Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

གནས་མཆོག་རྡོ་རྗེ་གདན་དུ་བསྐྱང་རྒྱུའི་མཛད་འཆར་གྱི་ཟླ་ཚེས་ལ་འགྱུར་བ་ཕྲན་བུ་ཕྱིན་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༢༠༢༠ ལོར་གནས་མཆོག་རྡོ་རྗེ་གདན་དུ་བསྐྱང་རྒྱུའི་མཛད་འཆར་གྱི་ཟླ་ཚེས་ལ་འགྱུར་བ་ཕྲན་བུ་ཕྱིན་འདུག དེ་སྔ་མཛད་འཆར་ཐུགས་གཏན་ཁེལ་ཁོངས་སུ་༸གོང་ས་མཆོག་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༢ མགོ་སྟོད་དུ་གནས་མཆོག་རྡོ་རྗེ་གདན་དུ བཀའ་ཆོས་བསྩལ་རྒྱུ་ཐུགས་གཏན་འཁེལ་ཡོད་ཀྱང་། ད་རེས་ཉེ་ཆར་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་གནས་ཐོག་ཡོངས་གྲགས་གནང་བར་༸གོང་ས་མཆོག་ནས་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༡ ཚེས་ ༢ ཉིན་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་དང་། ཕྱི་ཚེས་ ༣ ཉིན་དད་ལྡ་མང་ཚོགས་ཡོངས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་རྒྱུ། དེ་རྗེས་ཕྱི་ཚེས་ ༤ ནས་ ༦ བར་ཉིན་གྲངས་གསུམ་རིང་སྔར་ལོ་ ༢༠༡༨ ལོར་༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་བསྩལ་བའི་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་འཕྲོས་སྐྱོང་མཛད་རྒྱུ་བཅས་ཐུགས་གཏན་ཁེལ་འདུག དེ་བཞིན་ལོ་རྗེས་མའི་ཕྱི་ཟླ་ ༢ ཕྱི་ཚེས་ ༤ ནས་ ༥ བར་ཉིན་གྲངས་གཉིས་རིང་བྷེ་ཧར་མངའ་སྡེའི་རཱ་ཇི་གྷར་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་རཱ་ཇི་གྷར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ནས་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་རྒྱལ་སྤྱིའི་ནང་པའི་ཚོགས་འདུར་དབུ་བཞུགས་བཀའ་དྲིན་མཛད་གཏན་འཁེལ་ཡོད་པ་མ་ཟད། ཕྱི་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༣ ཚེས་ ༩ སྟེ་ལོ་གསར་གྱི་ཚེས་པ་ ༡༥ སྟེ་ཆོ་འཕྲུལ་དུས་ཆེན་ཉིན་བཞུགས་སྒར་དྷརྨ་ཤཱ་ལཱའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་བཀའ་ཆོས་བཀའ་དྲིན་བསྩལ་རྒྱུ་ཡིན་པ་རེད། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༡༢ ཕྱི་ཚེས་ ༧ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཀིརྟིའི་བྱེས་པ་གྲྭ་ཚང་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་མཛད་སྒོར་དབུ་བཞུགས་མཛད་ཀྱི་ཡོད་པ་དང་། དེ་རྗེས་བཞུགས་སྒར་ནས་རྒྱ་གར་ནུབ་ཕྱོགས་དང་ལྷོ་ཕྱོགས་ཁུལ་གྱི་མཛད་འཆར་སླད་ཆིབས་ཐོན་མཛད་དེ་ཕྱི་ཚེས་ ༡༡ ཉིན་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ནུབ་གྷོ་བ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་གྷོ་བ་གཙུག་ལག་སློབ་གྲྭ་ཆེན་མོས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཁུལ་དེར་དེང་རབས་ཀྱི་དུས་ཚོད་འདིར་དཔལ་ནཱ་ལེནྡཱའི་རིག་གནས་ཀྱི་འབྲེལ་བ་ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་བསྩལ་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༡༤ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོར་རྟེན་གཞི་བྱས་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་དང་། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་ཚུགས་ནས་ལོ་དྲུག་འཁོར་བའི་མཛད་སྒོར་དབུ་བཞུགས་ཀྱིས་བཀའ་སློབ་བསྩལ་རྒྱུ། ཕྱི་ཚེས་ ༡༦  དང་༡༧ གཉིས་སུ་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་དུ་ཚེ་དབང་གི་ཆོས་འབྲེལ་དང་དབུ་མ་བཞི་བརྒྱ་བའི་བགྲོ་གླེང་ལ་དབུ་བཞུགས་མཛད་རྒྱུ། དེ་ནས་ཕྱི་ཚེས་ ༢༠ དང་ ༢༡ རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བླ་སྤྱི་རུ་འཇམ་མགོན་བླ་མ་༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱས་ནས་ལོ་ངོ་ ༦༠༠ འཁོར་བའི་༸རྗེ་ཙོང་ཁ་པའི་རྗེས་དྲན་གྱི་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཆེན་མོ་དང་། ༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་༸སྐུ་ཞི་བར་གཤེགས་ནས་མི་ལོ་ངོ་ ༦༠༠ འཁོར་བའི་རྗེས་དྲན་མཛད་སྒོར་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུ་མ་ཟད་ཕྱི་ཚེས་ ༢༢ ཉིན་དགའ་ལྡན་དགོན་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་འབྲས་སྤུངས། དགའ་ལྡན་དགོན་པ་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་སོགས་ཀྱི་མཛད་འཆར་ཐུགས་གཏན་འཁེལ་ཡོད་པ་རེད།

ས་དགེ་བཀའ་རྙིང་རིས་མེད་ཀྱིས་སློབ་གཉེར་ཐོག་ལ་མུ་མཐུད་ཧུར་སྐྱེད་གནང་དགོས།

བོད་མིའི་བླ་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་གངས་སྐྱིད་ཚོགས་ཁང་གསར་པར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་ཞུས་པའི་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པའི་ཚོགས་དུས་ཉིན་མཐའ་མིའི་ཚོགས་མགོན་དུ་དབུ་བཞུགས་བཀའ་དྲིན་བསྐྱངས་ཏེ་ས་དགེ་བཀའ་རྙིང་རིས་མེད་ཀྱིས་མུ་མཐུད་བསླབ་པ་སློབ་གཉེར་ཐོག་ལ་ཧུར་སྐྱེད་གནང་དགོས་པའི་ལམ་སྟོན་མཛད་སོང་། དེ་རིང་ཟླ་ ༡༡ ཚེས་ ༢༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པ་ཡོལ་ཙམ་ལ་མགོན་པོ་༸གང་ཉིད་མཆོག་ཆོས་ཚོགས་ཀྱི་ཚོགས་རིའི་སྡིངས་ཆའི་ཐོག་༸ཞབས་སོར་བདེ་བར་འཁོད་མཚམས་སུ་བོད་ཀྱི་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་དབུས་པའི་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་བསྩལ་གྲུབ་བསྟུན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཎྜེལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། དེ་བཞིན་རྟེན་འབྲེལ་མཚོན་བྱེད་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུ་ཐོག་མཛད་རིམ་ཁག་དབུ་འཛུགས་གནང་སོང་། སྐབས་དེར་༸གོང་ས་མཆོག་གིས་ནང་པ་སངས་རྒྱས་པའི་བསྟན་པ་ཐོག་མར་དར་འཕེལ་བྱུང་ཚུལ་ངོ་སྤྲོད་མཛད་པ་དང་སྦྲགས། སངས་རྒྱས་ཀྱི་བསྟན་པ་དེ་བོད་གངས་ཅན་ལྗོངས་ལ་དར་བ་ནས་བཟུང་སྐབས་དེའི་བོད་མི་ཚོས་གང་ཟག་དགོས་མཚན་དང་འབྲེལ་བའི་སྔགས་ཀྱི་ཆོ་གར་དོ་སྣང་ཆེན་པོ་བྱས་ཡོད་ཀྱང་། བསྟན་པ་སྤྱི་མཚན་དང་འབྲེལ་བའི་གཞུང་ཆེན་དག་ལ་བསླབ་པ་སློབ་གཉེར་གནང་སྟེ་གཟིགས་རྒྱུ་སོགས་ལ་དོ་སྣང་ཆུང་དྲག་པ་ལྟ་བུར་གྱུར་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་གིས་བོད་མི་རྣམས་བཙན་བྱོན་ནང་འབྱོར་རྗེས་ ༡༩༦༠ རེ་གྲངས་མཚམས་སུ་དགོན་སྡེ་ཁག་ཏུ་གཞུང་ཆེན་ཁག་ལ་སློབ་གཉེར་གནང་རྒྱུ་གལ་ཆེན་པོ་ཡིན་པའི་འབོད་སྐུལ་གནང་བ་ལྟར། ད་ཆ་དེ་སྔ་སྔགས་ཀྱི་ཆོ་ག་གཙོ་བོ་གནང་མཁན་གཙོ་གྱུར་དགོན་སྡེ་ཁག་མང་པོ་ཞིག་གིས་ཕྱག་དཔེ་གཟིགས་རྒྱུ་དབུ་འཛུགས་གནང་བ་མ་ཟད་བཙུན་མ་ཚོས་ཀྱང་གཞུང་ཆེན་ཁག་ལ་བསླབ་པ་སློབ་གཉེར་གནང་སྟེ་དགེ་བཤེས་མ་ཐོན་ཐུབ་པ་སོགས་ཀྱི་གནས་སྟངས་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་དེང་གི་འཛམ་གླིང་ཐོག་བོད་མི་རྣམས་ཀྱིས་བདག་གཅེས་གནང་བའི་༸དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་སྤྱི་དང་ཁྱད་པར་དུ་སེམས་ཁམས་རིག་པའི་རྣམ་གཞག་ཐོག་ལ་ཚན་རིག་མཁས་པ་དང་ཤེས་ཡོན་ཅན། དེ་བཞིན་ཆོས་དངོས་སུ་ཁས་ལེན་མི་བྱེད་མཁན་ཚོས་ཀྱང་དོ་སྣང་གནང་ཡུལ་གསར་པ་ཞིག་ཏུ་གྱུར་ཡོད་པ་བཀའ་བསྩལ་སོང་།  ལྷག་པར་དུ་༸གོང་ས་མཆོག་གིས་༸དཔལ་ནཱ་ལེནྡཱ་ནས་དར་པའི་སངས་རྒྱས་ཀྱི་ཆོས་འདི་ནི་ང་ཚོས་རིག་པའི་ཐོག་ནས་དཔྱད་རྒྱུ་ཡོད་པའི་ཐུན་མིན་གྱི་ཁྱད་ཆོས་ལྡན་ཡོད་པ་བཀའ་བསྩལ་བ་དང་སྦྲགས། རྒྱ་གར་གྱི་མཁན་ཆེན་ཞི་འཚོས་ལམ་སྟོན་མཛད་པ་ལྟར་དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་དེ་བོད་བསྒྱུར་ཞུས་ཏེ་དེ་དག་ལ་བསླབ་པ་སློབ་གཉེར་གནང་བ་མ་ཟད་བོད་མི་ཚོས་ཆོས་བརྒྱུད་དེ་བདག་ཉར་འཐུས་སྒོ་བ་ཞིག་བྱས་ཡོད་པ་དང་། བྱེས་སུའང་ས་དགེ་བཀའ་རྙིང་རིས་མེད་ཀྱིས་སློབ་གཉེར་ཐོག་ལ་ཐུགས་སྣང་ཆེན་པོ་གནང་བར་ཡི་རང་བསྔགས་བརྗོད་མཛད་པ་མ་ཟད་ས་དགེ་བཀའ་རྙིང་རིས་མེད་ཀྱིས་མུ་མཐུད་དེ་དག་ལ་ཧུར་སྐྱེད་ཀྱིས་སློབ་གཉེར་གནང་དགོས་པ་དང་དེ་ཡང་སེམས་ཁམས་རིག་པ་གཙོ་བོར་གྱུར་པའི་ཚད་མ་རིག་པའི་རྣམ་གཞག་དེ་དག་ཤེས་ཡོན་གྱི་སྡེར་བཞག་ནས་སློབ་སྦྱོང་སྤྲོད་རྒྱུར་ཤུགས་སྣོན་རྒྱག་དགོས་གལ་ཡིན་པའི་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད། དེ་བཞིན་༸གོང་ས་མཆོག་གིས་ང་ཚོ་བོད་མི་རྣམས་བཙན་བྱོལ་བ་ཆགས་པ་དེ་ནི་རྐྱེན་ངན་གྲོགས་ཤར་ལྟ་བུར་གྱུར་ཡོད་པ་དང་གཞིས་ལུས་རྒྱ་ཆེ་མང་ཚོགས་ཚོས་ལྷག་བསམ་དང་སྙིང་སྟོབས་གཡོ་བ་མེད་པར་བཞུགས་པ་དེས་བཙན་བྱོལ་བོད་མི་རྣམས་ལ་སེམས་ཤུགས་འཕར་མ་ཞིག་བསྐྲུན་ཐུབ་པ་དང་། བཙན་བྱོལ་ནང་གི་བོད་མི་ཚོས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་གནང་སྟེ་གཞིས་བཞུགས་བོད་མི་དག་ལ་སྤྲོ་བ་འཕེལ་ཐུབ་པ་ཞིག་བྱུང་ཡོད་སྐོར་བཀའ་བསྩལ་སོང་། རྩ་བའི་བཙན་བྱོན་བོད་མིའི་ཆོས་ཚོགས་ཐོག་ཐེངས་ ༡༤ པ་འདི་རེས་གཟའ་ལྷག་པ་ཉིན་དབུ་འཛུགས་གནང་སྟེ་དེ་རིང་བར་ཁྱོན་ཉིན་གྲངས་གསུམ་གྱི་རིང་ཚོགས་ཡོད་པ་དང་། ཚོགས་དུས་ཉིན་གཉིས་པའི་ཐོག་བོད་ཀྱི་དགོན་སྡེ་རྣམས་སུ་དུས་བསྟུན་བཤད་སྒྲུབ་ཆོས་སྤྱོད་རྒྱུན་འཛིན་དང་གོང་སྤེལ་གནང་ཕྱོགས། ཆོས་ལུགས་གཞན་དང་མཐུན་འབྲེལ་དང་མཉམ་ལས་ཡར་རྒྱས་གཏོང་ཕྱོགས། གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་གཞི་རྒྱུན་སྐྱོང་དང་གོང་སྤེལ་གནང་ཕྱོགས། དགོན་སྡེ་ཁག་གི་གྲྭ་བཙུན་རྣམ་ཀྱི་འཕྲོད་བསྟེན་ཐོག་གཟིགས་སྐྱོང་དང་འགན་འཁུར་གནང་ཕྱོགས་བཅས་གྲོས་གཞི་གཙོ་བོ་བཞི་དང་གནད་དོན་གཞན་བཅས་ཀྱི་ཐོག་གྲོས་ཆོད་དོན་ཚན་ ༣༢ གཏན་འབེབས་གནང་ཡོད་པ་མ་ཟད། ཁྱད་པར་དུ་ཆོས་ཚོགས་ཉིན་དང་པོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་བའི་སྤྱི་མོས་ཀྱིས་གྲོས་ཆོད་དོན་ཚན་གསུམ་ཅན་ཞིག་གཏན་འབེབས་གནང་ཡོད་ཀྱང་། དེ་རིང་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་ཡང་སྲིད་ཐད་ཁྱེད་རང་ཚོས་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་བ་ལས་༸སྐུའི་ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་བའི་དམིགས་བསལ་བཀའ་སློབ་གང་ཡང་བསྩལ་མེད་པ་རེད། དེ་རིང་སྔ་དྲོའི་མཛད་རིམ་གྲུབ་རྗེས་ཉིན་རྒྱབ་ཚོུད་ ༡ ཐོག་ཆོས་ཚོགས་ཐེངས་ ༡༤ པའི་མཇུག་སྡོམ་མཛད་སྒོ་ཚོགས་ཡོད་པ་དང་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཐེངས་འདིའི་ཆོས་ཚོགས་ཐོག་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་བསྟན་བདག་རྣམ་པས་དབུས་པའི་སྐུ་ཚབ་དང་ཚོགས་བཅར་བ་རྣམས་མཉམ་འཛོམས་ཐུབ་པ་འདིས་ཆིག་སྒྲིག་གི་རྣམ་པ་མངོན་གསལ་གནང་ཐུབ་ཡོད་པ་དང་། ལྷག་པར་དུ་ཆོས་ཚོགས་ཐོག་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་སྤྱི་མོས་ཀྱིས་གཏན་འབེབས་གནང་བར་བསྔགས་བརྗོད་སོགས་གནང་བ་དང་ཆབས་ཅིག ཆོས་ཚོགས་རིམ་ཚོགས་ཐོག་གྲོས་ཆོད་གཏན་འབེབས་གནང་ཁག་དང་ལྷག་པར་དུ་ཆོས་ཚོགས་ཐོག་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ཇི་ཕེབས་ཁག་ཕྱག་བསྟར་གནང་གནད་ཡིན་པ་གསུངས་ཡོད།

