་ཉི་ཧོང་དམར་ཤོག་ཚོགས་པ་བཅས་མང་མོས་ཀྱི་ཐོག་ནས་རྒྱ་ནག་གིས་བོད་གཙོས་པའི་ཤིན་ཅང་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཛ་དྲག་བཟོས་ཡོད་པའི་སྐོར་གྲོས་ཆོད་ཅིག་བཞག་ཡོད་པ་དང་། གྲོས་ཆོད་དེ་ཉིད་བཞག་སྐབས་རྒྱ་ནག་ལ་ཐད་ཀར་སྐྱོན་འཛུགས་བྱས་མེད་ཀྱང་། གྲོས་ཆོད་དེའི་བརྒྱུད་ནས་ཉི་ཧོང་གི་གཞུང་ནས་རྒྱ་ནག་ལ་འགན་འཁུར་ལྡན་པ་ཞིག་བཟོས་དགོས་ཞེས་སྐུལ་མ་གནང་འདུག་པ་མ་ཟད། བོད་གཙོས་པའི་ཤིང་ཅང་དང་། ནང་སོག དེ་བཞིན་ཧོང་ཀོང་སོགས་ཀྱི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྒྱུས་ལོན་ཐུབ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་ལས་ཀྱི་ཐོག་ནས་ཐབས་ལམ་ཞིག་འཚོལ་བའི་བརྒྱུད་ཁུལ་དེ་དག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བྱ་ར་དང་། དེ་འབྲེལ་གནོད་འཚེ་ཕོག་མཁན་རྣམས་ཉེན་སྐྱོབ་དགོས་སྐོར་འཁོད་འདུགརྩ་བའི་ཉི་ཧོང་གི་གྲོས་ཚོགས་འོག་མའི་ནང་འདི་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༡ ཉིན་བོད་གཙོས་པའི་ཤིན་ཅང་སོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པའི་གྲོས་ཆོད་ཅིག་བཞག་པའི་རྗེས་གནད་དོན་དེར་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་བློ་འཚབ་ཀྱི་རྣམ་པ་མངོན་གསལ་གནང་ཡོད་པ་རེད།ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉི་ཧོང་གི་གྲོས་ཆོད་དེའི་ནང་བོད་གཙོས་པའི་ཤིན་ཅང་སོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་དང་འབྲེལ། ཉི་ཧོང་གི་གཞུང་ནས་ཀྱང་གནད་དོན་དེའི་ཐོག་དམ་གཟབ་གནང་དགོས་སྐོར་འཁོད་ཡོད། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་ནི་རྒྱལ་ནང་གི་གནད་དོན་ཙམ་མིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དཀའ་ངལ་ཞིག་ཆགས་ཀྱི་ཡོད་པར་དེར་ཉི་ཧོང་ནང་དོ་སྣང་གནང་དགོས་གལ་སོགས་འཁོད་ཡོད་སྐོར་དང་། ཁོང་གིས་ད་དུང་ཉི་ཧོང་གི་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་བོད་གཙོས་པའི་ཤིན་ཅང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་གྲོས་ཆོད་བཞག་པ་དེ་བོད་དོན་ལ་རྒྱལ་ཁ་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྐོར་འགྲེལ་བརྗོང་གནང་བྱུང་།

རྒྱ་གཞུང་གི་མི་རིགས་ལྡེབ་གསོད་ཀྱི་སྲིད་བྱུས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

ཡོ་རོབ་རྒྱལ་ཁབ་ཕ་རན་སི་དང་སུད་སི་ནང་གནས་འཁོད་བོད་མི་དང་ཡུ་གུར་བའི་མི་རིགས་གཙོས་རྒྱ་ནག་གི་དབང་བསྒྱུར་འོག་གནས་པའི་མི་མང་ཚོས་རྒྱ་ནག་དམར་ཤོག་གཞུང་གིས་སྤེལ་བཞིན་པའི་ཡུ་གུར་མི་རིགས་ལྡེབ་གསོད་ཀྱི་སྲིད་བྱུས་དང་བོད་རྒྱལ་ཁབ་དང་མི་རིགས་བཅས་པ་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་སྒོ་ནས་དབང་བསྒྱུར་བྱེད་བཞིན་པར་ཞི་བའི་གོམ་བགྲོད་དང་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད། འདས་པའི་གཟའ་མཇུག་ནང་ཕྱིའི་རང་དབང་ལུང་པར་གནས་པའི་བོད་མི་དང་ཡུ་གུར་བ། ཧོང་ཀོང་བ་དང་ནང་སོག་པ། དེ་བཞིན་རྒྱ་རིགས་མང་གཙོ་དོན་གཉེར་བ་བཅས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གིས་ཤར་ཏུ་ཀི་སི་ཐན་དང་བོད་ཁུལ་དུ་སྤེལ་བཞིན་པའི་མི་རིགས་ལྡེབ་གསོད་ཀྱི་སྲིད་བྱུས་དང། དེང་སྐབས་རྒྱ་ནག་ནང་འཕྲད་བཞིན་པའི་མི་མང་གི་ངོ་རྒོལ་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཞི་རྒོལ་ལས་འགུལ་འདྲ་མིན་སྤེལ་བའི་ཁྲོད་འདིར་ཁ་ཉིན་རེས་གཟའ་སྤེན་པའི་ཉིན་ཡོ་རོབ་རྒྱལ་ཁབ་སུད་སི་ནང་ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་དང་སུད་སི་ས་གནས་ཡུ་གུར་མཐུན་ཚོགས་གཉིས་ཀྱི་གོ་སྒྲིག་འོག་སུད་སི་གྲོང་ཁྱེར་ཛུ་རིག་ནང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད། ལས་འགུལ་ཐོག་མཉམ་ཞུགས་གནང་མཁན་ས་གནས་སུ་གནས་འཁོད་བོད་མི་དང་ཡུ་གུ་བའི་མི་རིགས་། དེ་བཞིན་ཐེ་ཝན་དང་རྒྱ་ནག་ཉམས་ཞིབ་པ་སོགས་ནས་རྒྱ་གཞུང་གིས་ཏོག་དབྱིབས་གཉན་རིམས་ཀླད་སྐོར་གྱི་སྲིད་བྱུས་ལ་ཁག་དཀྲི་བྱས་ནས་རྒྱ་ནག་གི་མངའ་འོག་ས་ཁུལ་ཁག་ཏུ་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་མང་ཚོགས་ཐོག་དྲག་གནོན་དང་གདུག་རྩུབ་ཀྱི་བྱ་སྤྱོད་སྤེལ་བཞིན་པར་ངོ་རྒོལ་སྐྱོན་བརྗོད་ཀྱི་གཏམ་བཤད་སྤེལ་བ་མ་ཚད་པར་བོད་དང་ཧོང་ཀོང། དེ་བཞིན་ཡུ་གུར་སོགས་ཀྱི་མང་ཚོགས་ལ་རང་དབང་དགོས་པའི་འབོད་སྒྲའི་འོག་ནས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད།ཡོ་རོབ་རྒྱལ་ཁབ་ཕ་རན་སི་རྒྱལ་ས་པེ་རིས་ནང་རྒྱ་ནག་དམར་ཤོག་གཞུང་གིས་ཡུ་གུར་མི་རིགས་ལྡེབ་གསོད་ཀྱི་སྲིད་བྱུས་དང་བོད་རྒྱལ་ཁབ་དང་མི་རིགས་བཅས་པ་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་སྒོ་ནས་དབང་བསྒྱུར་བྱེད་བཞིན་པར་ངོ་རྒོལ་གྱི་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་འདུག་ཅིང། ས་གནས་ཡུ་གུར་མང་ཚོགས་ཀྱིས་གོ་སྒྲིག་བྱས་པའི་མང་ཚོགས་བརྒྱ་ཕྲག་ལྷག་འདུ་འཛོམས་བྱུང་བའི་གོམ་བགྲོད་ཀྱི་ལས་འགུལ་ཐོག་ཡོ་རོབ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ས་གནས་སུ་གནས་འཁོད་བོད་ཚོས་བོད་ཀྱི་རྒྱལ་དར་འཕྱར་ཏེ་གོམ་བགྲོད་ལས་འགུལ་ནང་མཉམ་ཞུགས་གནང་བ་དང་འབྲེལ། རྒྱ་ནག་གི་མངའ་འོག་ཏུ་དྲག་གནོན་མྱོང་བཞིན་པའི་མི་རིགས་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་ད་བར་རྒྱ་གཞུང་གི་མངའ་འོག་ས་ཁུལ་དེ་དག་ནང་སྤེལ་བཞིན་པའི་ཁྲིམ་འགལ་གྱི་བྱ་སྤྱོད་དག་ལ་ངོ་རྒོལ་གནང་ཡོད།སྤྱིར་ཉིན་དེར་རྒྱ་གར་དང་ཨ་རི། དེ་བཞིན་ཨོ་སི་ཊི་ལི་ཡ། བྱང་ཨ་རི་སོགས་བོད་མི་ཚོས་རྒྱ་ནག་སྐམ་ས་ཆེན་མོ་ནང་སྤེལ་བའི་མང་ཚོགས་ཀྱི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱ་ནག་དམར་ཤོག་གཞུང་གིས་ཡུ་གུར་མི་རིགས་ལྡེབ་གསོད་ཀྱི་སྲིད་བྱུས་སོགས་ལ་རྣམ་པ་འདྲ་མིན་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུགནིའུ་ཡོག་དང་ནིའུ་འཇར་སིའི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་ཕྱི་ཚེས་ ༣ ཉིན་རྒྱ་ནག་གཞུང་ཚབ་ལས་ཁང་མདུན་དུ་བོད་མི་རྣམས་ཀྱིས་ཞི་ཅིན་ཕིང་ངེས་པར་དུ་མར་འབབ་དགོས་པ་དང་རྒྱ་ནག་དམར་ཤོག་ཚོགས་པ་སྒོ་རྒྱག་དགོས་ཞེས་པའི་འབོད་ཚིག་སྒྲོག་བཞིན་ཞི་རྒོལ་གྱི་ལས་འགུལ་སྤེལ་ཡོད།ཕྱི་ཚེས་ ༤ ཉིན་ནིའུ་ཡོག་གི་Washington square park