Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

ཕྱག་དཔེ་གཟིགས་པའི་དགོས་དོན་གཙོ་བོ་དེ་གཞན་ལ་བདེ་སྐྱིད་ཀྱི་ཞབས་འདེགས་བསྐྲུན་ཐབས་ཤིག་རེད།

དེ་རིང་འདི་ག་མོན་གྷོ་འདོད་རྒུ་གླིང་གི་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེས་པ་གྲྭ་ཚང་དུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་འོད་གསལ་ཆོས་སྐུ་མངོན་དུ་མཛད་དེ་ལོ་ངོ་ ༦༠༠ འཁོར་བའི་རྗེས་དྲན་དང་། འཇམ་མགོན་༸རྒྱལ་བའི་ཐུགས་སྲས་༸རྒྱལ་ཚབ་རྒྱལ་སྲད་དར་མ་རིན་ཆེན་མཆོག་དགའ་ལྡན་ཁྲི་པར་ཁྲི་གསོལ་གནང་སྟེ་ལོ་ངོ་ ༦༠༠ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་ཏེ་ལོ་ ༦༠ འཁོར་བ་བཅས་ཀྱི་དུས་དྲན་དང་བསྟུན་དབུ་མ་བཞི་བརྒྱ་པའི་མཁས་པའི་བགྲོ་གླེང་ཞིག་ཚོགས་ཡོད་པ་རེད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མཁས་པའི་བགྲོ་གླེང་དེའི་ཚོགས་མགོན་དུ་དབུ་བཞུགས་མཛད་དེ་ཕྱག་དཔེ་གཟིགས་པའི་དགོས་དོན་གཙོ་བོ་དེ་གཞན་ལ་བདེ་སྐྱིད་ཀྱི་ཞབས་འདགེས་བསྐྲུན་ཐུབ་ཐབས་ཤིག་ཡིན་པའི་ལམ་སྟོན་སོགས་བཀྲིན་བསྩལ་ཡོད་པ་རེད། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་དཔེ་གཟིགས་ཏེ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་སྒོ་ནས་བྱང་ཆུབ་སེམས་པ་དང་སྟོང་ཉིད་ཀྱི་ལྟ་བ་བསྒོམ་པའི་ཐོག་ནས་རང་གི་བློ་ལ་འགྱུར་བ་འགྲོ་ཐུབ་པ་ཞིག་གནང་དགོས་པ་ལས་ཕྱག་དཔེ་གཟིགས་པའི་དགོས་དམིགས་དེ་དགེ་བཤེས་ཀྱི་མཚན་ཙམ་ཞིག་ཐུབ་ཐབས་མིན་པའི་ལམ་སྟོན་བཀྲིན་ཆེ་བ་མཛད་སོང་། དབུ་མ་བཞི་བརྒྱ་པའི་མཁས་པའི་བགྲོ་གླེང་དེའི་ཐོག་ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བློ་ལ་འགྱུར་བ་གཏོང་བའི་ལག་ཆ་ཡག་ཤོས་དེ་རྩ་འཇུག་བཞི་གསུམ་ནང་དུ་གསུངས་ཡོད་པའི་ལམ་སྟོན་དེ་དག་ཕུལ་དུ་བྱུང་བ་ཞིག་ཡིན་པའི་བཀའ་བསྩལ་བ་དང་སྦྲགས།  ད་རེས་ཀྱི་བགྲོ་གླེང་དང་འབྲེལ་བའི་དཔྱད་རྩོམ་གནང་མཁན་དེ་དག་ལ་ཡི་རང་བསྔགས་བརྗོད་དང་། ལྷག་པར་དུ་ནང་པ་སངས་རྒྱས་པའི་བསྟན་པ་དེ་མི་རབས་ནས་མི་རབས་བར་གནས་ཐབས་ཀྱི་དམིགས་ཡུལ་ཞིག་གི་འོག་ནས་འཛམ་གླིང་གི་མི་འབོར་དུང་ཕྱུར་བདུན་ཅུ་ལྷག་ཡོད་པ་དེ་དག་ལ་བདེ་སྐྱིད་ཀྱི་ཞབས་འདེགས་ཞུ་ཐུབ་པ་ཞིག་གནང་དགོས་པའི་ལམ་སྟོན་ཡང་བཀྲིན་བསྩལ་སོང་།  དེ་རིང་འབྲས་སྤུངས་བློ་གསལ་གླིང་དུ་ཚོགས་པའི་དབུ་མ་བཞི་བརྒྱ་པའི་བགྲོ་གླེང་དེའི་ཐོག་མཁན་བླ་སྤུལ་འདུས་མང་དང་། དོན་གཉེར་ཅན་གྱི་ཕྱི་རྒྱལ་བའི་མི་རིགས། དེ་བཞིན་བོད་མི་དང་ཧི་མཱ་ལ་ཡའི་དད་ལྡན་མང་ཚོགས་བཅས་མི་གྲངས་ ༤༠༠ ལྷག་འདུ་འཛོམས་བྱུང་འདུག་པ་དང་། བགྲོ་གླེང་དེ་ཝཱ་ཎ་དབུས་་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློན་དཔོན་ཆེན་མོ་མཁས་དབང་དགེ་བཤེས་ཡེ་ཤེས་ཐབས་མཁས་མཆོག་ནས་གཙོ་སྐྱོང་གནང་ཡོད་པ་ལྟར། འདི་ག་རླུང་འཕྲིན་ཁང་ནས་དགེ་བཤེས་ལགས་སུ་བཅའ་འདྲི་ཞུས་པར་དབུ་མ་བཞི་བརྒྱ་པའི་བསྟན་བཅོས་ཀྱི་བསྟན་བྱ་གཙོ་བོ་ནི་སྟོང་པ་ཉིད་དང་བདག་མེད་སྐོར་ཡིན་པ་དང་།  དེ་རིང་བགྲོ་གླེང་དེའི་ཐོག་རབ་བྱེད་བཞིའི་ཐོག་བགྲོ་གླེང་གནང་བ་དེ་དག་གི་བརྗོད་གཞི་གཙོ་བོ་ནི་ཕྱི་ནང་གི་སྣོད་བཅུས་གཉིས་པོ་མི་རྟག་སྟོང་བདག་མེད་ཀྱི་རང་བཞིན་ཡིན་པ་དང་། ལྷག་པར་དུ་མིའི་མི་ཚེ་དེ་སྡུག་འསྔལ་གི་རང་བཞིན་ཡིན་པ། འགྲོ་བ་མི་ཕན་ཚུན་དབར་ལ་རིགས་རུས་སོགས་ཀྱིས་གཙོས་པའི་གཙང་བཙོག་ཀྱི་དབྱེ་འབྱེད་གནང་རྒྱུ་མེད་སོགས་རབ་བྱེད་བཞིའི་ཐོག་བགྲོ་གླེང་གནང་ཡོད་པར་འགྲེལ་བརྗོད་གནང་སྟེ་རྩ་བའི་དེ་རིང་གི་བགྲོ་གླེང་ཐོག་མཉམ་ཞུགས་གནང་མཁན་ཚོས་དཔྱད་རྩོམ་གི་སྤུས་ཚད་ཡག་པོ་ཡོད་ཀྱང་ཡར་རྒྱས་ལ་མཐའ་མེད་པས་རིམ་བཞིན་ཡར་རྒྱས་གནང་དགོས་གལ་ཡིན་པ་གསུངས་སོང་། གཞི་རྩའི་དེ་རིང་སྔ་དྲོའི་ཚོགས་ཐུན་དང་པོའི་ཐོག་༸གོང་ས་མཆོག་དབུ་བཞུགས་ཀྱིས་དབུ་མ་བཞི་བརྒྱ་པའི་ལེའུ་ ༡༦ ཡོད་པ་ནས་ལེའུ་བཞིའི་ཐོག་བགྲོ་གླེང་གནང་ཡོད་པ་དང་།  དེ་རིང་ཉིན་རྒྱབ་ནས་ད་དུང་ཤར་པ་ཆོས་༸རྗེ་མཆོག་དབུ་བཞུགས་ཀྱིས་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་གཙོ་སྐྱོང་གནང་ཐོག་ལེའུ་ ༥ པ་ནས་ ༡༦ བར་མུ་མཐུད་བགྲོ་གླེང་གནང་གི་ཡོད་པ་རེད།