ཡང་སྤྲུལ་རྩད་གཅོད་ཁོ་ནར་དམིགས་པའི་ཚོགས་ཆུང་ཟུར་དུ་འཛུགས་དགོས།

བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པའི་ལྷན་ཚོགས་འདིའི་ཐོག་༸དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་༸སྐུ་དངོས་ཆིབས་བསྒྱུར་བསྐྱང་ཐུབ་མེད་སྟབས། ཁ་ཉིན་ཕྱི་ཚེས་ ༢༧ ༸སྐུའི་བླ་གཟའ་དང་བསྟུན་རིན་པོ་ཆེ་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཕེབས་ཕྱོགས་ལ་འཕྲོས་པའི་དགོངས་འཆར་ཤོག་ལྷེ་བདུན་ཅན་གྱི་གསུང་འཕྲིན་ཞིག་བསྩལ་ཡོད་པ་རེད། རིན་པོ་ཆེ་མཆོག་གིས་བསྩལ་བའི་གསུང་འཕྲིན་དེའི་ནང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་ཙམ་དུ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་དང་། སོག་པོ་གཙོས་བོད་བརྒྱུད་ནང་བསྟན་འཛིན་པའི་རྒྱལ་ཁབ། དེ་བཞིན་འཛམ་བུ་གླིང་འདིའི་ཐོག་མགོན་པོ་མཆོག་ལ་དད་གུས་དང་དགའ་ཞེན་ཅན་གྱི་མི་ས་ཡ་བྱེ་བ་དུ་མའི་རེ་འདུན་དང་ཡིད་ཆེས་ཤིག་ཡིན་སྟབས། ༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་སྲིད་གཞུང་དང་ཚོགས་པ། མི་སྒེར་སོགས་ཀྱི་སྲིད་ཀྱི་ཁེ་ཕན་གྲུབ་ཆེད་དུ་མི་འགྲོ་བར་དམ་པའི་ལྷ་ཆོས་དང་མཐུན་ཞིང་བསྟན་འགྲོ་སྤྱི་དཔལ་དུ་འགྱུར་བ་ཞིག་དགོས་པ་ནི་གནད་འགག་གཙོ་བོ་ཡིན་ཞེས་དགོངས་འཆར་ཕུལ་བ་དང་སྦྲགས། མགོན་པོ་མཆོག་ནི་བླ་བྲང་གཅིག་ཙམ་དང་། ཆོས་བརྒྱུད་གཅིག ལུང་པ་གཅིག་གྱི་བླ་མ་མ་ཡིན་པར་བོད་བརྒྱུད་ནང་བསྟན་འཛིན་པ་ཀུན་གྱིས་གཙོས་པའི་བོད་མི་ཡོངས་ཀྱི་མགོན་སྐྱབས་ཤིག་ཡིན་སྟབས། བོད་ཀྱི་ཆོས་བརྒྱུད་ཆེན་པོ་རྣམས་དང་གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་བླ་ཆེན་དང་། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་བཅས་ཀྱི་རྒྱབ་བརྟེན་དང་མཐུན་འགྱུར་ནི་མེད་ཐབས་མེད་པ་ཞིག་ཡིན་སྐོར་གསུངས་ཏེ་ཡང་སྤྲུལ་རྩད་གཅོད་ཀྱི་བརྒྱུད་རིམ་ཁྲོད་དེ་དག་ཕན་ཚུན་ཞོགས་འདེགས་དང་། ལས་འཁུར་ཇི་ལྟར་བཞེས་དགོས་མིན་སོགས་ཀྱི་བཀའ་ལུང་ཞལ་གསལ་མེད་ཚེ་རྙོག་འཛིངས་ཆེན་པོ་ཡོང་ངེས་ལ་གཟིགས་ཏེ་ཡང་སྤྲུལ་རྩད་གཅོད་ཁོ་ནར་དམིགས་པའི་ཚོགས་ཆུང་ཟུར་དུ་འཛུགས་དགོས་མིན་སོགས་ཀྱི་ཐུགས་དགོངས་ཆེན་པོར་བཞེས་གནང་ཡོང་བའི་གསོལ་འདེབས་ཕུལ་འདུག གཞན་ཡང་རིན་པོ་ཆེ་མཆོག་གིས་དུས་ཀྱི་འགྱུར་ཤུགས་དྲག་པས་འབྱུང་འགྱུར་གནས་སྟངས་ཇི་ཡོང་གསུང་ཚོད་མི་ཐིག་ཞེས་གསུངས་ཏེ་གལ་ཏེ་ཡང་སྲིད་འཁྲུལ་བྲལ་ཞིག་ཕེབས་ཀྱང་དེ་ལ་ཞབས་ཞུ་སྒྲུབ་མཁན་བསམ་རྒྱ་ཆེ་བ། སྤྱི་སེམས་ཆེ་བ། ཤེས་རྒྱ་ཆེ་བའི་གང་ཟག་ཁྱད་པར་ཅན་ཞིག་དགོས་ཀྱི་ཡོད་ཀྱང་། ༸སྐུའི་ཡོངས་འཛིན་ཀྱང་གདན་ས་ཆེན་པོ་གསུམ་སོགས་ནས་དགེ་བའི་བཤེས་གཉེན་ཚད་ལྡན་ཞིག་༸གོང་ས་མཆོག་༸སྐུ་ཉིད་ཀྱིས་ད་ལྟ་ནས་འཚོ་སྐྱོང་ཡོང་བའི་གསོལ་འདེབས་དང་འབྲེལ། ༸རྒྱ་བའི་ཡང་སྲིད་རིན་པོ་ཆེའང་ཆོས་ལུགས་རིས་མེད་ཀྱི་ཐོག་ནས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་རྣམས་ཀྱི་བླ་མ་ཚད་ལྡན་གྱི་མདུན་ནས་བཀའ་ལུང་དབང་གསུམ་ཞུ་རྒྱུའི་ཐུགས་རེ་ཡོད་ཅེས་གསུངས་འདུག