ལ་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཧོང་ཀོང་དང་ཡུ་གུར། ཐེ་ཝན། དེ་བཞིན་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་ལྷན་མཉམ་སྦྲེལ་གྱིས་རྒྱ་ནག་སྐམ་ས་ཆེན་མོ་ནང་བྱུང་བའི་མང་ཚོགས་ཀྱི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད།ཨོ་གླིང་ནང་དུའང་ Australia Tibet Council ཞེས་ཨོ་སི་ཊོ་ལི་ཡ་བོད་དོན་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་ Dr. Zoe Bedford ལགས་དང་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས། དེ་བཞིན་ཨོ་སི་ཀྲོ་ལི་ཡའི་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་སྐལ་བཟང་ཚེ་རིང་ལགས་རྣམ་གསུམ་གྱིས་ཁེན་བྷེ་རར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་བོད་ཀྱི་རྒྱལ་དར་དང་ཤོག་བུ་དཀར་པོ་བསྣམས་ཏེ་ལས་འགུལ་སྤེལ་བ་དང་སྦྲགས། ཨོ་སི་ཀྲོ་ལི་ཡའི་གཞུང་ནས་རྒྱ་ནག་སྲིད་གཞུང་ལ་མང་ཚོགས་ཀྱི་ཞི་རྒོལ་གནང་བའི་ཐོབ་ཐང་ལ་གུས་བརྩི་ཞུ་དགོས་པའི་ཞུ་སྐུལ་གནང་དགོས་ཞེས་གསུངས་པ་དང་སྦྲགས། རྒྱ་ནག་རྒྱལ་ནང་དང་དེ་བཞིན་རྒྱ་ནག་གིས་དབང་བསྒྱུར་འོག་ཡོད་པའི་མི་མང་གི་སྲིད་གཞུང་ལ་ངོ་རྒོལ་གནང་བར་གདུང་སེམས་མཉམ་བསྐྱེད་མཚོན་པའི་ལས་འགུལ་སྤེལ་ཡོད།དེ་བཞིན་ Sydney Town དུའང་བོད་མི་དང་རྒྱ་རིགས། ཡུ་གུར་བ། ཧོང་ཀོང་བ་སོགས་འདུ་འཛོམས་ཀྱིས་རྒྱ་ནག་སྲིད་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།  

Tower Hamlets ནང་རྒྱ་ནག་གཞུང་ཚབ་ཁང་གནས་སྤོ་བྱ་རྒྱུར་ཁས་ལེན་གནང་མི་འདུག

དབྱིན་ཡུལ་རྒྱལ་ས་ལོན་ཌོན་ནང་གི་ Portland ས་ཚིགས་སུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་འདི་ཉིད་ Tower Hamlets ཁུལ་གྱི་ Royal Mint ཞེས་པའི་གྲགས་ཅན་ས་ཚིགས་སུ་གནས་སྤོ་བྱ་རྒྱུར་ཁས་ལེན་གནང་མི་འདུགདེ་ཡང་རྒྱ་ནག་གཞུང་གིས་ཡུན་རིང་ནས་དབྱིན་ཡུལ་རྒྱལ་ས་ལོན་ཌོན་ནང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་འདི་ཉིད་ Tower Hamlets གྲོང་སྡེ་ནང་གི་ Tower of London མདུན་གྱི་ Royal Mint ཞེས་པའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲགས་ཅན་ས་ཚིགས་སུ་གནས་སྤོ་བྱ་རྒྱུར་ཞུ་གཏུགས་བྱས་ཡོད་ཀྱང་། དེ་རིང་ Tower Hamlets གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་རྣམས་ནས་དེར་ཁ་གཏད་ཤུགས་ཆེ་དང་སྦྲགས་སྤྱི་མོས་སྒོ་ནས་ཁས་ལེན་གནང་མི་འདུག གནས་ཚུལ་ཐོན་ཁག་ལ་གཞིགས་ན། གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་དེ་ཉིད་ཁུལ་དེར་གནས་སྤོ་བྱས་ན་ས་གནས་མི་མང་གི་བདེ་འཇགས་དང་། ཡུལ་སྐོར་སྤྲོ་འཆམ་པའི་བསྟི་གནས་ལ་དོ་ཕོག་བྱུང་ཉེན་ཙམ་མ་ཟད། ཚོགས་འདུའི་སྐབས་མ་འོངས་པར་ཁུལ་དེར་ཞི་བའི་ཐོག་ནས་ངོ་རྒོལ་རིགས་བྱུང་ཚེ་དེར་སྟངས་འཛིན་གང་འདྲ་བྱ་རྒྱུ་ཡིན་པའི་གནད་དོན་སོགས་ལ་འདྲི་རྩད་བྱས་སྐབས་ལན་འདེབས་གསལ་པོ་བྱུང་མེད་པ་བཅས་ཀྱི་རྒྱུ་མཚན་དང་འབྲེལ། འོས་ཤོག་༧ དང་ ༠ དེ་བཞིན་བར་བཞུགས་ ༡ བཅས་སྤྱི་མོས་ཀྱི་ཐོག་ནས་རྒྱ་ནག་གཞུང་ཚབ་ཁང་དེ་ཉིད་ཁུལ་དེར་གནས་སྤོ་བྱ་རྒྱུ་ཁས་ལེན་མེད་པའི་གཏན་འབེབས་བྱས་འདུགརྩ་བའི་ཨིན་ཡུལ་ནང་གི་རྒྱ་ནག་གཞུང་ཚབ་ཀྱི་ངོས་ནས་ཕྱི་ལོ་ ༢༠༡༨ ལོར་ Tower Hamlets གྲོང་སྡེ་ནང་གི་Tower of London མདུན་གྱི་ Royal Mint ཞེས་པའི་ས་ཚིགས་དེ་ཉོས་ཏེ། ས་ཚིགས་དེར་ལས་བྱེད་ ༢༠༠ ལྷག་ལྡན་པའི་ཡུ་རོབ་ནང་གི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཆེ་ཤོས་དེ་རྒྱག་འཆར་ཡོད་པ་མངོན་གསལ་བྱས་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་ཤིན་ཅང་ནང་ཡུ་གུར་ཁ་ཆེའི་མང་ཚོགས་དང་། ཧོང་ཀོང་མང་ཚོགས་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་དང་དམ་དྲག་བྱེད་བཞིན་པའི་ཁྲོད། Tower Hamlets ས་ཁུལ་དུ་ཡུ་གུར་ཁ་ཆེ་དང་ཧོང་ཀོང་སོགས་ཕྱི་མི་ཕོན་ཆེར་གནས་སྡོད་བྱེད་ཀྱི་ཡོད་པ་མ་ཟད། དེ་སྔ་ལོ་རྒྱུས་ཁྲོད་ཨིན་ཡུལ་ནང་དུ་ནད་ཡམས་ཚབས་ཆེན་བྱུང་སྐབས། མི་གྲོངས་པ་རྣམས་ Royal Mint ས་འོག་ཏུ་དུར་སྦས་བྱས་ཡོད་པར་བརྟེན། ས་གནས་དེའི་ལོ་རྒྱུས་ཀྱི་གནད་འགག་དང་། ས་གནས་མང་ཚོགས་ཀྱི་སེམས་ཚོར་བཅས་ལ་གཞིགས་ཏེ། ས་གནས་དེར་རྒྱ་ནག་གཞུང་ཚབ་ལས་ཁུངས་གསར་འཛུགས་བྱེད་འཆར་ཐོག་དེ་སྔ་ནས་སེམས་འཚབ་བྱེད་མཁན་མང་དག་ཅིག་ཡོད་པ་མ་ཟད། ས་གནས་མང་ཚོགས་ནས་དེ་འབྲེལ་གྲོང་སྡེ་ལྷན་ཚོགས་ལ་ཞུ་སྙན་ ༥༠ ལྷག་ཙམ་ཕུལ་ཡོད་པ་རེད་འདུགགཞི་རྩའི་ཁ་སང་ BBC གསར་ཁང་གི་གནས་ཚུལ་སྤེལ་བར་གཞིགས་ན། དབྱིན་ཡུལ་ནང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ལས་འཆར་གྱི་སྙན་ཞུ་དེའི་ནང་། Royal Mint ཞེས་པའི་ས་ཚིགས་སུ་རྒྱ་ནག་གཞུང་ཚབ་ཁང་གནས་སྤོ་བྱེད་པའི་བརྒྱུད་ཁུལ་དེའི་ཁོར་ཡུག་སོགས་དང་འབྲེལ་ནས་བཟང་ཕྱོགས་ཀྱི་ཕན་ཐོགས་འབྱུང་རྒྱུ་ཙམ་མ་ཟད། ལས་ཀའི་གོ་སྐབས་ཡང་མང་པོ་འབྱུང་གི་ཡོད་ཚུལ་དང་། ལྷག་པར་དུ་ Tower of London ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཚུལ་སོགས་བཀོད་འདུག

རྒྱལ་ཚོགས་ལ་བོད་ནང་གི་བཅའ་སྡོད་སློབ་གྲྭར་རྟོག་ཞིབ་དགོས་པའི་ཞུ་སྐུལ།

CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་ཕྲུག་རྣམས་བཙན་གྱིས་རང་ཉིད་ཀྱི་ཕ་མ་དང་ཁ་བྲལ་བཏང་སྟེ་གཏན་འཇགས་སློབ་གྲྭར་བཅུག་གི་ཡོད་པ་དེ་འབྲེལ་ཐད་ངེས་པར་དུ་རྟོག་ཞིབ་གནང་དགོས་ཞེས་གསུངས་འདུགཁ་སང་ཕྱི་ཚེས་ ༣༠ ཉིན་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་གཙོ་འཛིན་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Jeff Merkley མཆོག་དང་ཚོགས་ཆུང་གི་གཙོ་འཛིན་གཞོན་པ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern རྣམ་གཉིས་ཀྱིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་ Volker Türk ལགས་ཀྱི་མཚན་ཐོག་ཏུ་ཕྱག་བྲིས་ཕུལ་བར་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་འདས་ལོར་བཅའ་སྡོད་སློབ་གྲྭའི་སྐོར་སྙན་ཐོ་འདོན་ཁག་ལུང་འདྲེན་གྱིས་བོད་ནང་ལོ་ན་ ༦ ནས་ ༡༨ དབར་གྱི་བོད་ཕྲུག་བརྒྱ་ཆ་ ༨༠ ཙམ་ཞིག་འཆར་གཞི་ལྡན་པའི་ཐོག་ནས་རང་ཉིད་ཀྱི་ཕ་མ་དང་ཁ་བྲལ་བཏང་སྟེ་བོད་མིའི་ངོ་བོ་རྩ་བརླག་གཏོང་ཕྱིར་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་པ་བརྒྱུད་ནས་བཅའ་སྡོད་སློབ་གྲྭར་གཏོང་གི་ཡོད་པ་དང་།   