ཆོས་ཞུ་བ་ཆིག་ཁྲི་བརྒལ་བར་ནང་ཆོས་ངོ་སྤྲོད་དང་ཚེ་དབང་བཅས་བཀྲིན་བསྩལ་བ།

དེ་རིང་འདི་ག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་འབྲས་སྤུངས་བློ་གསལ་གླིང་གི་ཆོས་རར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ནང་གི་དད་ལྡན་ཆི་ཁྲི་བརྒལ་བར་ནང་པའི་ཆོས་ཀྱི་སྙིང་པོ་དང་༸རྗེ་ཚེ་འཛིན་མའི་ཆོ་གའི་སྒོ་ནས་ཚེ་དབང་བཀྲིན་བསྩལ་ཡོད་པ་རེད།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཚེ་དབང་དངོས་གཞི་དབུ་འཛུགས་མ་བསྩལ་གོང་དུ་ཆོས་འབྲེལ་གྱི་ལམ་སྟོན་བཀྲིན་བསྩལ་བ་དང་།མགོན་པོ་༸གང་ཉིད་མཆོག་ནས་ཚེ་སྒྲུབ་ངོ་མ་དེ་རྒྱུན་དུ་ནས་སེམས་ལ་ཞི་བདེ་བག་ཕེབས་དགོས་རྒྱུ་དེ་ཡིན་པ་དང་།  སེམས་ལྷོད་ལྷོད་ཡོད་ན་ལུས་ཀྱི་འབྱུང་བ་ཆ་སྙོམས་ཡོང་བ་དང་དེའི་ཐོག་ནས་ལུས་ཀྱི་ཟུངས་ཤུགས་གསོས་ཏེ་རང་བཞིན་གྱིས་ཚེ་རིང་པོ་ཡོང་རྒྱུ་ཡིན་པས་དེའི་ཐད་ལ་འབད་བརྩོད་བྱེད་གོས་གལ་ཡིན་པའི་  ལམ་སྟོན་མཛད་པ་དང་བསྟུན་ད་ལྟའི་འཛམ་གླིང་ནང་གི་དཀའ་ངལ་མང་པོ་ཞིག་སེམས་པ་ཆགས་ལྡང་དབང་དུ་སོང་རྐྱེན་ཡོང་གི་ཡོད་སྟབས་རྣམ་ཀུན་ནས་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བསྒོམ་རྒྱུ་དེ་ཚེ་སྒྲུབ་ངོ་མ་ཡིན་པའི་ལམ་སྟོན་ཐུགས་བརྩེ་ཆེན་པོས་བསྩལ་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐབས་དེར་ད་དུང་ནང་པའི་ཆོས་ཀྱི་འབྱུང་ཁུངས་གཙོ་བོ་པྭ་ལི་གཞུང་གི་འཚེ་མེད་ཞི་བའི་ལྟ་སྤྱོད་ལ་ཡི་རང་བསྔགས་བརྗོད་མཛད་པ་དང་འབྲེལ་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རིག་པར་བརྟེན་པའི་འཚེ་མེད་ཞི་བའི་ལྟ་གྲུབ་བཀའ་བསྩལ་ཡོད་པ་མ་ཟད།  རྩ་བའི་རྒྱ་གར་ནང་དུ་གྲངས་ཅན་པའི་སྟོན་པས་གཙོས་པའི་སྟོན་པ་མང་པོ་བྱུང་ཡོད་ཀྱང་། སེམས་ཁམས་རིག་པ་དང་འབྲེལ་བའི་རྣམ་གཞག་ཞིབ་ཚགས་པོ་གསུང་མཁན་དེ་སྟོན་པ་བཅོམ་ལྡན་འདས་ཉག་གཅིག་ཡིན་སྐོར་བཀའ་བསྩལ་མཛད་པ་དང་སྦྲགས། བཅོམ་ལྡན་འདས་ཀྱིས་ལོ་ངོ་ ༢༥༠༠ གོང་ནས་གསུང་ཟིན་པའི་སེམས་ཁམས་རིག་པའི་ཐོག་ལ་ཚན་རིག་པ་ཚོས་ཀྱང་སློབ་སྦྱོང་བྱ་ཡུལ་ཞིག་ཆགས་ཡོད་སྐོར་སོགས་བཀའ་བསྩལ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཚོའི་ངོས་ནས་དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་དེ་དག་འཛིན་སྐྱོང་སྤེལ་གསུམ་གྱི་ཐོག་ནས་བདག་གཉེར་བྱེད་ཡོད་པར་བཀའ་བསྩལ་བ་ཆབས་ཅིག་ཏུ་དེ་ནི་བོད་མིའི་གཟི་བརྗིད་ཅིག་ཡིན་སྐོར་བཀའ་བསྩལ་སོང་།   མགོན་པོ་༸གང་ཉིད་མཆོག་གིས་དེ་བཞིན་ང་ཚོར་ངལ་བ་མང་དག་ཅིག་འཕྲད་བཞིན་པ་དེ་རྣམས་ནི་རང་གཅེས་འཛིན་གྱི་བློ་ཤུགས་ཆེ་དྲགས་པས་རང་གཞན་ཀུན་ལ་ཕན་པའི་བདག་མེད་རྟོགས་པའི་ཤེས་རབ་དང་གཞན་གཅེས་འཛིན་གྱི་བློ་ལ་འབད་གནད་ཡིན་པར་བཀའ་བསྩལ་དང་སྦྲགས། ཚེ་སྒྲུབ་ངོ་མ་དེ་སེམས་པ་བཟང་པོ་བྱེད་དགོས་ཞེས་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད་པ་རེད། དེ་རྗེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་༸རྗེ་ཚེ་འཛིན་མའི་ཆོ་གའི་སྒོ་ནས་ཚེ་དབང་དངོས་གཞི་བཀྲིན་བསྩལ་ཡོད། དེ་རིང་གི་ཆོས་འབྲེལ་ཐོག་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་གི་བོད་མིས་གཙོས་པའི་འབྲུག་ཡུལ། དེ་བཞིན་བལ་ཡུལ་སོགས་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་དད་ལྡན་སེར་སྐྱ་མང་ཚོགས་དང་།ལྷག་པར་དུ་ནུབ་ཕྱོགས་པ་དང་ཤར་ཕྱོག་ཁུལ་ནས་ཀྱང་ཕྱི་རྒྱལ་མི་རིགས་མང་དག་ཅིག་བཅས་ཁྱོན་ཆོས་ཞུ་བ་ཆིག་ཁྲི་སུམ་སྟོང་ལྷག་ཡོད་པ་རེད་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་ཁ་སང་འབྲས་སྤུངས་སྒོ་མང་ནས་བློ་གསལ་གླིང་གྲྭ་ཚང་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་བློ་གསལ་གླིང་གྲྭ་ཚང་དུ་སང་ཉིན་དང་གནངས་ཉིན་བཅས་ཉིན་གྲངས་གཉིས་ཀྱི་བཞུགས་ཞག་མཛད་རིང་ལ་དབུ་མ་བཞི་བརྒྱ་པའི་མཁས་པའི་བགྲོ་གླེང་དང་རྩོད་རྒྱུགས་ཀྱི་ལས་རིམ་ཐོག་དབུ་བཞུགས་མཛད་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད།

༸གོང་ས་མཆོག་འབྲས་སྤུང་སྒོ་མང་ནས་བློ་གསལ་གླིང་དུ་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ད་རེས་མོན་གྷོ་འདོད་རྒུ་གླིང་དུ་བདུན་ཕྲག་གཉིས་ཙམ་གྱི་བཞུགས་ཞག་མཛད་པའི་རིང་ལ་ཁུལ་འདིའི་གྲྭ་ཚང་བཞི་ཡོད་པ་སོ་སོར་ཉིན་གྲངས་གསུམ་རེ་བཞུགས་ཞག་མཛད་རྒྱུའི་དགོངས་གཞི་ཡོད་པར་བཀའ་བསྩལ་བ་ལྟར་མགོན་པོ་༸གང་ཉིད་མཆོག་དེ་རིང་སྔ་དྲོ་འབྲས་སྤུངས་སྒོ་མང་གྲྭ་ཚང་ནས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆིབས་བསྒྱུར་གྱིས་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད། སྐབས་དེར་འབྲས་སྤུངས་དགོན་པའི་མཁན་བླ་སྤྲུལ་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་གིས་ཕེབས་སྟོན་མཛད་སྒོར་རྒྱ་གར་གྱི་དཔལ་ནཱ་ལེནྡཱའི་མཁས་པའི་བཞེད་དགོངས་དག་ལ་འགྲེལ་ཚུལ་མི་འདྲ་བ་ཡོད་ཀྱང་དུས་ད་ལྟ་བར་དུ་ནཱ་ལེནྡཱའི་ཆོས་བརྒྱུད་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་བོད་པའི་གདན་ས་ཁག་ཆགས་ཡོད་སྟབས་སློབ་གཉེར་ཁང་འདི་ལྟ་བུར་ཪོགས་རམས་གནང་མཁན་ཚོའི་ངོས་ནས་སྦྱིན་གཏོང་དོན་གོ་ཆོད་ཡོད་པར་བཀའ་བསྩལ་སོང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ནས་ཉིན་གྲངས་བཞིའི་རིང་མུ་མཐུད་འབྲས་སྤུངས་བློ་གསལ་གླིང་དུ་སྐུ་བཞུགས་མཛད་ཀྱི་ཡོད་པ་ལྟར་བཞུགས་ཞག་དེའི་རིང་མཛད་འཆར་གཙོ་བོ་གང་ཡོད་སྐོར་བློ་གསལ་གླིང་གི་མཁན་པོ་དགེ་བཤེས་བློ་བཟང་བསམ་གཏན་ལགས་སུ་བཀའ་འདྲི་ཞུས་ཡོད། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབྲས་སྤུངས་བློ་གསལ་གླིང་དུ་ཆིབས་བསྒྱུར་མ་མཛད་གོང་དུ་ཕྱི་ཚེས་ ༡༢ནས་སྒོ་མང་གྲྭ་ཚང་དུ་བཞུགས་ཞག་མཛད་ཡོད་པ་ལྟར་བཞུགས་ཞག་ཉིན་མཐའ་མ་སྟེ་དེ་རིང་སྔ་དྲོ་དགོན་པ་དེའི་དགེ་བཤེས་ཐོན་མཁན་དང་གཞན་ཡང་འཛིན་གྲྭ་ལྔའི་དགེ་འདུན་པ་ཁག་གཅིག་གི་རྩོད་རྒྱུགས་ལ་ཐུགས་ཞིབ་མཛད་ཡོད་པ་རེད། སྔ་དྲོའི་རྩོད་རྒྱུགས་དེའི་ཐོག་ལ་དགེ་འདུན་པ་ཞལ་གྲངས་ ༡༥ ལྷག་ནས་ལྷན་ཞུགས་གནང་ཡོད་པ་རེད།

༸གོང་ས་མཆོག་གིས་འབྲས་སྤུང་སྒོ་མང་གི་ཆོས་ར་དབུ་འབྱེད་རབ་གནས་དང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་མཛད་སྒོར་དབུ་བཞུགས་མཛད་སོང་།

དེ་རིང་འདི་ག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་ལྡནའབྲས་སྤུངས་བཀྲིས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་བཀྲིན་བསྩལ་གནང་མཛད་ཡོད་པ་མ་ཟད།  འབྲས་སྤུང་བཀྲིས་སྒོ་མང་གྲྭ་ཚང་གི་མཁན་པོ་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་ནས་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆོས་ར་གསར་པ་དེའི་ནང་ལ་ཤེས་ཡོན་གྱི་ལྟེ་གནས་ཤིག་ལ་དགོས་ངེས་ཀྱི་མཐུན་རྐྱེན་ཆ་ཚང་ལྡན་ཡོད་པའི་གནད་དོན་དང་།  གྲྭ་ཚང་སྤྱིའི་ལས་བསྡོམས་སོགས་སྙན་སྒྲོན་ཞུས་པ་ཡོད་པ་རེད། དེ་རྗེས་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་འགན་འཛིན་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཞི་ཟུང་། འདས་པའི་ལོ་དྲུག་རིང་གི་དེང་རབས་ཀྱི་ཚན་རིག་གི་བསླབ་གཞི་དེ་དག་གདན་ས་ཆོས་སྒར་ཁག་ཏུ་ལག་བསྟར་བྱས་ཏེ།  དེ་རིང་གི་མཛད་སྒོ་དེ་ལས་འཆར་ཆ་ཚང་གྲུབ་པའི་སློབ་གཉེར་བ་དང་པོ་བསླབ་པ་ཐར་སོན་གྱི་མཛད སྒོ་ཞིག་ཡིན་པ་དང་། ལྷག་པར་ལས་འཆར་དེའི་སྔ་ཕྱི་བརྒྱུད་གསུམ་གྱི་གྲུབ་འབྲས་ཡོངས་རྫོགས་༸གོང་ས་མཆོག་གི་བཀྲིན་ཡིན་སྐོར་གསུངས་པ་མ་ཟད་།  ད་ཆ་གདན་ས་ཁག་གཙོ་བོར་གྱུར་པའི་དགོན་སྡེ་ཁག་ནང་སྲོལ་རྒྱུན་གྱི་གཞུང་ཆེན་སློབ་གཉེར་དང་བསྟུན་དེང་རབས་ཀྱི་ཚན་རིག་གི་སློབ་སྦྱོང་ཡང་དུས་མཉམ་བྱེད་ཐུབ་པ་བྱུང་ཡོད་སྐོར་སོགས་ཀྱི་ངོ་སྤྲོད་ལས་བསྡོམས་སྙན་སྒྲོན་ཞུས་པ་མ་ཟད། ལས་འཆར་དེའི་ཕྱག་སྦྲེལ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ལས་འཆར་དེ་ཐོག་མ་དབུ་འཛུགས་གནང་སྐབས་ཀྱི་དཀའ་ངལ་ཇི་འཕྲད་དང་གདོང་ལེན་གང་གནང་སོགས་ཀྱི་གནད་དོན་ངོ་སྤྲོད་གནང་སོང་། སྐབས་དེར་ད་དུང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་དང་འབྲེལ་བའི་དགོས་ངེས་ཅན་གྱི་ཕྱག་དེབ་གཏན་འབེབས་ལེགས་ཟིན་བྱུང་པའི་དཔེ་དེབ་ཁག་གཅིག་དཔར་ཕུད་ཞུས་ཡོད་པ་མ་ཟད། ལས་འཆར་དེའི་འགན་འཛིན་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས་ཀྱིས་དེ་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་དངོས་དབུ་བཞུགས་ཐོག་ལས་རིམ་གྱི་མཛད་སྒོ་གཉེར་རྒྱུ་བྱུང་བ་ནི་ཤིན་ཏུ་ནས་སྐལ་བཟང་གི་གོ་སྐབས་ཤིག་བྱུང་བ་ངོ་སྤྲོད་གནང་གི་འདུག དེ་རིང་གི་མཛད་སྒོའི་ཐོག་ལ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་ལས་ཟུར་རྣམ་གཉིས་མཆོག་གིས་དབུས་པའི་ཤར་བྱང་ཆོས་རྗེ་རྣམ་གཉིས། འབྲོག་རི་བོ་དགེ་ལྡན་པའི་དགོན་ཁག་གི་མཁན་བླ་སྤྲུལ་རྣམ་པ། དེ་བཞིན་ཕྱི་རྒྱལ་བའི་མི་རིགས་དང་།   ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་དད་ལྡན། བོད་མི་བཅས་ཁྱོན་མི་མང་སྟོང་ཕྲག་འགའ་ཤས་འདུ་འཛོམས་བྱུང་འདུག      