རིན་པོ་ཆེ་མཆོག་གིས་ད་དུང་བོད་ལྷ་ལྡན་ཞིང་དུ་བླ་སྤྲུལ་ཡང་སྲིད་ཀྱི་བྱུང་བ་དང་ཡང་སྲིད་ཕེབས་ཕྱོགས་ཀྱི་ལམ་བུ་སོགས་ཞིབ་ཕྲང་ངོ་སྤྲོད་གནང་བ་དང་སྦྲགས། རྒྱ་ནག་གཞུང་གིས་༸སྐུའི་ཡང་སྲིད་ཀྱི་ཐད་ལ་འཛིན་པའི་སྲིད་བྱུས་ཇི་ཡིན་དང་དེའི་དབང་གིས་ཤུགས་རྐྱེན་ཇི་འདྲ་ཐེབས་མིན་ལ་བརྟག་གལ་ཆེ་བ་དང་། དེ་ལས་གལ་འགངས་ཆེ་བ་ནི་ངོ་རྒོལ་བྱ་རྒྱུ་ཙམ་མིན་པར་ཡིད་ཆེས་བློ་གདེངས་འཁེལ་བའི་ཁ་ཕྱོགས་དང་ཐབས་ལམ་འདི་དང་འདི་ཡོད་ཟེར་བའི་ལངས་ཕྱོགས་བརྟན་པོ་ཞིག་བྱུང་ན་གཞན་ཟིལ་གྱིས་ནོན་ཞིང་རང་བློ་བདེ་བར་ཡོང་རྒྱུ་དང་། དེ་བཞིན་སྤྱི་ཚོགས་ཀྱི་ཁྲོད་དུ་མ་འདས་སྤྲུལ་སྐུའི་བྱེད་ཐབས་དེ་འོས་ཤིང་འཚམས་པ་རེད་ཟེར་མཁན་མང་ནའང་། ཐབས་ལམ་འདི་ནི་ཡོངས་སུ་གྲགས་པ་ཞིག་མིན་ཅིང་། གཞན་གྱི་ཡིད་ཆེས་ཇི་ཙམ་རྙེད་མིན་གསུང་ཚོད་དཀའ་བ་རེད་ཅེས་གསུངས་འདུག རྩ་བའི་༸དཔལ་རྒྱལ་དབང་ཀརྨ་པ་རིན་པ་ཆེ་མཆོག་ད་རེས་ཀྱི་ཆོས་ཚོགས་ཐེངས་ ༡༤ པ་འདིའི་ཐོག་དངོས་སུ་ཆེད་ཕེབས་གནང་ཐུབ་མེད་པར་བརྟེན། རིན་པོ་ཆེ་མཆོག་གི་སྐུ་ཚབ་ཏུ་ཚུར་ཕུ་རྒྱལ་ཚབ་གཽ་ཤྲི་རིན་པོ་ཆེ་མཆོག་ཆེད་ཕེབས་གནང་ཡོད་པ་ལྟར་རིན་པོ་ཆེ་མཆོག་གིས་ཁ་སང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་དང་དམིགས་བསལ་མཇལ་ཁ་ཞུས་ཡོད་པ་རེད། དེ་བཞིན་ཁ་སང་ཕྱི་ཚེས་ ༢༨ ཉིན་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པའི་ལྷན་ཚོགས་ཐོག་བཅར་བའི་སྔ་འགྱུར་རྙིང་མའི་བླ་ཆེན་རྫོགས་ཆེན་དགའ་ནོར་རིན་པོ་ཆེ་མཆོག་གིས་༸སྐུའི་ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་ནས་བླ་མ་སྐྱེས་ཆེན་དག་གི་ཡང་སྲིད་ངོས་འཛིན་མཛད་ཚུལ་སྤྱིའི་འགྲོ་ལུགས་ལྟར་གནང་ཡང་མི་འཐད་པ་ཆ་གང་ཡང་མེད་ཀྱང་། རབ་དང་ཕུལ་དུ་བྱུང་ན་མགོན་པོ་མཆོག་༸སྐུ་དངོས་འཚོ་བཞེས་སུ་བཞུགས་པའི་སྐབས་ཡེ་ཤེས་ཀྱི་དབྱིངས་ནས་དགོངས་པ་བལྟས་ཏེ་༸སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཕོ་བའི་མ་འདས་སྤྲུལ་སྐུ་ཞིག་འཇོག་གནང་ཡོང་བའི་གསོལ་འདེབས་ཞུས་ཡོད་པ་དང་། མགོན་པོ་མཆོག་གིས་དེ་ལྟར་གནང་ཐུབ་ཚེ་གྲངས་ཆ་བཅུ་ཕྲག་གཉིས་ཙམ་གྱི་རིང་ལ་སྐུ་དངོས་ཀྱི་དྲུང་ནས་དབང་ཁྲིད་མན་ངག་མཐའ་དག་གསན་བསམ་གནང་ནས་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གཅིག་འདྲེས་སུ་འགྱུར་ངེས་ཡིན་པར་གསོལ་འདེབས་ཞུས་ཡོད་པ་རེད། དེ་བཞིན་འཁོན་རིགས་བསྟན་པའི་གཙུག་རྒྱན་༸དཔལ་ས་སྐྱ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པའི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་༸སྐུའི་ཡང་སྲིད་ཕེབས་དགོས་གལ་ཡིན་ཀྱང་ཡང་སྲིད་དེ་ཆོས་ལུགས་གང་གི་ཁོངས་སུ་འཁྲུངས་མིན་ལ་བལྟོས་མེད་དེར་ཡིད་ཆེས་དང་ངོས་འཛིན་ཞུ་དགོས་པ་མ་ཟད། ང་ཚོས་ཀྱང་ཡང་སྲིད་རིན་པོ་ཆེས་བཀའ་ཆོས་བསྩལ་ཁག་ཨིན་སྐད་ལྟ་བུའི་སྐད་ཡིག་གཞན་གྱི་ནང་དུ་བཀའ་ཆོས་བསྩལ་གནང་ཡོང་བའི་གསོལ་འདེབས་ཞུ་མི་དགོས་པར་བོད་ཀྱི་སྐད་ཡིག་ཐོག་ནས་གོ་ཐུབ་པ་ཞིག་བྱེད་དགོས་ཞེས་ལམ་སྟོན་བསྩལ་ཡོད་པ་མ་ཟད། འདི་ག་རླུང་འཕྲིན་ཁང་ལའང་རིན་པོ་ཆེ་མཆོག་གིས་དེ་ལྟར་བཀའ་བསྩལ་དོན་གཙོ་བོ་ནི་༸སྐུའི་ཡང་སྲིད་ཕེབས་ཟིན་པའི་རྗེས་སུ་ང་ཚོ་ཚང་མས་མ་འགྲོས་བསམ་པ་གཅིག་མཐུན་གྱི་ཐོག་ནས་ངོས་ལེན་དང་དད་པ་ཡིད་ཆེས་ཞུ་དགོས་པའི་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་པ་དང་། ད་ལྟ་ནས་དྲན་སྐུལ་གྱི་ཚུལ་དུ་ཞུས་པ་ཡིན་ན་སླད་མར་དངོས་སུ་གནས་སྟངས་དེ་འདྲ་ཞིག་ཤར་བའི་སྐབས་སུ་རྙོག་འཛིང་མི་ཡོང་བའི་ཕྱིར་བཀའ་བསྩལ་བ་ཞིག་ཡིན་སྐོར་གསུངས་ཡོད།  