རྒྱ་གཞུང་གིས་བྱེད་ཕྱོགས་དེས་མཇུག་འབྲས་སུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རིག་གཞུང་རྡོག་རོལ། སྐད་ཡིག་རྩ་མེད་འགྲོ་གི་ཡོད་སྟབས། རྒྱལ་ཚོགས་ཀྱིས་བོད་ནང་གི་གནད་དོན་ཐད་རྟོག་ཞིབ་གནང་རོགས་ཞེས་ཞུ་སྐུལ་གནང་འདུགལྷག་པར་དུ་ཕྱག་བྲིས་ནང་བོད་ནང་གི་བོད་ཕྲུག་ཚོའི་ཕ་མ་རྣམས་ལ་བཅའ་སྡོད་སློབ་གྲྭར་བོད་ཕྲུག་གཏོང་མིན་ཐད་གདམ་ཀ་གང་ཡང་མེད་པ་དང་ཆབས་ཅིག་བོད་ནང་གི་སློབ་གྲྭ་ཁག་གཅིག་སྒོ་རྒྱག་དགོས་པའི་བཙན་བཀའ་བཏང་ཡོད་སྐོར་ལུང་འདྲེན་གནང་སྟེ་རྒྱ་ནག་གཞུང་གི་སྲིད་བྱུས་དེས་བོད་ཕྲུག་རྣམ་པའི་ཤེས་ཡོན་གྱི་གདམ་ཀ་དང་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པ་གསུངས་འདུག  International Covenant on Economic, Social, and Cultural Rights ཞེས་རྒྱལ་སྤྱིའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་ཐོབ་ཐང་ཐོག་གི་གྲོས་མཐུན་ནང་གང་ཟག་སུ་ཞིག་གིས་རིག་གཞུང་སྲུང་བརྩི་དང་འབྲེལ་ཏེ་སྤེལ་བའི་བྱེད་སྒོར་གཞུང་ནས་ཐེ་གཏོགས་མི་ཆོག་པ་འཁོད་ཡོད་པ་དང་སྒོས་དེ་འབྲེལ་གྱི་ཐོབ་ཐང་འདི་ཤེས་ཡོན་གྱི་ཐོབ་ཐང་དང་འབྲེལ་བ་ཡང་ཆགས་ཡོད་པས་རྒྱ་ནག་ནས་དེར་ངེས་པར་དུ་གུས་བརྩི་ཞུ་དགོས་པར་གསུངས་འདུག རྒྱ་ནག་གཞུང་གིས་བོད་ཕྲུག་ཚོའི་རང་ཉིད་ཀྱི་ནང་མི་དང་སྤྱི་ཚོགས་ཀྱི་འཚོ་བའི་ནང་མཉམ་ཞུགས་གནང་རྒྱུར་ཐེ་གཏོགས་བྱས་པ་དེས་རྒྱ་ནག་གིས་མོས་མཐུན་བྱས་པའི Convention on the Rights of the Child འམ་བྱིས་པའི་ཐོབ་ཐང་གི་གྲོས་མཐུན་དེ་བརྩི་མེད་བཏང་ཡོད་པར་གསུངས་ཏེ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་བོད་ནང་གི་བཅའ་སྡོད་སློབ་གྲྭ་སྐོར་དོ་སྣང་དང་ལྷག་པར་ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༣ ནང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་གནད་དོན་འདི་དོ་སྣང་གཙོ་ཆེར་གནང་ཡུལ་ཞིག་ལ་ངོས་འཛིན་རོགས་ཞེས་གསུངས་འདུག ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་མཆོག་གིས་ཤེས་ཡོན་ཐོབ་ཐང་དང་ཆོས་ལུགས་ཀྱི་རང་དབང་། རིག་གཞུང་གི་ཐོབ་ཐང་། གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐོག་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་ལས་སྐུ་ཚབ་རྣམས་བོད་ཁུལ་དུ་འཚམས་གཟིགས་ལ་ཕེབས་ཏེ་བཅའ་སྡོད་སློབ་གྲྭའི་ལམ་ལུགས་དང་སློབ་གྲྭའི་བོད་ཕྲུག་དང་ཕ་མ། རིག་གཞུང་སྤྱི་ལ་ཤུགས་རྐྱེན་གང་འདྲ་ཐེབས་ཡོད་མེད་ཐད་རྟོག་ཞིབ་གནང་དགོས་པའི་འབོད་སྐུལ་ཞུ་རོགས་ཞེས་གསུངས་ཡོད། མཐའ་དོན་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་བོད་ནང་གི་བཅའ་སྡོད་སློབ་གྲྭ་ཐད་སེམས་འཚབ་ཡོད་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་གོང་མཐོར་གཏོང་རྒྱུ་གཅིག་པུ་མིན་པར་བྱང་ཨ་རིའི་གཞུང་གི་སྐུ་ཚབ་གནང་བའི་ཐོག་ནས་ལོ་རྒྱུས་བསྐྱར་ཟློས་བྱས་པར་ལྟ་འདོད་མེད་པར་མ་ཟད། དེ་སྔ་ཨ་རི་དང་ཁེ་ན་ཌ་གཉིས་ནང་གཞུང་གིས་ཡུལ་དེ་གར་སྐྱེས་པའི་ཕྲུ་གུ་རྣམས་ནང་མི་དང་ཁ་བྲལ་བཏང་ནས་བཙན་གྱིས་གཏན་འཇགས་སློབ་གྲྭར་བཏང་སྟེ་རིག་གཞུང་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་བྱས་ཡོད་སྐོར་འགྲེལ་བརྗོད་དང་ཆབས་ཅིག་རྒྱལ་སྤྱིའི་ཚོགས་སྡེས་སྲིད་བྱུས་དེ་བོད་ནང་ལག་བསྟར་བྱེད་མི་ཆོག་པ་བཟོ་དགོས་ཞེས་གསུངས་འདུག