༸གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸ གོང་ས་༸ སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཟླ་ ༡༢ ཚེས་ ༡༢ ཉིན་གྱི་སྔ་དྲོ་ཚོུད་ ༡༡ ཙམ་ལ་རྒྱ་གར་གྱི་གྷོ་ཝ་གྲོང་ཁྱེར་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་མོན་གྷོ་འདོད་རྒུ་གླིང་དུ་༸ཞབས་སོར་བདེ་བར་འཁོད་པ་དང་། སྐབས་དེར་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས་པའི་ཁྲི་ཟུར་རིན་པོ་ཆེ་མཆོག་ཤར་བྱང་ཆོས་རྗེ་རྣམ་གཉིས། དཔལ་ལྡན་འབྲས་དཀར་སྤུངས་པའི་མཁན་བླ་འདུས་མང་། དེ་བཞིན་སེར་སྐྱ་མང་ཚོགས་སྟོང་ཕྲག་ལྷག་གིས་དཔལ་ལྡན་འབྲས་སྤུངས་བླ་སྤྱིའི་ཚོགས་ཁང་ཆེན་མོར་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་། མགོན་པོ་༸གང་ཉིད་མཆོག་གིས་ཕེབས་སྟོན་མཛད་སྒོར་དབུ་བཞུགས་ཀྱིས་དཔལ་ལྡན་འབྲས་དཀར་སྤུངས་པའི་མཁན་བླ་འདུས་མང་ཡོངས་ཀྱིས་གཙོས་པའི་སྐུ་མགྲོན་ཡོངས་ལ་དགའ་བསུའི་འཚམས་འདྲི་མཛད་པ་དང་འབྲེལ་ཏེ་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དག་དེང་སྐབས་ཀྱི་འཛམ་གླིང་འདིའི་ཐོག་ལ་དགོས་གལ་ཆེནཔོ་ཡིན་སྐོར་བཀའ་བསྩལ་བ་མ་ཟད། དེ་སྔ་བོད་ནང་ལ་དཔལ་ལྡན་འབྲས་དཀར་སྤུངས་པ་ཞེས་པ་དེ་བོད་གངས་ཅན་ལྗོངས་སུ་དཔལ་ནཱ་ལེནྡཱ་ཞེས་གསུང་སྲོལ་ཡོད་པ་ལྟར་དོན་ལ་གནས་པའི་སློབ་གཉེར་ཁང་ཞིག་ཡོད་སྐོར་བཀའ་བསྩལ་སོང་། ༸གོང་ས་མཆོག་གིས་དེ་བཞིན་ད་རེས་དགའ་འབྲས་ཀྱི་རྩོད་རྒྱུགས་ཀྱི་དམ་འཇོག་ལ་ཆེད་གཟིགས་གནང་ཕྱིར་ཆིབས་བསྒྱུར་བཀྲིན་བསྐྱངས་པ་ཞིག་ཡིན་སྟབས་དགེ་འདུན་པ་ཚོས་རིག་པས་དཔྱད་དེ་དམ་འཇོག་གནང་དགོས་གལ་ཡིན་པའི་ལམ་སྟོན་མཛད་སོང་། གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐེངས་འདིའི་ཆིབས་བསྒྱུར་བཀྲིན་མཛད་དོན་གཙོ་བོ་ནི་ཁུལ་འདིར་རྟེན་གཞི་བྱས་པའི་དགའ་འབྲས་བླ་སྤྱི་གཉིས་ནས་འཇམ་མགོན་བླ་མ་ ༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་གདུལ་བྱ་རྟག་འཛིན་ཅན་གྱི་ངོ་བོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་མི་ལོ་ ༦༠༠འཁོར་བའི་རྗེས་དྲན་དང་འབྲེལ་མཛད་འཆར་ཁག་གཅིག་བསྐྱང་ཕྱིར་གདན་ཞུ་གསོལ་འདེབས་ཞུས་པ་ཞིག་ཡིན་པ་རེད།   འདི་ག་རླུང་འཕྲིན་ཁང་གིས་དགའ་ལྡན་བྱང་རྩེའི་མཁན་རིན་པོ་ཆེ་བློ་བཟང་བསྟན་པ་མཆོག་ལ་ཐེངས་འདིའི་མཛད་འཆར་ཐུགས་གཏན་འཁེལ་ཁག་དང་འབྲེལ་བའི་བཀའ་འདྲི་ཞུས་པར་གཞིགས་ན། ༸གོང་ས་མཆོག་ཁུལ་འདིར་བདུན་ཕྲག་གཉིས་ཙམ་གྱི་བཞུགས་ཞག་མཛད་རིང་ལ་ཚན་རིག་མཁས་པའི་བགྲོ་གླེང་དང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་འཆར་གྱི་འཇུག་སྡོམ་དང་རྒྱུན་སྐྱོང་གི་ལས་འཆར་གསར་སྤེལ་བཅས་ཀྱིི་མཛད་སྒོར་དབུ་ཞུགས་མཛད་རྒྱུ་གཙོས་པའི་མང་ཚོགས་ལ་ཚེ་དབང་དང་། དམ་འཇོག་ལ་དབུ་བཞུགས་མཛད་རྒྱུ། དེ་བཞིན་དགའ་ལྡན་ལྔ་མཆོད་ཀྱི་མཛད་སྒོ་དང་༸རྗེ་རིན་པོ་ཆེའི་རྣམ་ཐར་དང་འབྲེལ་བའི་མཁས་པའི་བགྲོ་གླེང་བཅས་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་རྒྱུའི་མཛད་འཆར་ཡང་ཡོད་པ་རེད།  དགའ་ལྡན་བྱང་རྩེའི་མཁན་པོ་བློ་བཟང་བསྟན་འཛིན་མཆོག་གིས་ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆིབས་བསྒྱུར་གྱི་གསོལ་འདེབས་ཞུས་དོན་ལྟར་དངོས་སུ་ཆིབས་བསྒྱུར་བཀྲིན་བསྐྱངས་པ་འདི་ནི་ཤིན་ཏུ་ནས་བསྐལ་བཟང་གི་གོ་སྐབས་ཤིག་ཡིན་སྟབས། གོ་སྐབས་འདི་དང་བསྟུན་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་ཡུན་རིང་བརྟན་པའི་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུ་དང་།མགོན་པོ་༸གང་ཉིད་མཆོག་ལ་བཀྲིན་རྗེས་དྲན་ཞུ་བའི་འབུལ་རྫས་སུ་༸རྗེ་རིན་པོ་ཆེ་མཆོག་གིས་མཛད་པའི་དྲང་བ་དང་ངེས་པའི་དོན་ལེགས་པར་བཤད་པའི་སྙིང་པོ་གསེར་བྲིས་མ་དང་༸སྐུ་གསུང་ཐུགས་རྟེན་མཚོན་པའི་འབུལ་རྫས་སོགས་འབུལ་ལམ་ཞུ་རྒྱུའི་མཛད་རིམ་ཡང་ཡོད་པ་སོགས་ངོ་སྤྲོད་གནང་ཡོད།