ཆོས་ཚོགས་ཚོགས་ཆེན་བཅུ་བཞི་བའི་ཉིན་གཉིས་པའི་ཐོག་གྲོས་ཆོད་དོན་ཚན་ ༣༢ གཏན་འབེབས།

ཆོས་ཚོགས་ཚོགས་ཆེན་བཅུ་བཞི་བའི་ཉིན་གཉིས་པའི་ཐོག་གྲོས་ཆོད་དོན་ཚན་ ༣༢ གཏན་འབེབས། ཁ་སང་རེས་གཟའ་ལྷག་པ་ནས་བཞུགས་སྒར་གངས་སྐྱིད་ཚོགས་ཁང་གསར་པའི་ནང་དུ་བཙན་བྱོལ་བོད་མིའི་ཆོས་བརྒྱུད་ཁག་གི་་བསྟན་བདག་དབུ་ཁྲིད་བླ་ཆེན་རྣམས་ཀྱི་དབུས་པའི་ཆོས་སྡེ་ཁག་གི་སྐུ་ཚབ་བཅས་ཁྱོན་ཚོགས་བཅར་བ་ ༡༡༧ ལྷག་ཙམ་དབུ་བཞུགས་ཐོག་བཙན་བྱོན་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཚོགས་དུས་ཉིན་གཉིས་པའི་ཐོག་ཆོས་ཚོགས་འདིའི་གྲོས་གཞི་གཙོ་བོ་བཞི་དང་དོན་གནད་གཞན་བཅས་ཀྱི་ཐོག་ཁྱོན་གྲོས་ཆོད་ ༣༢ སྤྱི་མོས་ཐོག་ནས་གཏན་འབེབས་གནང་སོང་། དེ་ཡང་ཁ་སང་ཉིན་དང་པོའི་ཉིན་རྒྱབ་ཏུ་ཚོགས་བཅར་བ་རྣམས་སྡེ་ཚན་བཞི་རུ་འཆར་འགོད་ཐོག་བོད་ཀྱི་དགོན་སྡེ་རྣམས་སུ་དུས་བསྟུན་བཤད་སྒྲུབ་ཆོས་སྤྱོད་རྒྱུན་འཛིན་དང་གོང་སྤེལ་གནང་ཕྱོགས། ཆོས་ལུགས་གཞན་དང་མཐུན་འབྲེལ་དང་མཉམ་ལས་ཡར་རྒྱས་གཏོང་ཕྱོགས། གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་གཞི་རྒྱུན་སྐྱོང་དང་གོང་སྤེལ་གནང་ཕྱོགས། དགོན་སྡེ་ཁག་གི་གྲྭ་བཙུན་རྣམ་ཀྱི་འཕྲོད་བསྟེན་ཐོག་གཟིགས་སྐྱོང་དང་འགན་འཁུར་གནང་ཕྱོགས་བཅས་གྲོས་གཞི་གཙོ་བོ་བཞི་དང་གནད་དོན་གཞན་བཅས་ཀྱི་ཐོག་བཀའ་བསྡུར་བགྲོ་གླེང་སོགས་གནང་ཡོད་པ་རེད། དེ་རིང་ཚོགས་དུས་ཉིན་གཉིས་པའི་ཉིན་རྒྱབ་ཆུ་ཚོད་གསུམ་དང་ཕྱིད་ཀའི་ཐོག་སྡེ་ཚན་ཁག་ཏུ་བཀའ་བསྡུར་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་མཉམ་སྤུངས་ཀྱིས་མཐའ་མིའི་བགྲོ་གླེང་སོགས་གནང་མཐར། བོད་ཀྱི་དགོན་སྡེ་རྣམས་སུ་དུས་བསྟུན་བཤད་སྒྲུབ་ཆོས་སྤྱོད་རྒྱུན་འཛིན་དང་གོང་སྤེལ་གནང་ཕྱོགས་ཞེས་པའི་གྲོས་གཞིའི་འོག་དགོན་སྡེ་ཁག་ཏུ་ད་ལྟ་སློབ་གཉེར་གནང་བཞིན་པའི་གྲྭ་བཙུན་གཞོན་པ་རྣམས་མུ་མཐུད་རྒྱུན་གནས་ཀྱིས་བསླབ་པ་མཐར་སོན་ཡོང་ཐབས་ཆེད་དམིགས་བསལ་འཆར་གཞི་དང་ཐབས་ལམ་གྲ་སྒྲིག་དགོས་པ་དང་། དགོན་སྡེ་ཁག་གི་གོ་སྒྲིག་འོག་དམིགས་བསལ་མི་སྐྱ་ཚོར་ནང་ཆོས་གོ་རྟོག་སྤེལ་ཆེད་སློབ་གཉེར་གནང་ཡུལ་གོ་སྐབས་བསྐྲུན་རྒྱུ་དང་། རྒྱ་ཆེ་མང་ཚོགས་རྣམས་ལ་ཡང་ནང་ཆོས་ཀྱི་གོ་རྟོགས་སྤེལ་ཐབས་དགོས་པ། རིས་སུ་མ་ཆད་པའི་དགོན་སྡེ་ཁག་ཏུ་ཆོས་ལུགས་ཕན་ཚུན་གྱི་གཞུང་ལུགས་དང་ལྟ་གྲུབ། ཆོས་འབྱུང་ལོ་རྒྱུས་སོགས་ཀྱི་ཐོག་ལ་བགྲོ་གླེང་གང་མང་གནང་དགོས་པ། དགོན་སྡེ་ཁག་གི་གཞི་རིམ་སློབ་གྲྭ་དང་གཞུང་ཆེན་སློབ་གཉེར་གནང་ཡུལ་རྣམས་གནས་ཡུལ་རྒྱལ་ཁབ་སོ་སོའི་སློབ་གྲྭ་དང་གཙུག་ལག་སློབ་གཉེར་ཁང་ངམ་འབྲེལ་ཡོད་སྡེ་ཚན་ནས་གཞུང་འབྲེལ་ངོས་ལེན་ཡོད་པའི་ལག་འཁྱེར་ཐོབ་ཐབས་དང་དགོན་པ་སོ་སོའོ་གྲྭ་བཙུན་རྣམས་སྤུས་ཚད་དང་ལྡན་པ་ཡོང་ཐབས་སུ་ཕྱོགས་ཡོང་ནས་ལག་བསྟར་དགོས་རྒྱུ་སོགས་གྲོས་ཆོད་དོན་ཚན་༡༤ སྤྱི་མོས་ཐོག་གཏན་འབེབས་གནང་སོང་། དེ་བཞིན་གྲོས་གཞི་གཉིས་པ་ཆོས་ལུགས་གཞན་དང་མཐུན་འབྲེལ་དང་མཉམ་ལས་ཡར་རྒྱས་གཏོང་ཕྱོགས་ཞེས་པ་དང་འབྲེལ། ཆོས་རིག་ལས་ཁུངས་ནས་ཕྱི་ནང་གི་ཆོས་ལུགས་དང་ཆོས་བརྒྱུད་ནང་ཕན་ཚུན་ཐུགས་ཡིད་འོ་ཆུ་གཅིག་ཏུ་འདྲེན་ཐབས་སུ་ཡི་ཤུ་དང་ཧིན་དུ། ཁ་ཆེ་སོགས་དང་ཆོས་ལུགས་སོ་སོའི་ལྟ་གྲུབ་ཕན་ཚུན་ངོ་སྤྲོད་ཀྱི་བགྲོ་གླེང་གོ་སྒྲིག་ཞུ་དགོས་པ་དང་དེང་རབས་དང་བསྟུན་ནང་ཆོས་དང་ཚན་རིག་གཉིས་ཀྱི་གནད་དོན་གཅིག་ཏུ་འབབ་པའི་མཐུན་ཕྱོགས་ཀྱི་བགྲོ་གླེང་། དེ་བཞིན་འབར་མ་སོགས་ནང་ཆོས་བརྒྱུད་འཛིན་པ་མང་པོ་ཞིག་ནས་རང་རེའི་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་རབ་བྱུང་བ་རྣམས་ལ་མཐོང་སྣང་མ་བདེ་བ་ཡོད་ཚུལ་གོ་རྒྱུ་འདུག་པས་རང་རེའི་ངོས་ནས་དེ་ལུགས་གཟབ་དགོས་པ་སོགས་ཁྱོན་གྲོས་ཆོད་དོན་ཚན་བཞི་གཏན་འབེབས་གནང་ཡོད། མ་ཟད་གྲོས་གཞི་དོན་ཚན་གསུམ་པ་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་གཞི་རྒྱུན་སྐྱོང་དང་གོང་སྤེལ་གནང་ཕྱོགས་ཞེས་པ་དང་འབྲེལ། ད་ཕན་རིགས་གཅིག་རྐང་འཛིན་གྱི་ཉམས་ཞིབ་བྱེད་ཕྱོགས་ལ་ཞན་ཆ་མཐོང་བས། དེ་ལ་བསྐྱར་ཞིབ་དང་། མཁས་དབང་གདན་ཞུའི་ཐོག་དེང་རབས་དང་མཐུན་པའི་ཉམས་ཞིབ་བྱེད་སྟངས་ཐོག་སློབ་ཁྲིད་ལག་བསྟར་དགོས་པ། གཞུང་ཆེན་ཁག་གི་རིགས་གཅིག་རྐང་འཛིན་ཐོག་ཆོས་བརྒྱུད་སོ་སོའི་བཤད་གྲ་ཁག་ཏུ་དཔེ་ཁྲིད་དགེ་རྒན་རྣམས་ཀྱིས་ངོ་སྤྲོད་ཙམ་མ་ཟད། དེང་དུས་དང་མཐུན་པའི་ཐོག་ནས་གོམ་པ་རིམ་བརྒྱུད་དགོས་པ་སོགས་གྲོས་ཆོད་དོན་ཚན་ལྔ་བཞག་སོང་། དེ་བཞིན་གྲོས་གཞི་བཞི་པ་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་ཀྱི་འཕྲོད་བསྟེན་ཐོག་གཟིགས་སྐྱོང་དང་འགན་འཁུར་གནང་ཕྱོགས་དང་འབྲེལ། དགོན་སྡེ་ཁག་གི་དཔེ་ཁྲིད་དགེ་རྒན་ཚོར་དམིགས་བསལ་འཕྲོད་བསྟེན་དང་འབྲེལ་བའི་ཟབ་སྦྱོང་དང་སྨན་ཁང་ཡོད་པ་ཁག་ལ་རོགས་རམ་མཐུན་འགྱུར་དགོས་པ་དང་། གཞུང་ལུགས་ཁག་ཏུ་གསལ་བའི་སྲོལ་རྒྱུན་གྱི་ལུས་སྦྱོང་དར་སྤེལ་དང་རྒྱུན་འཛིན་གནང་དགོས་པ་སོགས་གྲོས་ཆོད་དོན་ཚན་བདུན། དེ་བཞིན་གནད་དོན་གཞན་ཁོངས་སུ་བོད་ཀྱི་སྤྲུལ་སྐུའི་ལམ་སྲོལ་སྐོར་དང་། ལྷག་པར་དུ་༸གོང་ས་རྒྱལ་དབང་སྐུ་འཕྲེང་རིམ་བྱོན་གྱི་ཡང་སྲིད་ངོས་འཛིན་དང་འབྲེལ་བའི་ཡིག་ཆ་འགྲེམ་སྤེལ་དགོས་པ་སོགས་གྲོས་ཆོད་དོན་ཚན་གཉིས་བཅས་ཁྱོན་གྲོས་ཆོད་དོན་ཚན་ ༣༢ གཏན་འབེབས་གནང་སོང་། རྩ་བའི་བཙན་བྱོན་བོད་མིའི་ཆོས་ཚོགས་ཐོག་ཐེངས་ ༡༤ པའི་ཚོགས་དུས་ཉིན་དང་པའི་ཐོག་ལ་བོད་ཀྱི་ཆོས་བརྒྱུད་ཁག་དང་གཡུང་དྲུང་བོན། དེ་བཞིན་རྒྱལ་བ་ཇོ་ནང་བ་བཅས་པའི་བསྟན་བདག་དབུ་ཁྲིད་བླ་ཆེན་རྣམ་པ་དབུས་པའི་ཆོས་སྡེ་ཁག་གི་སྐུ་ཚབ་ཚོགས་བཅར་བ་རྣམ་པས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་དམིགས་བསལ་གྱི་གྲོས་ཆོད་ཅིག་སྤྱི་མོས་ཐོག་ནས་གཏན་འབེབས་གནང་ཐུབ་པ་བྱུང་ཡོད། སང་ཉིན་ཆོས་ཚོགས་ཉིན་མཐའ་མའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་དབུ་བཞུགས་ཀྱིས་ཚོགས་བཅར་བ་ཡོངས་ལ་བཀའ་སློབ་བཀའ་དྲིན་སྩོལ་རྒྱུ་ཡིན་པ་དང་། ཆོས་རིག་བཀའ་བློན་མཆོག་གིས་ཆོས་ཚོགས་ཀྱི་གནས་ཚུལ་སྙིང་བསྡུས་སྙན་སྒྲོན་ཞུ་རྒྱུ་ཡིན་པ་རེད།