ཨ་རི་གཞུང་གིས་རྒྱ་ནག་གཞུང་ནས་མི་མང་ལ་དྲག་གནོན་བྱེད་པ་དེ་སྲིད་གཞུང་གི་སྐྱོན་ཆ་གསལ་བཏོན་བྱེད་ཀྱི་ཡོད་པ་གསུངས་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken ལགས་ཀྱིས་རྒྱ་ནག་དམར་པོའི་གཞུང་གིས་ཏོག་དབྱིབས་གཉན་རིམས་ཀྱི་ཐེམ་སྤང་བཀའ་རྒྱའི་འོག་ངོ་རྒོལ་སྐད་འབོད་བྱེད་མཁན་རྣམས་འགོག་ཐབས་སླད་དྲག་གནོན་དང་དམ་དྲག་བྱེད་པ་དེ་ནི་རྒྱ་ནག་དམར་པོའི་སྲིད་གཞུང་གི་སྐྱོན་ཆ་གསལ་བཏོན་བྱེད་ཀྱི་ཡོད་པ་གསུངས་འདུགདེ་ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken ལགས་ཟླ་བ་འདིའི་ཕྱི་ཚེས་ ༢༨ ནས་ ༣༠ བར་ཉིན་གྲངས་གསུམ་གྱི་རིང་ Romania ནང་ NATO ཚོགས་འདུའི་ནང་མཉམ་ཞུགས་གནང་ཡོད་པ་དང་བསྟུན། ཁ་སང་ NBC གསར་ཁང་གིས་ཁོང་ལ་ད་ལྟའི་ཆར་རྒྱ་ནག་ནང་གི་ངོ་རྒོལ་གནད་དོན་དང་འབྲེལ་ནས་བཅར་འདྲི་ཞུས་སྐབས། ཁོང་གིས་རྒྱལ་ཁབ་གང་འདྲ་ཞིག་གི་མི་མང་ཡིན་རུང་། ཁོང་ཚོས་ཞི་བའི་ཐོག་ནས་རང་ཉིད་ཀྱི་མི་འདོད་པའི་རྣམ་འགྱུར་རྣམས་ཕྱིར་འདོན་བྱ་རྒྱུ་ཐོབ་ཐང་ཡོད་པ་དང་འབྲེལ། མི་མང་གི་ངོ་རྒོལ་གནད་དོན་དེ་དག་ལ་སྲིད་གཞུང་གི་ངོས་ནས་ངོ་རྒོལ་གྱི་ལས་འགུལ་འགོག་ཐབས་སླད་དྲག་གནོན་བྱེད་པ་དེ་རྒྱལ་ཁབ་དེའི་སྲིད་གཞུང་གི་སྐྱོན་ཆ་གསལ་བཏོན་བྱེད་ཀྱི་ཡོད་པ་གསུངས་འདུགདེ་བཞིན་ཁོང་གིས་རྒྱ་ནག་ནང་ངོ་རྒོལ་གྱི་གནད་དོན་དེ་ནི་ཏོག་དབྱིབས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་འོག་ནས་བྱུང་བ་ཞིག་ཡིན་པ་དང་ཆབས་ཅིག ཨ་རིའི་ངོས་ནས་སྲིད་བྱུས་དེ་ལས་ལྡོག་སྟེ། མི་མང་གི་འཕྲོད་བསྟེན་སོགས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་སོགས་བྱས་ཏེ། དོན་འབྲས་སོན་ཡོད་སྐོར་གསུངས་པ་དང་འབྲེལ། རྒྱ་ནག་དམར་པོའི་གཞུང་ནས་ཏོག་དབྱིབས་གཉན་རིམས་སེལ་ཐབས་ཀྱི་ཐབས་ལམ་གཞན་འཚོལ་དགོས་ཤིང་། ཐབས་ལམ་དེའི་བརྒྱུད་ནས་མི་མང་གི་འཕྲོད་བསྟེན་ཐད་ལ་མཐུན་རྐྱེན་སྦྱོར་སྤྲོད་ཐུབ་རྒྱུ་དང་། ལྷག་པར་དུ་མི་མང་གི་དགོས་མཁོ་བསྒྲུབ་དགོས་སྐོར་གསུངས་འདུགགནས་ཚུལ་ཐོན་ཁག་ལ་གཞིགས་ན། ཁ་སང་ཕྱི་ཚེས་ ༣༠ ཉིན་གྱི་མཚན་མོར་རྒྱ་ནག་གི་ Guangzhou གྲོང་ཁྱེར་ནང་སླར་ཡང་མི་མང་གི་ཞི་བའི་ངོ་རྒོལ་གནང་ཡོད་པ་དང་། སྐབས་དེར་ཉེན་རྟོག་པ་དང་མི་མང་བར་གདོང་ཐུག་སོགས་ཀྱི་གནད་དོན་བྱུང་བར་རྒྱ་ནག་གཞུང་གིས་ངོ་རྒོལ་བ་རྣམས་ལ་དམ་དྲག་དང་དྲག་གནོན་བྱ་རྒྱུའི་བཀོད་ཁྱབ་བཏང་ཡོད་འདུག  དེ་བཞིན་རྒྱ་ནག་དམར་ཤོག་གཞུང་དང་ཞི་ཅིན་ཕིང་ལ་ངོ་རྒོལ་བྱེད་མཁན་རྒྱ་ནག་ནང་ཙམ་མིན་པར་ཨ་རིའི་དང་དབྱིན་ཡུལ། དེ་བཞིན་ཁེ་ན་ཌ་དང་ཨོས་ཊོ་ལི་ཡ། ཉི་ཧོང་སོགས་ཀྱི་གྲོང་ཁྱེར་ཆེ་ཁག་ནང་གནས་སྡོད་རྒྱ་རིགས་གཙོས་པའི་མི་རིགས་གཞན་རྣམས་ནས་རྒྱ་ནག་ནང་མི་མང་གི་ཞི་རྒོལ་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་ཁུལ་དེ་དག་གི་ནང་ཞི་རྒོལ་བྱེད་བཞིན་ཡོད་པ་རེད་འདུགགཞི་རྩའི་ཡོངས་གྲགས་སུ་ཤོག་བུ་དཀར་པོའི་གྱེན་ལངས་ཞེས་པའི་ལས་འགུལ་དེ་ནི་རྒྱ་ནག་དམག་ཤོག་ཚོགས་པའི་འགོ་ཁྲིད་ཞི་ཅིན་ཕིང་གིས་སྲིད་དབང་བཟུང་ནས་ད་བར་མི་མང་ནས་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་དང་འབྲེལ། དེ་སྔ་ཕྱི་ལོ་ ༡༩༦༦ ནས་ ༡༩༧༦ བར་ལོ་བཅུའི་རིང་རིག་གནས་གསར་བརྗེ་བྱུང་བའི་རྗེས་མི་མང་གིས་མང་གཙོ་དགོས་ཞེས་པའི་ངོ་རྒོལ་དང་། ཕྱི་ལོ་ ༡༩༨༩ ལོ་དྲུག་བཞི་དོན་རྐྱེན། དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་བོད་ནང་དུ་ས་བྱི་ཞི་རྒོལ་ཆེན་མོ་སོགས་མདོར་ན་བོད་གཙོས་པའི་རྒྱ་ནག་མི་མང་ནས་ཀྱང་རྒྱ་ནག་དམར་པོའི་སྲིད་གཞུང་གི་ལངས་ཕྱོགས་ལ་མི་འདོད་པའི་རྣམ་འགྱུར་མཚོན་པའི་ངོ་རྒོལ་རིམ་པས་བྱུང་ཡོད། རྒྱ་ནག་ནང་ཐེངས་འདིའི་ངོ་རྒོལ་བརྒྱུད་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་དེ་མཚམས་འཇོག་བྱ་དགོས་པ་དང་འབྲེལ། ཞི་ཅིན་ཕིང་སྲིད་དབང་ནས་རྩ་དགོངས་ཞུ་དགོས། རང་དབང་དང་མང་གཙོ་དགོས་ཞེས་སྐད་འབོད་དང་འཕྲེད་དར་སོགས་འཕྱར་ཡོད་པ་རེད།

རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མིན་འདས་གྲོངས་སུ་གྱུར་འདུག

རྒྱ་ནག་དམར་ཤོག་གཞུང་ལ་སྒོ་གང་ས་ནས་མང་ཚོགས་ཀྱི་སྒེར་ལངས་བྱས་དང་བྱེད་མུས་ཀྱི་ཁྲོད་འདིར་དེ་རིང་རྒྱ་ནག་ནས་གལ་ཆེའི་གནས་ཚུལ་གཞན་ཞིག་ཕྱིར་ཐོན་པར་གཞིགས་ན་སྲིད་འཛིན་ཟུར་པ་ཅང་ཙེ་མིན་རང་ལོ་ ༩༦ ཐོག་དེ་རིང་ཉིན་རྒྱབ་འདས་གྲོངས་སུ་གྱུར་འདུགགནས་ཚུལ་ཡོང་ཁུངས་ཁག་གིས་འགྲེལ་བརྗོད་གནང་བར་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མིན་ Leukemia འམ་ཕྲ་ཕུང་དཀར་པོ་མང་བའི་ནད་གཞི་གཙོས་ལུས་པོའི་དབང་པོ་རྣམས་ཀྱི་བྱེད་ལས་ཉམས་ཏེ་འདས་གྲོངས་སུ་གྱུར་ཡོད་སྐོར་སྤེལ་འདུགཕྱི་ལོ་ ༡༩༨༩ ལོར་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་བྱུང་རྗེས་ནུབ་ཕྱོགས་པའི་རྒྱལ་ཁབ་མང་པོས་རྒྱ་ནག་ལ་སྐྱོན་བརྗོད་གནང་བ་དང་སྦྲགས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཟུར་ཕུད་གནང་བའི་ཁྲོད་ཁོ་པས་རྒྱ་ནག་གི་སྲིད་འཛིན་གྱི་འགན་ཁུར་བའི་འོག་ཧོང་ཀོང་དེ་བཞིན་དབྱིན་ཡུལ་ནས་རྩིས་ལེན་དང་ཕྱི་ལོ་ ༢༠༠༨ ལོའི་པེ་ཅིང་ཨོ་ལམ་པིཀ་རྩེད་འགྲན་གྱི་མགྲོན་བདག་ཐོབ་པ། དེ་བཞིན་འཛམ་གླིང་ཚོང་འབྲེལ་སྒྲིག་འཛུགས་ནང་འཛུལ་ཞུགས་ཐུབ་པ་སོགས་བརྒྱུད་ནས་རྒྱ་ནག་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དཔུང་པ་མཉམ་གཤིབས་ཀྱི་གནས་བབ་བཟོ་མཁན་གྱི་འགོ་ཁྲིད་དམིགས་བསལ་ཅན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།ཕྱོགས་གཞན་ཞིག་ནས་ཁོ་པས་རང་ཉིད་ཀྱི་ལས་ཡུན་ཁྲོད་ཐེ་ཝན་གྱི་གནད་དོན་ཐད་སྲིད་བྱུས་མཁྲེགས་འཛིན་བྱས་པར་མ་ཟད་ཧྥ་ལུང་གྷུང་ཆོས་བརྒྱུད་ལ་དམ་དྲག་ཤུགས་ཆེར་བྱེད་མཁན་ཞིག་ལ་ངོས་འཛིན་གནང་མཁན་ཡང་ཡོད། བོད་ཀྱི་གནད་དོན་ལ་མཚོན་ན། ཁོ་པའི་སྲིད་འཛིན་གྱི་ལས་ཡུན་ཁྲོད་སྐབས་དེའི་ཨ་རིའི་སྲིད་འཛིན་ Bill Clinton མཆོག་གིས་པེ་ཅིང་དུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་བོད་རྒྱ་གྲོས་མོལ་དགོས་པའི་གཞེན་སྐུལ་གནང་བར་ཁོང་གིས་༸གོང་ས་ཏཱ་ལའི་བླ་མས་བོད་དང་ཐེ་ཝན་དེ་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པར་ཡོངས་གྲགས་ཐོག་ཞལ་བཞེས་གནང་ཚེ་གྲོས་མོལ་གྱི་སྒོ་ཕྱེས་ནས་ཡོད་ཅེས་བཤད་ཡོད་པ་དེ་ནི། རྒྱ་ནག་གི་ངོས་ནས་བོད་རྒྱ་གྲོས་མོལ་ཐད་སྔོན་འགྲོའི་ཆ་རྐྱེན་ནང་ཐེ་ཝན་གྱི་གནད་དོན་བཀོད་པ་ཆེས་ཐོག་མར་ཆགས་ཡོད།སྤྱིར་ཁོ་པས་ཕྱི་ལོ་ ༡༩༩༣ ནས་ ༢༠༠༣ བར་རྒྱ་ནག་གི་སྲིད་འཛིན་གྱི་ལས་གནས་བཟུང་ཡོད་པ་དང་། ལས་ཡུན་མ་འཁྱུར་གོང་ཕྱི་ལོ་ ༢༠༠༢ ལོར་བོད་རྒྱ་གཉིས་དབར་འབྲེལ་མོལ་བསྐྱར་གསོ་བྱུང་ནས་ལོ་དེའི་ཕྱི་ཟླ་ ༩ པ་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་དམ་པ་དེ་ཉིད་ཀྱི་སྣེ་ཁྲིད་འོག་མི་སྣ་བཞི་ལས་གྲུབ་པའི་བོད་མིའི་སྐུ་ཚབ་ཚོ་ཁག་རྒྱ་ནག་དང་བོད་ལ་ཕེབས་ཡོད། པར་ཁག་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