སུད་སིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་དང་འབྲེལ་བའི་ཚོགས་འདུ་ཚོགས་འདུག

སུད་སི་དགུན་དུས་གྲོས་ཚོགས་ལས་རིམ་དང་སྟབས་བསྟུན་ཡུལ་དེའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་ཁུལ་དེའི་དོན་གཅོད་ཁང་གཉིས་མཉམ་འབྲེལ་གྱིས་སུད་སིའི་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་ཞུ་ཕྱོགས་ཀྱི་ལྷན་ཚོགས་ཤིག་ཚོགས་འདུག ལྷན་ཚོགས་སྐབས་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་ཡུ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས། དོན་ཁང་གི་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས། སུད་བོད་མཐུན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་ Thomas Büchli ལགས། གཞན་ཡང་ཚོགས་འདུའི་གཙོ་སྐྱོང་གནང་མཁན་སྐུ་ཞབས་ Prisca Birrer-Heimo ལགས་དང་། ཚོགས་ཞུགས་བ་གྲོས་ཚོགས་འཐུས་མི་Nik Gugger ལགས། དེ་བཞིན་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Barbara Gysi ལགས། གཞན་ཡང་གྲོས་ཚོགས་འཐུས་མི་ Stefan Müller-Altermatt ལགས། གྲོས་ཚོགས་འཐུས་མི་ Martina Munz ལགས། གྲོས་ཚོགས་འཐུས་མི་ Marianne Streiff-Feller མཆོག་བཅས་ཀྱིས་མཉམ་ཞུགས་གནང་འདུག ཐེངས་འདིའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་འདུ་དང་འབྲེལ་ནས་འདི་གའི་གསར་འགོད་པས་སུད་སིའི་དོན་གཅོད་ཁང་གི་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པ། སྐལ་ལྡན་མཚོ་མོ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ཚོགས་འདུའི་སྐབས་སུ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་དང་། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་རྒྱུད་ནང་བསྟན་གྱི་བླ་སྤྲུལ་རྩད་གཅོད་ལམ་སྲོལ་སྤྱི་དང་། ལྷག་པར་རྒྱ་ནག་གིས༸རྒྱལ་བའི་ཡང་སྲིད་ཀྱི་ལམ་ལུགས་ལ་ཐེ་བྱུས་དང་བྱེད་བཞིན་པ་སོགས་ཀྱི་བརྗོད་གཞི་ཁག་ཅིག་གི་སྐོར་ལ་གླེང་མོལ་བྱུང་ཡོད་པར་ངོ་སྤྲོད་གནང་སོང་། རྩ་བའི་ཐེངས་འདིའི་ཚོགས་འདུ་དང་འབྲེལ་ནས། སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་དུ་གྲོས་ཚོགས་འཐུས་མི་Fabian Molinaམཆོག་དང་ Nik Gugger མཆོག་གཉིས་བདམས་ཐོན་བྱུང་བ་དང་། ཁོང་གཉིས་ཀྱིས་འདི་ལོའི་ཕྱི་ཟླ་ ༡༢ ནས་ལོ་བཞིའི་རིང་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་གྱི་འགན་ཁུར་བཞེས་གཏན་འཁེལ་འདུག

༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་མཛད་རྗེས་ལ་ཆེ་བསྟོད་ཀྱིས་གྲོས་ཆོད་ཅིག་གཏན་འབེབས་གནང་འདུག