Better  We Better World ཞེས་པའི་ཚོགས་པས་༸གོང་ས་མཆོག་ལ་མཇལ་ཁ་ཞུས་འདུག

དེ་རིང་སྔ་ཐོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ Better  We Better World ཞེས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་དང་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལ་དམིགས་པའི་ཚོགས་པའི་ཚོགས་མི་ ༣༣ ཙམ་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་འདུག ཚོགས་པ་དེའི་ཚོགས་མི་རྣམས་ནི་ཡོ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སི་དང་བྷེལ་ཇམ་གཙོས་པའི་ས་གནས་འདྲ་མིན་ནས་ཡིན་པའི་ཚན་རིག་མཁས་པ་དང་།  སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་མཁན་སོགས་རྒྱབ་ལྗོངས་མི་འདྲ་བའི་མི་སྣ་ཡིན་པ་དང་།     ད་རེས་ཚོགས་མི་རྣམས་པས་བྱམས་བརྩེ་སྒོ་ནས་འཛམ་བུ་གླིང་ཞི་བདེ་ཇི་ལྟར་བསྐྲུན་ཐབས་ཐད་༸གང་ཉིད་མཆོག་གི་ལམ་སྟོན་ཞུ་བར་བཅར་ཡོད་པ་དང་།  སྐབས་དེར་༸མགོན་པོ་གང་ཉིད་མཆོག་གིས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་པའི་ཐོག་འཛམ་བུ་གླིང་ཞི་བདེ་སྐྲུན་ཐབས་སྐོར་དང་།  དེ་བཞིན་ནང་སེམས་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བཀའ་སློབ་ལམ་སྟོན་བསྩལ་ཡོད་པ་རེད་འདུག  མ་ཟད།  ༸གང་ཉིད་མཆོག་གིས་ཆིག་སྒྲིལ་གྱི་གལ་གནད་ཐད་བཀའ་བསྩལ་དང་འབྲེལ་ཡོ་རོབ་མཐུན་ཚོགས་ཀྱི་སྒྲོམ་གཞིར་བསྔགས་བརྗོད་མཛད་སྐོར་ཚོགས་པ་དེ་མཉམ་འཛུགས་གནང་མཁན་ལྕམ་ Sophia Stril Rever ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་སོང་། དེ་བཞིན་ཁོང་གིས་ད་རེས་༸གོང་ས་མཆོག་གི་མཇལ་ཁ་ཞུས་བ་བརྒྱུད་རང་ཉིད་ལ་འཛམ་བུ་གླིང་སྤྱི་ཡོངས་ཀྱི་ཁེ་ཕན་སླད་ཞབས་འདེགས་སྒྲུབ་རྒྱུར་སེམས་འགུལ་དང་སྙིང་སྟོབས་སྐྱེས་བ་དང་སྦྲགས།  ང་ཚོའི་ཚོགས་པ་ལྟ་བུ་མཚོན་ན་དམིགས་ཡུལ་གཙོ་བོ་དེ་ ༸གོང་ས་མཆོག་གི་བཀའ་དགོངས་སྒྲུབ་རྒྱུ་ཡིན་པ་དང་།   ༸གང་ཉིད་མཆོག་གི་འཛམ་བུ་གླིང་སྤྱི་ཡོངས་ཀྱི་བདེ་འཇགས་སླད་ཀྱི་དགོངས་བཞེས་ནི་ད་ཆ་འགྲོ་བ་མིར་ངེས་པར་དུ་དགོས་ངེས་དང་།     ལྷག་པར་དུ་བླ་ན་མེད་པའི་དགོངས་བཞེས་དེ་ནི་སྐྱེ་འགྲོ་ཡོངས་འཚོ་ཐབས་སླད་མན་ངག་ཅིག་ཏུ་གྱུར་ཡོད་སྐོར་གསུངས་སོང་། དེ་དང་ལྷན་དུ་ཕ་རན་སི་ནས་ཡིན་པའི་ཚོགས་བཅར་བ་ Philippe Guettier ལགས་ཀྱིས་ད་རེས་༸གོང་ས་མཆོག་མཇལ་འཕྲད་བྱུང་བར་དགའ་བ་ཚད་མེད་སྐྱེས་པ་དང་སྦྲགས།    རང་ཉིད་ཀྱིས་སྤྱི་ཡོངས་ཀྱི་ཁོར་ཡུག་གི་གནས་བབ་ཡར་རྒྱས་དང་འཛམ་བུ་གླིང་ཞི་བདེ་བསྐྲུན་ཐབས་སླད་བྱམས་བརྩེ་ལྟ་བའི་སྒོ་ནས་ཐབས་ལམ་ཞིག་ཡོད་པ་ཤེས་དུས་དངོས་གནས་དགའ་པོ་བྱུང་སོང་སྐོར་གསུངས་སོང་། གཞི་རྩའི་ཚོགས་པ་དེས་ཚོགས་མི་རྣམས་བཞུགས་སྒར་དུ་ཆེད་མངགས་བཅར་བའི་ཐོག་མེག་ལོཊ་གྷན་ཇི་ལ་རྟེན་གཞི་བྱས་པའི་ཆོས་ནོར་གསོལ་སྒྲོན་ཁང་དུ་ཟླ་བ་འདིའི་ཚེས་ ༢༤ ནས་འགོ་བཙུགས་ཀྱིས་བཀའ་ཁྲི་ཟུར་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་ཆོས་ཕྱོགས་དང་།      བྱམས་བརྩེ།  དེ་བཞིན་མང་ཚོགས་ཀྱི་བདེ་འཇགས་སྒོ་ནས་འཛམ་བུ་གླིང་གི་གནས་བབ་བཟང་ཕྱོགས་ལ་བསྒྱུར་ཐབས་སླད་ཐབས་ལམ་ལག་བསྟར་གནང་རྒྱུའི་ཐད་བགྲོ་གླེང་ཚོགས་ཡོད་པ་དང་།  བགྲོ་གླེང་གི་ཚོགས་ཆེན་དེ་ཡང་སང་ཕྱི་ཚེས་ ༢༩ འི་སྔ་དྲོའི་ལས་རིམ་གྲུབ་རྗེས་མཇུག་སྒྲིལ་གནང་རྒྱུ་རེད་འདུག  

མ་ཎིའི་ལྗགས་ལུང་དང་ཡིག་དྲུག་གི་འགྲེལ་བ་བཀའ་ཁྲིད་མཛད་པ།

དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཝེ་ཏི་ནམ་མཇལ་བཅར་བ་མི་གྲངས་ ༤༠ ཙམ་ལ་མཇལ་ཁ་བསྩལ་བ་དང་མ་ཎིའི་ལྗགས་ལུང་དང་ཡིག་དྲུག་གི་འགྲེལ་བ་བཀའ་ཁྲིད་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་ཎི་ཡིག་དྲུག་གི་འགྲེལ་བ་བཀའ་ཁྲིད་མཛད་པའི་སྐབས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཟུང་དུ་འབྲེལ་ནས་ཉམས་ལེན་བྱས་པ་ཡིན་ན་མཐར་མ་དག་པའི་ལུས་ངག་ཡིད་གསུམ་པོ་དེ་བསྒྱུར་ནས་སརྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་ཆགས་ངེས་ཡིན་པ་བཀའ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་ཎིའི་ལྗགས་ལུང་དང་དེའི་དོན་འགྲེལ་མཛད་ཟིན་པའི་རྗེས་སུ་ མཇལ་བཅར་བ་རྣམས་ལ་མ་ཎི་བསགས་སྐབས་གཙོ་བོ་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་ནས་མ་ཎི་བགྲངས་པ་ཡིན་ན་དོན་དང་ལྡན་པ་ཞིག་ཆགས་ངེས་ཡིན་པ་བཀའ་སློབ་བཀའ་དྲིན་ཆེ་བ་བསྩལ་འདུག གཞི་རྩའི་༸གོང་ས་མཆོག་བདུན་ཕྲག་སྔོན་མའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་མ་ཧཱ་རཱཤྚའི་མཛད་འཆར་ལེགས་གྲུབ་ཟིན་ནས་ཁ་ཉིན་ཕྱི་ཚེས་ ༢༥ ཉིན་བཞུགས་སྒར་དུ་ཕྱིར་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད། མཛད་འཆར་ལྟར་ན་ཕྱི་ཟླ་ ༡༢ པའི་གཟའ་འཁོར་གཉིས་པའི་ནང་གྷོ་ཝ་གཙུག་ལག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་མཛད་རྒྱུ་དང་། དེ་རྗེས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སུ་མཛད་འཆར་ཁག་གཅིག་གི་སླད་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་གཏན་ཁེལ་ཡོད་པ་རེད།