རྒྱ་ནག་ནང་སྔར་ལྷག་འཇིགས་སྐུལ་དང་དོགས་སྲུང་བྱ་ར་བརྒྱུད་ངོ་རྒོལ་གྱི་ལས་འགུལ་རྩ་བརླག་གཏོང་ཐབས་བྱེད་བཞིན་པ།

རྒྱ་ནག་ནང་སྤེལ་བཞིན་པའི་མང་ཚོགས་ཀྱི་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་དེ་རྩ་མེད་བཟོ་ཐབས་དང་འབྲེལ་ཏེ་རྒྱ་ནག་གི་ཉེན་རྟོག་པས་མང་ཚོགས་ཀྱི་ཁ་པར་སྔོག་གཤེར་བྱས་པར་མ་ཟད་འདྲི་རྩད་དང་ངོ་རྒོལ་ལ་ཞུགས་མཁན་རྩད་གཅོད་བརྒྱུད་འཇིགས་སྐུལ་དང་དོགས་སྲུང་བྱ་ར་ཤུགས་ཆེར་སྤེལ་བཞིན་འདུགའདས་པའི་གཟའ་མཇུག་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་གྲོང་ཁྱེར་ཧྲང་ཧེ་གཙོས་ནན་ཅིན་དང་ཝུ་ཧན་ལ་སོགས་པའི་གྲོང་ཁྱེར་མང་པོར་ཏོག་དབྱིབས་ནད་དུག་གཙང་སེལ་སྲིད་བྱུས་ལ་ངོ་རྒོལ་གྱི་ལས་འགུལ་ཆེས་ཆེར་སྤེལ་ཡོད་པའི་མཚམས་འདིར་དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་གསར་པ་ཐོན་པར་ཁ་སང་རྒྱ་ནག་དམར་ཤོག་ཚོགས་པའི་བདེ་འཇགས་འགོ་ཁྲིད་མཐོ་གྲས་དབར་ཚོགས་འདུ་ཞིག་ཚོགས་ཏེ་གཞུང་འབྲེལ་དཔོན་རིགས་རྣམས་ལ་ཁྲིམས་འགལ་གྱི་ལས་དོན་སྤེལ་མཁན་ལ་ཚོད་འཛིན་སྔར་ལྷག་བྱེད་དགོས་པའི་བཀོད་ཁྱབ་བཏང་དོན་ལྟར་ཁ་སང་ཕྱི་དྲོ་པེ་ཅིང་དུ་མང་ཚོགས་ཀྱི་ཀྱི་ངོས་ནས་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་དུ་སྤེལ་རྒྱུའི་འཆར་གཞི་ཡོད་ཀྱང་། ཉེན་རྟོག་པས་འཕྲལ་དུ་མི་ཚོགས་འདུ་འཛོམས་བྱ་ཡུལ་གྱི་ས་ཚིགས་ཁག་མཐའ་སྐོར་ནས་ལས་འགུལ་བ་འཛིན་བཟུང་བྱས་པ་དང་ལྷག་དོན་པེ་ཅིང་དང་ཧྲང་ཧེ་སོགས་ལ་ཉེན་རྟོག་པས་ཡང་ཡང་སྐོར་གཡེང་བྱས་ཏེ་མང་ཚོགས་ཀྱི་ལག་ཐོགས་ཁ་པར་བཙན་སྔོག་གིས་ཕྱི་རྒྱལ་གྱི་བཀོལ་ཆས་ཕབ་ལེན་བྱས་ཡོད་མེད་དང་དེ་བཞིན་ཁོང་རྣམས་ཀྱིས་དྲ་ལམ་དུ་ངོ་རྒོལ་བ་ཚོ་སླར་འདུ་འཛོམས་བྱེད་དགོས་པའི་བརྡ་འཕྲིན་གཏོང་མིན་གྱི་གནས་ཚུལ་རྟོགས་ཞིབ་བྱེད་བཞིན་པར་མ་ཟད་དེ་འབྲེལ་ལས་འགུལ་བསྐྱར་སྤེལ་མི་ཆོག་པའི་འཇིགས་སྐུལ་བྱེད་བཞིན་ཡོད་པ་གསལ་འདུགལྷག་པར་པེ་ཅིང་ངོ་རྒོལ་ལས་འགུལ་ནང་ཞུགས་མཁན་ཕལ་ཆེ་བར་རྒྱ་ནག་ཉེན་རྟོག་པས་ཁ་པར་བཏང་བ་དང་ཡང་ན་བཙན་ཤེད་ཐོག་དོ་བདག་རེ་རེའི་ཁྱིམ་དུ་སོང་བས་འདྲི་རྩད་བྱས་པ་དང་དེ་ནི་ཁྲིམས་འགལ་གྱི་འདུ་འཛོམས་ཤིག་རེད་ཅེས་ནན་བརྗོད་བྱས་ཡོད་པ་མ་ཚད་པར་ལས་འགུལ་བ་ཁག་ཅིག་ལ་ཉེན་རྟོག་ལས་ཁུངས་སུ་ཡོང་དགོས་པ་དང་གཟའ་ཉི་མའི་དགོང་མོར་གང་གནང་ཡོད་མེད་ཡིག་ཐོག་ཏུ་བཀོད་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་དེ་ལྟར་ནའང་། ད་ཆ་རྒྱ་གཞུང་གིས་རྒན་རྒོན་ཚོར་ནུས་ཤུགས་སྤོར་བྱེད་སྨན་ཁབ་རྒྱག་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་གསལ་བསྒྲགས་སྤེལ་བ་བརྒྱུད་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྒྲིག་ཁྲིམས་ཁག་ལྷོད་ཡངས་གཏོང་བའི་རྣམ་པ་མཚོན་ཐབས་བྱེད་བཞིན་ཡོད་འདུག པར་ཁག་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

Latest news