ཨ་མི་རི་ཀའི་མི་ནི་སོ་ཊའི་མངའ་སྡེའི་གྲོས་ཚོགས་སུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོར་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༣༠ འཁོར་བའི་དུས་དྲན་དང་བསྟུན། བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གི་དགོངས་བཞེས་དང་ལམ་སྟོན་བཀའ་སློབ་གཞིར་བཟུང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྤྱི་དང་། ལྷག་པར་དུ་བོད་ཀྱི་སྐད་ཡིག་དང་བྱམས་རྩེ་གོང་འཕེལ་སོགས་ཀྱི་ཐད་ཞབས་འདེབས་རླབས་ཆེན་བསྒྲུབས་པར་ཆེ་བསྟོད་ཀྱིས་གྲོས་ཆོད་ཅིག་གཏན་འབེབས་གནང་འདུག ཆེ་བསྟོད་ཀྱི་གྲོས་ཆོད་དེ་བཞིན་ཁ་སང་ཁུལ་དེར་རྟེན་གཞི་བྱས་པའི་མི་ནི་སོ་ཊའི་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་ཞུས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་མཛད་སྒོའི་ཐོག་མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་ Carolyn Laine ལགས་དང་སྐུ་ཞབས་ Eric Pratt ལགས་གཉིས་ནས་ས་གནས་མི་མང་ལ་ངོ་སྤྲོད་གནང་འདུག གཞི་རྩའི་སྐབས་དེའི་མཛད་སྒོའི་ཐོག་ལྕམ་ Carolyn Laine ལགས་ནས་ཐེངས་འདིའི་གྲོས་ཆོད་དེ་ནི་གཙོ་བོ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༨༠ ཕེབས་པར་འཚམས་འདྲི་དང་ལྷན་དུ་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གི་དགོངས་བཞེས་ལྟར་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། འཚེ་བ་མེད་པའི་ལྟ་གྲུབ་གོང་འཕེལ་སོགས་ཀྱི་ཐད་ལ་མཛད་རྗེས་རླབས་ཆེན་བསྒྲུབས་དང་སྒྲུབ་མུས་ལ་གུས་པ་ཆེན་པོས་ཆེ་བསྟོད་ཞུས་པ་ཞིག་ཡིན་པ་གསུངས་འདུག མ་ཟད་ Eric Pratt ལགས་ནས་ཀྱང་གྲོས་ཆོད་ནང་གསལ་བའི་རིན་པོ་ཆེ་མཆོག་གི་སྐུ་ཚེའི་ལོ་རྒྱུད་དང་། འདས་པའི་ལོ་ངོ་བརྒྱད་བཅུའི་རིང་བོད་མིའི་སྤྱི་ཚོགས་་ཙམ་མ་ཟད། རྒྱ་གར་གཙོས་པའི་ཨེ་ཤི་ཡའི་སྤྱི་ཚོགས་སྤྱི་དང་། ལྷག་པར་དུ་ནུབ་ཕྱོགས་ཁུལ་གྱི་ཤེས་ཡོན་ལྟེ་གནས་མང་དག་ཅིག་ཏུ་བྱམས་བརྩེ་དང་འཚེ་མེད་ཞི་བའི་ཐབས་ལམ་སོགས་ཀྱི་ཐོག་བཀའ་སློབ་ལམ་སྟོན་རྒྱ་ཆེར་མཛད་ཡོད་པ་སོགས་ཆེད་བསྟོད་ཞུས་འདུག དེ་བཞིན་ཁོང་ནས་ཐེངས་འདིའི་དུས་ཚིགས་དེ་ནི་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༠ དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ། དེ་བཞིན་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༨༠ ཕེབས་པའི་ལོ་སྲུང་བརྩི་བཅས་ཀྱི་དུས་ཁྱད་པར་བ་ཞིག་ཡིན་པ་འགྲེལ་བརྗོད་དང་སྦྲགས། ཨ་མི་རི་ཀའི་མི་མང་གི་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་པ་དང་། ༸གོང་སམཆོག་གི་དགོངས་བཞེས་ལྟར་རིམ་པས་བོད་ནང་ཞི་འདེའི་དུས་ཤིག་ཤར་ངེས་ཡིན་པ་གསུངས་འདུག གཞན་ཡང་སྐབས་དེར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་མཛད་སྒོ་དང་འབྲེལ་མི་ནི་སོ་ཊའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ངག་དབང་འཆི་མེད་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་གསུངས་བཤད་སྒྲོག་སྦྱོང་གནང་བ་དང་སྦྲགས། ས་གནས་བོད་མི་རྣམས་ནས་༸གོང་སམཆོག་གི་བཀའ་དྲིན་དྲན་པའི་ཐོག་ས་གནས་སུ་ཡོད་པའི་བོད་ཕྲུག་རྣམས་བོད་པའི་ཞག་རྩི་ལྡན་པ་ཞིག་བཟོ་རྒྱུའི་ཐོག་གནད་ཆེ་བཞེས་དགོས་པ་གསུངས་འདུག མ་ཟད་སྐབས་དེར་ཕྱོགས་བཞུགས་བོད་མི་སྤྱི་འཐུས་ཚེ་དབང་རིག་འཛིན་ལགས་ཀྱིས་བོད་མི་ཚོས་བོད་སྤྱི་བའི་རྩ་དོན་ཐོག་ལ་ནུས་པ་མཉམ་སྤུངས་གནང་རྒྱུ་དང་ས་གནས་བོད་མི་ཚོས་བོད་ཀྱི་ངོ་བོ་སྲུང་སྐྱོབ་གནང་གལ་སོགས་ཀྱི་ཐད་གསུངས་བཤད་གནང་འདུག སྐབས་དེའི་མཛད་སྒོའི་ཐོག་གཞན་ཡང་ས་གནས་བོད་མིར་རྒྱབ་སྐྱོར་དང་རོགས་རམ་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་མཇལ་དར་ཕུལ་བ་མ་ཟད། ས་གནས་སློབ་ཕྲུག་དང་མི་མང་རྣམས་ཀྱིས་དུས་དྲན་སྲུང་རྩི་དང་འབྲེལ་བའི་གཞས་སྣ་གཟིགས་འབུལ་སོགས་གནང་འདུག