རྒྱལ་ས་ལྡི་ལི་དང་མ་ཧཱ་རཱཤྚའི་མཛད་འཆར་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་མ་ཧཱ་རཱ་ཤྚའི་མངའ་སྡེའི་གྲོང་ཁྱེར་ཨོ་རངྒ་བྷད་ནང་གི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་དེ་རིང་སྔ་དྲོ་ཚོུད་ ༨༌༤༥ ཙམ་ལ་བཞུགས་སྒར་དུ་ཕྱིར་༸ཞབས་སོར་བདེ་བར་འཁོད་སོང་། ཨོ་རངྒ་བྷད་ནང་གི་ཆིབས་བསྒྱུར་དེ་ནི་ཁུལ་དེར་རྟེན་གཞི་བྱས་པའི་འཕགས་པ་གནས་བརྟན་པའི་ཆོས་ཚོགས་བྷི་ཀུ་ནི་སྦྱོང་བརྡར་ལྟེ་གནས་ཁང་གིས་གསོལ་འདེབས་ཞུས་པ་ཞིག་ཡིན་པ་དང་། ༸གོང་ས་མཆོག་གིས་ཕྱི་ཚེས་ ༢༤ ཉིན་ཆོས་ཚོགས་དེའི་དྲྭ་རྒྱ་ཞིག་དབུ་འབྱེད་དང་རྒྱ་གར་གྱི་ནང་པའི་སེར་སྐྱ་ཕོ་མོ་ཁྲི་ལྔ་ཙམ་ལ་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་དང་ནང་ཆོས་ངོ་སྤྲོད་བཅས་བཀྲིན་བསྩལ་ཡོད་པ་རེད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དྲྭ་རྒྱ་ཞིག་དབུ་འབྱེད་མཛད་པ་ལྟར་རིམ་བཞིན་དྲྭ་རྒྱ་དེ་དག་གི་ནང་དུ་དབུ་མ་རྩ་བ་ཤེས་རབ་དང་མངོན་རྟོགས་རྒྱན་ལ་སོགས་པའི་གཞུང་གི་སྙིང་བསྡུས་འགའ་ཞིག་དྲྭ་ཐོག་ཏུ་བསྟན་ཐུབ་ཚེ་༸དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་ཀྱི་གོ་བ་ཡག་པོ་ཞིག་ཆགས་ངེས་ཡིན་པ་བཀའ་བསྩལ་བ་དང་འབྲེལ། ནཱ་ལེནྡཱའི་ཆོས་བརྒྱུད་ཆ་ཚང་བ་ཅིག་མཁན་ཆེན་ཞི་བ་འཚོས་དུས་རབས་བརྒྱད་པའི་ནང་བོད་དུ་དར་སྤེལ་གནང་བ་ལྟར་ང་ཚོས་ལོ་ངོ་སྟོང་ཕྲག་རིང་ལ་རྒྱུན་འཛིན་ཐུབ་པ་ཞིག་བྱུང་ཡོད་པ་མ་ཟད་ནཱ་ལེནྡཱའི་ཆོས་བརྒྱུད་ཆ་ཚང་བ་ཅིག་བདག་གཉེར་གནང་མཁན་ནི་བོད་པ་གཅིག་པོ་ཡིན་པ་བཀའ་བསྩལ་ཏེ་ཕྱག་དཔེ་གཟིགས་རྒྱུ་དེ་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པ་བཀའ་བསྩལ་འདུག ༸མགོན་པོ་མཆོག་གིས་ནང་པ་ཚོ་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་པ་དང་། སརྒྱས་པའི་ཆོས་ཤེས་ནས་དད་པ་ཐོབ་པ་ཞིག་བྱེད་དགོས་གལ་ཡིན་པ་བཀའ་བསྩལ་བ་དང་ཆབས་ཅིག དབང་རྟུལ་དད་པའི་རྗེས་འབྲང་དང་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཞེས་གཉིས་ཡོད་པ་ལྟར་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་ཐོག་ནས་འཇུག་ཚེ་སརྒྱས་པའི་ཆོས་དེ་ལོ་བརྒྱ་ཕྲག་ཁ་ཤས་རིང་ལ་གནས་ཐུབ་ངེས་ཡིན་སྟབས་སརྒྱས་པའི་ཆོས་ལ་སློབ་སྦྱོང་བྱེད་དགོས་པ་བཀའ་བསྩལ་ཡོད། མགོན་པོ་མཆོག་གིས་སངས་རྒྱས་པའི་ཆོས་དེ་རྒྱ་གར་ནས་དར་བ་ཅིག་ཡིན་པ་དང་ལྷག་པར་དུ་ཨེ་ཤ་ཡའི་རྒྱལ་ཁབ་ཕལ་མོ་ཆེར་ནང་པའི་བསྟན་པ་དར་ཁྱབ་ཏུ་ཕྱིན་ནས་ཨེ་ཤ་ཡའི་ཁུལ་གྱི་འོད་སྣང་ལྟ་བུར་གྱུར་ཡོད་པ་བཀའ་བསྩལ་ཏེ་རྒྱ་གར་ལྟ་བུར་མཚོན་ན་དུས་རབས་ཉི་ཤུ་པའི་ནང་ Dr. Bhimrao Ramji Ambedkar  དམ་པ་མཆོག་གིས་ནང་པའི་བསྟན་པ་སླར་གསོ་གནང་ཕྱོགས་ཀྱི་ཐད་ལ་རླབས་ཆེན་གྱི་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་མ་ཟད་དུས་རབས་ཉི་ཤུ་པ་ནས་ནུབ་ཕྱོགས་པའི་ཕྱི་གླིང་བ་ཚོས་ཀྱང་ནང་པའི་ཆོས་ལ་དགའ་མོས་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པ་བཀའ་བསྩལ་བ་དང་སྦྲགས། ད་ལྟའི་ཆར་སངས་རྒྱས་ཞེས་བརྗོད་སྐབས་གང་འདྲ་ཞིག་ལ་སརྒྱས་ཞེས་བརྗོད་ཀྱི་ཡོད་མེད་དང་། ཆོས་ཟེར་ན་གང་ཞིག་ལ་ཟེར་བ། དེ་བཞིན་ཆོས་དཀོན་མཆོག་ལ་ཉམས་སུ་བླངས་ནས་དཀོན་མཆོག་གསུམ་ངོ་འཕྲོད་རྒྱུ་དེ་གལ་ཆེན་པོ་ཡིན་པ་བཀའ་བསྩལ་ཡོད། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་རངྒ་བྷད་གྲོང་ཁྱེར་ནང་ཕྱི་ཚེས་ ༢༡ ཉིན་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་ནས་ཕྱི་ཚེས་ ༢༢ ཉིན་ནང་པའི་ཚོགས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་དེ་ནང་པའི་བསྟན་པ་རིན་པོ་ཆེ་འཕེལ་རྒྱས་གཏོང་ཕྱོགས་ཀྱི་བཞུགས་མོལ་ལྷན་ཚོགས་ཚོགས་ཡོད་པ་དང། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་ཤྲི་ལངྐ་དང་བལ་ཡུལ། ལྷོ་ཀོ་རི། ཐེ་ཝན་སོགས་ཀྱི་རྒྱལ་ཁབ་བཅུའི་དགེ་འདུན་པའི་འཐུས་ཚབ་ཀྱིས་འཛུལ་ཞུགས་གནང་ཡོད་པ་རེད། གྲོང་ཁྱེར་ཨོ་རངྒ་བྷད་ནང་ཆིབས་བསྒྱུར་མ་མཛད་གོང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་ ༢༠ ཉིན་རྒྱལ་ས་ལྡི་ལིའི་ St.Columbia’s  སློབ་གྲྭའི་ནང་དུ་ལྡི་ལིར་རྟེན་གཞི་བྱས་པའི་བླ་མ་བཟོད་པ་རིན་པོ་ཆེའི་ Tushita ཆོས་ཚོགས་གསར་འཛུགས་མཛད་དེ་ལོ་ངོ་ ༤༠ འཁོར་བའི་དུས་དྲན་མཛད་སྒོར་དབུ་བཞུགས་མཛད་དེ་མང་ཚོགས་ལ་ང་རྒྱལ་དང་དངངས་སྐྲག་ལ་གདོང་ལེན་ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད། བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་བཀྲིན་བསྩལ་ཡོད་པ་དང་། ཕྱི་ཚེས་ ༢༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ IIC ནང་དུ་སྲིད་འཛིན་དམ་པ་ sarvapalle radhakrishna མཆོག་ལ་རྗེས་དྲན་གྱི་གསུང་བཤད་ལས་རིམ་གྱི་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་མཛད་དེ་གོ་ལ་སྤྱི་ལ་ཁྱབ་པའི་བཟང་སྤྱོད་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་བསྩལ་ཡོད་པ་རེད།