རྒྱ་གར་གྱི་གནའ་དེང་ཤེས་ཡོན་ཟུང་འབྲེལ་གྱིས་འཛམ་གླིང་ཁྲོད་སློབ་གསོ་སྤེལ་ཐུབ་རྒྱུ་ཡིན་པ་བཀའ་གནང་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁ་ཉིན་ཕྱི་ཚེས་ ༩ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་མཁའ་ལམ་བརྒྱུད་ཆིབས་ཐོན་གྱིས་ཁ་སང་རྒྱ་གར་ལྷོ་ཕྱོགས་གྷོ་བའི་ནང་དུ་ཞབས་གསོར་བདེ་བོར་འཁོད་གནང་མཛད་པ་དང་བསྟུན། མངའ་སྡེ་དེའི་ནང་རྟེན་གཞི་བྱས་པའི་གྷོ་བ་གཙུག་ལག་སློབ་གྲྭ་ཆེན་མོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་དེ་རིང་སྔ་དྲོ་ཕྱག་ཚོད་བཅུ་པའི་ཐོག་མཐོ་སློབ་ཀྱི་དགེ་ལས་སློབ་མ་རྣམས་ལ་དེང་རབས་ཀྱི་དུས་ཚོད་འདིར་དཔལ་ནཱ་ལེནྡཱའི་རིག་གནས་ཀྱི་འབྲེལ་བ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་བསྩལ་གནང་འདུག སྐབས་དེར་མགོན་པོ་མཆོག་གིས། རྒྱ་གར་གྱི་དཔལ་ནཱ་ལེནྡཱའི་རིག་པའི་གཞུང་ལུགས་ཀྱི་ཁྱད་ཆོས་དང་གལ་གནད་སྐོར་ལ་བཀའ་སློབ་ཟབ་མོ་བསྩལ་བ་དང་འབྲེལ། དེང་སྐབས་ཕྱི་དངོས་པོ་ཡར་རྒྱས་ཤུགས་ཆེར་ཕྱིན་པའི་འཛམ་བུ་གླིང་འདིར་ནང་སེམས་ཀྱི་བདེ་སྐྱིད་མེད་པའི་དཀའ་ངལ་འཕྲད་བཞིན་པ་ལྟར། རྒྱ་གར་གྱི་ངོས་ནས་དཔལ་ནཱ་ལེནྡཱའི་གནའ་བོའི་རིག་གནས་བསྐྱར་གསོ་གནང་བབརྒྱུད་གནའ་རབས་དང་དེང་དུས་ཤེས་ཡོན་ཟུང་འབྲེལ་ཐོག་ནས་ནང་སེམས་ཀྱི་བདེ་སྐྱིད་འཚོལ་ཐབས་སྐོར་སློབ་གསོ་གང་ལེགས་སྤེལ་ཐུབ་རྒྱུ་ཡིན་པ་བཀའ་གནང་འདུག དེ་བཞིན་དགོན་པོ་གང་ཉིད་མཆོག་གིས་སྐུའི་ཐུགས་སྐྱེད་དམ་བཅའ་བཞིའི་སྐོར་བཀའ་གནང་བ་དང་འབྲེལ། འཛམ་གླིང་འདིའི་ཐོག་གི་འགྲོ་བ་མི་ཐེར་འབུམ་ ༧ ཡོད་པ་རྣམས་འགྲོ་བ་མི་གཅིག་གྱུར་ཡིན་པ་དང་། ཚང་མ་ཡར་སྐྱེས་བ་ནང་བཞིན་མར་འཆི་རྒྱུ་ཡིན་སྟབས། གཙོ་ཆེ་ཤོས་དེ་འཚོ་བའི་སྐབས་སུ་སེམས་པ་བཟང་པོ་བྱེད་རྒྱུ་དེ་ཡིན་པ་དང་། སེམས་བཟང་པོ་བྱས་བ་བརྒྱུད་ནས་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐུབ་རྒྱུ་ཡིན་སྟབས། བདེ་སྐྱིད་ཀྱི་རྩ་བ་དེ་སྙན་སྒྲགས་དང་དཔལ་འབྱོར་མ་ཡིན་པར། ནང་སེམས་ལ་བརྟེན་ཡོད་པ་བཀའ་གནང་འདུག དེ་བཞིན་དགོན་པོ་གང་ཉིད་མཆོག་གིས། སྐུ་ཉིད་ཀྱི་ཐུགས་སྐྱེད་དམ་བཅའ་བཞིའི་སྐོར་བཀའ་གནང་བ་དང་འབྲེལ། དེའང་ཐོག་མ་དེ་འགྲོ་བ་མིའི་གཞི་རྩའི་རིན་ཐང་གོང་འཕེལ་གཏོང་རྒྱུ་དེ་ཡིན་སྟབས། མིའི་རང་བཞིན་དེ་བྱམས་རྩེའི་རང་བཞིན་ཡིན་པ་ཚན་རིག་པ་རྣམས་ཀྱི་ཀྱང་ཁས་ལེན་གྱི་ཡོད་པ་དེ་ལྟར་ཡང། དེང་སྐབས་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པ་དང་། ཁོང་ཁྲོ་ནི་ནང་སེམས་ཀྱི་བདེ་སྐྱིད་རྩ་གཏོར་གཏོང་མཁན་ཤུགས་ཆེ་ཤོས་དེ་ཡིན་སྟབས། རྒྱ་གར་ལྟ་བུའི་རྒྱལ་ཁབ་ནང་དུ་འཚེ་མེད་ཞི་བའི་ལྟ་གྲུབ་སོགས་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་ཡོད་པ་ཡིན་སྟབས། དེང་དུས་ཀྱི་ཕྱི་དངོས་པོའི་ཡར་རྒྱས་དང་འབྲེལ་བའི་དེང་དུས་ཀྱི་ཤེས་ཡོན་དང་། ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐབས་ཀྱི་གནའ་བོའི་རིག་གནས་གཉིས་ཟུང་འབྲེལ་གྱི་ཐོག་ནས་ཤེས་ཡོན་སྤེལ་ཐུབ་མཁན་རྒྱ་གར་གཅིག་པོ་ཡིན་སྐོར་སོགས་བཀའ་གནང་འདུག སྔ་དྲོ་བཀའ་སློབ་གྲུབ་མཚམས་སུ་སློབ་ཕྲུག་ཚོ་དང་ལྷན་དུ་དྲི་བ་དྲིས་ལན་གྱི་མཛད་རིམ་ཞིག་ཀྱང་བསྐྱངས་ཡོད་པ་རེད།   སྐབས་དེར་མགོན་པོ་མཆོག་གི་དམག་ཆེན་དང་པོ་དང་གཉིས་པའི་སྐབས་སུ་མི་གསོད་ཁྲག་སྦྱོར་ཤུགས་ཆེར་བྱས་པའི་རྗེས་སུ། ཕན་ཚུན་མཉམ་མཐུན་གྱི་ཐོག་ནས་བསྡད་ན་ཚང་མར་ཁེ་ཕན་ཡོད་པ་ཤེས་ཏེ་ཡུ་རོབ་མཐུན་ཚོགས་ཆགས་ཡོད་པ་སོགས་དང་། དེ་བཞིན་རྒྱ་ནག་ལྟ་བུ་ཡིན་ནའང་དེ་སྔ་རིག་གནས་གསར་བརྗེ་སྐབས་སུ་ནང་པའི་དགོན་པ་སོགས་གཏོར་བཤིག་རྒྱ་ཆེན་པོ་བཏང་ཡོད་ཀྱང་། དེང་སྐབས་རྒྱ་ནག་ནང་དུ་ནང་པ་ས་ཡ་ ༣༠༠ ལྷག་ཡོད་པ་མ་ཟད་དེ་དག་ཚང་མ་ཤེས་ལྡན་མི་སྣ་ཤ་སྟག་ཡིན་པ་དང་དེའི་ཁྲོད་ནས་མང་དག་ཅིག་བཞུགས་སྒར་དུ་སླེབས་ཏེ་མགོན་པོ་མཆོག་གི་དྲུང་ནས་ཆོས་ཞུ་ཡི་ཡོད་པ་སོགས་འགྱུར་བ་ཆེན་པོ་ཐེབས་བཞིན་ཡོད་པ་སོགས་བཟང་ཕྱོགས་ཀྱི་ཐུགས་རེ་ཆེན་པོ་ཡོད་པ་དང། རྒྱ་ནག་གི་དབང་ཆ་གཅིག་སྡུད་རིང་ལུགས་དེ་རིམ་བཞིན་འགྱུར་བ་ཐེབས་འགྲོ་རྒྱུ་ཡིན་ཡང་། ལོ་ངོ་སྟོངས་ཕྲག་སྔོན་གྱི་རིག་གནས་རྣམས་ད་དུང་ལོ་ངོ་བརྒྱ་ཕྲག་ཁ་ཤས་ལ་གནས་རྒྱུ་ཡིན་པ་བཀའ་གནང་འདུག དེ་རིང་གི་མཛད་སྒོ་དབུ་འཛུགས་དང་འབྲེལ། མཐོ་སློབ་ཀྱི་ཉེ་བའི་རིགས་བདག་སློབ་དཔོན་ Varun Sahani མཆོག་གིས་༸གོང་ས་མཆོག་ལ་འཚམས་འདྲིའི་གསུངས་བཤད་གནང་བའི་སྐབས་སུ། ༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ ༣༠ འཁོར་བ་སོགས་ཀྱི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན་པ་མ་ཟད། ཁ་སང་མཐོ་སློབ་ཀྱི་ངོས་ནས་༸གོང་ཉིད་མཆོག་གི་ཀྱི་མཚན་གནས་ཡོད་པའི་འཛམ་གླིང་ཀུན་ཁྱབ་ཀྱི་འགན་ཁུར་ཐེབས་རྩ་དང་ལྷན་དུ་མཉམ་ལས་གནང་རྒྱུའི་གན་ཡིག་བཞག་པ་བརྒྱུད་ནས་ཉིན་མོ་དེ་གྷོ་བ་མཐོ་སློབ་ཀྱི་རླབས་ཀྱི་ཉིན་མོ་ཞིག་ཡིན་པར་གསུངས་འདུག མཛད་འཆར་ལྟར་ན། གྷོ་བ་ནང་གི་མཛད་རིམ་གྲུབ་རྗེས་དགོན་པོ་མཆོག་ Karnataka མངའ་སྡེའི་ནང་རྟེན་གཞི་བྱས་པའི་མོན་གྷོ་འདོད་དགུ་གླིང་ཕྱོགས་སུ་ཆིབས་བསྒྱུར་བསྐྱངས་ཏེ། ཕྱི་ཚེས་ ༡༤ ཉིན་ཁུལ་དེར་རྟེན་གཞི་བྱས་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་མཛད་རྒྱུ་དང་། དེ་བཞིན་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་ཚུགས་ནས་ལོ་དྲུག་འཁོར་བའི་མཛད་སྒོར་དབུ་བཞུགས་ཀྱིས་བཀའ་སློབ་བཀའ་དྲིན་བསྩལ་རྒྱུ་། དེ་བཞིན་ཕྱི་ཚེས་ ༡༦  དང་༡༧ བཅས་ཉིན་གྲངས་གཉིས་ཀྱི་རིང་འབྲས་སྤུངས་བློ་གསལ་གླིང་དུ་ཚེ་དབང་གི་ཆོས་འབྲེལ་དང་དབུ་མ་བཞི་བརྒྱ་བའི་བགྲོ་གླེང་ལ་དབུ་བཞུགས་མཛད་རྒྱུ་ཡིན་པ་རེད། ཕྱི་ཚེས་ ༢༠ དང་ ༢༡ ཉིན་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བླ་སྤྱིར་འཇམ་མགོན་བླ་མ་༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱས་ནས་ལོ་ངོ་ ༦༠༠ འཁོར་བའི་༸རྗེ་ཙོང་ཁ་པའི་རྗེས་དྲན་གྱི་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཆེན་མོ་དང་། ༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་༸སྐུ་ཞི་བར་གཤེགས་ནས་མི་ལོ་ངོ་ ༦༠༠ འཁོར་བའི་རྗེས་དྲན་མཛད་སྒོར་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུ་མ་ཟད་ཕྱི་ཚེས་ ༢༢ ཉིན་དགའ་ལྡན་དགོན་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་འབྲས་སྤུངས། དགའ་ལྡན་དགོན་པ་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་སོགས་ཐུགས་གཏན་འཁེལ་ཡོད་པ་རེད།

བལ་ཡུལ་ནང་བོད་མི་རྣམས་ཀྱིས་དམ་དྲག་འོག་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་སྲུང་བརྩི་ཞུས་འདུག 

ཁ་སང་ཟླ་ ༡༢ ཚེས་ ༡༠  ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༣༠ འཁོར་བའི་ཉིན་མོ་དང་།  རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་གནང་ནས་ལོ་ངོ་ ༧༡ འཁོར་བའི་དུས་དྲན་མཉམ་འཛོམས་ཐོག  བལ་ཡུལ་རྒྱལ་ས་ཀཱཋ་མཱཎ་ཌུ་ནང་བལ་ཡུལ་དོན་གཅོད་ཁང་གི་གོ་སྒྲིག་འོག་དུས་སྟོན་སྲུང་བརྩི་ཞུས་གནང་འདུག དེ་ཡང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་འདོན་སྤེལ་གནང་བའི་གནས་ཚུལ་ལ་གཞིགས་ན།  ཁ་སང་བལ་ཡུལ་རྒྱལ་ས་ཀཱཋ་མཱཎ་ཌུ་ནང་བལ་ཡུལ་དོན་གཅོད་ཁང་གི་གོ་སྒྲིག་འོག་འཕགས་པ་ཤིང་ཀུན་མཆོད་རྟེན་གྱི་ཉེ་འགྲམ་བྲག་དཀར་དགོན་པའི་ཚོམས་ཆེན་དུ་སྔ་དྲོ་ཆུ་ཚོད་ ༩ ཐོག་གཞུང་འབྲེལ་མཛད་སྒོ་ཚོགས་ཡོད་པ་དང་།  སྐབས་དེར་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བལ་ཡུལ་ཤེལ་དཀར་ཆོས་སྡེ་གྲྭ་ཚང་གི་མཁན་ཪིན་པོ་ཆེ་མཆོག་དབུས་པའི་བལ་ཡུལ་སྐུ་ཚབ་དོན་གཅོད་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་།   ཕྱོགས་བཞུགས་སྤྱི་འཐུས་རྣམ་པ་དང་སྤྱི་ཟུར་རྣམ་པ།   བལ་ཡུལ་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བ་ཝཱ་ནཱི་ཁ་རེལ་མཆོག་དང་།    དགོན་སྡེ་ཁག་གི་འགན་འཛིན་དང་སྐུ་ཚབ།   དེ་བཞིན་ས་འཐུས་ཁག་གི་ཚོགས་གཙོ་རྣམ་པ་དང་།  ས་གནས་འགོ་འཛིན་རྣམ་པ། གཞན་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་འགན་འཛིན་རྣམ་པ།  རྣམ་རྒྱལ་འབྲིང་རིམ་སློབ་གྲྭའི་དགེ་ལས་སློབ་ཕྲུག་དང་སེར་སྐྱ་མི་མང་སྟོང་ཕྲག་ཕྱེད་ལྷག་འདུ་འཛོམས་ཀྱིས།  སྐུ་མགྲོན་གཙོ་བོ་ནས་གསུངས་བཤད་དང་དེ་བཞིན་སློབ་གྲྭའི་སློབ་ཕྲུག་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་བསྟོད་གླུ་བླངས་པ་སོགས་སྒོ་ནས་དུས་དྲན་སྲུང་བརྩི་ཞུས་འདུག འོན་ཀྱང་མཛད་སྒོ་ཚོགས་བཞུགས་རིང་བལ་གཞུང་ས་གནས་ཉེན་རྟོག་པ་ཡོང་ནས་རྟོག་ཞིབ་དང་། གསང་བའི་ལས་བྱེད་པ་མི་ཉུང་བ་ཞིག་ཆེད་མངགས་འགྲེམ་འཇོག་ཀྱིས་ཆབ་སྲིད་ལས་འགུལ་སྤེལ་མིན་ཐད་སོ་ཉུལ་དོ་ནན་བྱས་ཡོད་ནའང་།  གཞུང་འབྲེལ་མཛད་སྒོ་མཛད་རིམ་ལྟར་ལེགས་པོ་བྱུང་ཡོད་པ་རེད་འདུག གཞི་རྩའི་ཟླ་ ༡༢ པའི་ཚེས་ ༡༠ ཉིན་མོ་དེ་འཛམ་གླིང་གང་སར་གནས་བཞུགས་བོད་མི་རྣམ་གྱིས་བྱེད་སྒོ་འདྲ་མིན་སྒོ་ནས་ཉིན་མོ་དེ་སྲུང་བརྩི་ཞུ་བཞིན་ཡོད་པ་དང་།  འདི་ལོར་ཡང་བོད་མི་རྣམས་ཀྱིས་༸རྒྱལ་བའི་བཀའ་དགོངས་བཞིན་དབུལ་ཕོངས་ལ་རོགས་སྐྱོར་དང་།  ཡང་ཁག་ཅིག་ནས་བོད་ནང་གི་ཆེས་ཛ་དྲག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དྲིལ་བསྒྲགས་དང་འབྲེལ་རྒྱ་ནག་གཞུང་ཚབ་མདུན་དུ་ཞི་རྒོལ་གནང་བ་དང་།  དེ་བཞིན་ད་བར་རྒྱ་གཞུང་གིས་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གནང་བའི་སྒོ་ནས་སྐུ་སྲོག་བློས་བཏང་གནང་མཁན་གྱི་རྒྱལ་གཅེས་པ་ཡོངས་ཀྱི་སླད་མྱ་ངན་གུས་འདུད་སོགས་རྣམ་པ་འདྲ་མིན་སྒོ་ནས་ཉིན་མོ་དེ་སྲུང་བརྩི་ཞུས་ཡོད་པ་རེད། ༼ བལ་ཡུལ་དང་འབྲེལ་འདྲ་པར།  བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ནས་བྱུང་བ།༽    

Latest news