ནང་པའི་བསྟན་པ་གོང་འཕེལ་གྱི་བཞུགས་མོལ་ལྷན་ཚོགས་ཐོག་དབུ་བཞུགས་མཛད་པ།

དེ་རིང་རྒྱ་གར་གྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བར་ལྟར་ན། ཁ་སང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་དེ་རྒྱ་གར་ནུབ་ཕྱོགས་ཀྱི་མངའ་སྡེ་ Maharashtra   ཁུལ་གྱི་ Aurangabad  གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ནང་པའི་དགོན་པ་ Lokuttra Mahavihara and Bhikkhu Training Centre ཞེས་པར་ཆིབས་བསྒྱུར་བཀའ་དྲིན་ཐེངས་གཉིས་པ་དེ་བསྐྱངས་ཡོད་པ་དང་། ས་གནས་ཀྱི་འབྲེལ་ཡོད་ཀྱི་གདན་ཞུ་བ་དང་དད་ལྡན་མང་ཚོགས། དེ་བཞིན་སློབ་གྲྭ་ཁག་གི་སློབ་ཕྲུག་སྟོང་ཕྲག་བརྒལ་བས་དགའ་བསུའི་མེ་ཏོག་མཆོད་པའི་ཐོག་༸གོང་ས་མཆོག་ཁུལ་དེར་༸ཞབས་སོར་བདེ་བོར་འཁོད་ཡོད་སྟབས། ཁ་སང་ནས་བཟུང་དགོན་པ་དེར་ཞི་བདེ་དང་མཐུན་ལམ། མཛའ་བརྩེ་སོགས་ཀྱི་དུས་ཚོད་དམིགས་བསལ་བ་ཞིག་ཆགས་ཀྱི་ཡོད་པར་བརྗོད་འདུག ཉིན་གསུམ་རིང་གི་སྤྱིའི་ནང་པའི་ལྷན་ཚོགས་དབུ་འཛུགས་གནང་ཡོད་པ་ལྟར་དེ་རིང་༸གོང་ས་༸སྐྱབས་མགོན་མཆོག་དབུ་བཞུགས་ཐོག་རྒྱ་གར་གྱི་ནང་པའི་དགེ་འདུན་པ་སུམ་བརྒྱ་ལྷག་དང་། རྒྱལ་ཁབ་བཅུ་ལྷག་གི་ཆེད་མཁས་ཀྱི་མི་སྣ་རྣམས་ལྷན་འཛོམས་ཀྱིས་ནང་པའི་བསྟན་པ་རིན་པོ་ཆེ་དེ་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ཐད་ནས་བཞུགས་མོལ་ལྷན་ཚོགས་ཤིག་ཚོགས་ཡོད་པ་དང། ཐེངས་འདིའི་ལྷན་ཚོགས་ཐོག་རྒྱ་གར་གྱི་བདེ་སྲུང་དོ་དམ་སྔར་ལྷག་བརྟན་པོ་བྱས་ཡོད་པ་མ་ཟད་ལྷན་ཚོགས་དེར་གདན་ཞུའི་མི་སྣ་མ་གཏོགས་གཞན་སུའང་ཚོགས་བཅར་ཞུ་ཆོག་གི་མེད་པ་རེད། རྒྱ་གར་རྒྱལ་ཡོངས་ནང་པའི་དགེ་འདུན་པའི་དབུ་ཁྲིད་ Sadanand Mahasatvir ལགས་དང་རྒྱལ་སྤྱིའི་ནང་པའི་དགེ་སློང་རྣམས་ལ་སྦྱོང་བརྡར་སྤྲོད་སའི་ལྟེ་གནས་ Chauka ཞེས་པའི་འགན་འཛིན་ Bodhipalo Mahathero ལགས་རྣམ་གཉིས་ཀྱིས་གཟའ་ལྷག་པའི་ཉིན་གསར་འགོད་པ་རྣམས་ལ་འགྲེལ་བརྗོད་གནང་དོན་ལྟར་ན། ཐེངས་འདིའི་རྒྱལ་སྤྱིའི་ནང་པའི་ལྷནཚོགས་དེ་ Aurangabad རུ་འཚོགས་གཏན་འཁེལ་བ་དེ་ནི་ཁུལ་དེར་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་ལོ་རྒྱུས་རང་བཞིན་ལྡན་པའི་འབྲེལ་བ་དམིགས་བསལ་བ་ཞིག་ཡོད་པ་དང་། དགོན་གྲོང་དེའི་ཉེ་འཁྲིས་སུ་བདག་ཅག་གི་སྟོན་པས་དངོས་སུ་བཀའ་ཆོས་བསྩལ་སའི་གནས་བྱིན་རླབས་ཅན་གཉིས་ཡོད་པ་གསུངས་འདུག  Bodhipalo ལགས་ཀྱིས་གསར་འགོད་པར་སྦྱོང་བརྡར་ལྟེ་གནས་ཁང་དེ་ནས་ད་བར་དགེ་འདུན་པ་བརྒྱ་སྐོར་ཞིག་ལ་སྦྱོང་བརྡར་གནང་ཡོད་པ་དང་། དགེ་འདུན་པ་དེ་དག་གིས་གིས་ཐེངས་འདིའི་ལྷན་ཚོགས་དང་འབྲེལ་བའི་ཕྱོགས་མཐའ་ཁག་གི་དད་ལྡན་པ་ཡོངས་ལ་སྒྲིག་སྤྱོད་ཕྱག་ལེན་ཐད་ནས་འགན་རྐང་བཞེས་གནང་གི་ཡོད་པ་མ་ཟད། ཉིན་གསུམ་རིང་གི་ཚོགས་འདུ་དེར་ཞི་བདེ་བརྟན་བརླིང་སྐྲུན་པར་མཐུན་འགྱུར་གྱི་རོགས་རམ་གནང་གཏན་འཁེལ་ཡོད་པ་ལྟར། ས་གནས་ཀྱི་དད་ལྡན་པ་ཡོངས་ཀྱིས་ཐག་རིང་ནས་ཕེབས་པའི་སྐུ་མགྲོན་རྣམས་ལ་མཐུན་འགྱུར་གནང་གི་ཡོད་པ་རེད་འདུག དེ་བཞིན་ཁོང་གིས་རྒྱལ་སྤྱིའི་ཐོག་དང་རྒྱ་གར་ནང་གི་ནང་པའི་བསྟན་པར་ཞུགས་མཁན་རྣམས་ལ་ཁྱད་པར་ཏོག་ཙམ་ཞིག་ཡོང་གི་ཡོད་ཀྱང་། དེ་ནི་ནང་པའི་ཆོས་གཞུང་དང་འབྲེལ་བ་ཞིག་མ་ཡིན་པར་སྤྱི་ཚོགས་སོ་སོའི་ནང་གི་སྤྱི་ཚོགས་ཀྱི་དཔལ་འབྱོར་གྱི་གྲལ་རིམ་དང་ཤེས་ཡོན་གྱི་འབྱུང་ཁུངས་བཅས་ཀྱི་ཁྱད་པར་ཞིག་ཡིན་པར་བརྗོད་པ་མ་ཟད། ནང་པའི་བསྟན་པ་རིན་པོ་ཆེ་རྒྱ་གར་དུ་ཐོག་མར་དབུ་བརྙེས་ཏེ་རྗེས་སུ་འཛམ་གླིག་གི་ཡུལ་ཕྱོགས་གང་སར་དར་ཁྱབ་བྱུང་བ་ཞིག་ཡིན་ཀྱང་། རྒྱ་གར་གྱི་རྩ་ཁྲིམས་ཀྱི་ཡབ་ཆེན་དུ་འབོད་པའི་མཁས་དབང་ཆེན་པོ་སྐུ་ཞབས་ Dr B.R Ambedkar ལགས་ཀྱི་བཀའ་དྲིན་མ་གཏོགས་ནང་པའི་བསྟན་པ་དེ་རྒྱ་གར་གྱི་ནང་དུ་རྩ་སྟོང་དུ་ཕྱིན་ཡོད་སྐོར་ངོ་སྤྲོད་གནང་འདུག Mahasatvir ལགས་ཀྱིས་ཀྱང་སྔོན་ཆད་རྒྱ་གར་གྱི་ནང་དུ་ནང་པའི་དགོན་པ་ ༨༤༠༠༠ ལྷག་ཡོད་པ་མ་ཟད་དགོན་པ་དེ་དག་ཏུ་དགེ་འདུན་པ་རྣམས་ཀྱིས་ནང་ཆོས་ལ་འཆད་ཉན་ཚགས་ཚུད་གནང་གི་ཡོད་པ་བརྗོད་འདུག གཞི་རྩའི་ཐེངས་འདིའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་ཤྲི་ལངྐ་དང་བལ་ཡུལ། ལྷོ་ཀོ་རི། ཐེ་ཝན་སོགས་ཀྱི་རྒྱལ་ཁབ་བཅུའི་དགེ་འདུན་པའི་འཐུས་ཚབ་ཀྱིས་འཛུལ་ཞུགས་གནང་ཡོད་པ་རེད། མཛད་འཆར་ལྟར་ན་སང་ཞོགས་མགོན་པ་༸གང་ཉིད་མཆོག་གིས་ PES ལུས་སྦྱོང་མཐོ་སློབ་ཀྱི་རྩེད་ཐང་དུ་མང་ཚོགས་ལ་ཆོས་འབྲེལ་བསྩལ་རྒྱུ་ཡིན་པ་རེད། ༸སྐུ་པར་རྣམས་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

༸གོང་ས་མཆོག་གིས་ཤིང་སྣ་ས་ཡ་འདེབས་འཛུགས་ཀྱི་ལས་འགུལ་ལ་བསྔགས་བརྗོད་མཛད་པ།

དབྱིན་ཡུལ་གྱི་གསར་ཁང་ཆེ་གྲས་ Daily Mirror ཞེས་པས་ཁུལ་དེར་རྟེན་གཞི་བྱས་པའི་ Woodland Trust ཞེས་ནགས་ཚལ་སྲུང་སྐྱོབ་དང་ཤིང་སྣ་འདེབས་ལས་ཐོག་གོ་རྟོག་སྤེལ་མཁན་གྱི་ཐེབས་རྩ་ཁང་དང་ཟུང་འབྲེལ་གྱིས་དབྱིན་ཡུལ་གཙོས་རྒྱལ་སྤྱིའི་ས་གནས་གང་སར་ཤིང་སྣ་འདེབས་འཛུགས་དང་འབྲེལ་བའི་ Million Trees campaign ཞེས་ཤིང་སྣ་ས་ཡ་ལྷག་འདེབས་འཛུགས་ཞེས་པའི་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད་པ་རེད།  ལས་འགུལ་དེ་དབུ་འཛུགས་གནང་སྟེ་ཉིན་ཤས་སོང་མཚམས་སུ་རྒྱལ་སྤྱིའི་གློག་བརྙན་འཁྲབ་སྟོན་པ་དང་། གཞས་པ་གྲགས་ཅན། དེ་བཞིན་ས་གནས་ཀྱི་གནད་ཡོད་མི་སྣ། མང་ཚོགས་མི་ཉུང་བ་ཞིག་ནས་རྒྱབ་སྐྱོར་གྱིས་སོ་སོའི་སྡོད་ཁང་ཉེ་འཁོར་གཙོ་གྱུར་ས་གནས་ཁག་ཏུ་ཤིང་སྣ་འདེབས་འཛུགས་གནང་བཞིན་ཡོད་པ་མ་ཟད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤིང་སྣ་འདེབས་འཛུགས་ཀྱི་བྱ་བ་དེ་ནི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་དཀའ་ངལ་སེལ་བའི་ཐབས་སུ་ང་ཚོ་མི་རྣམས་ནས་གནང་ཐུབ་པའི་བྱ་བ་ཅིག་ཡིན་པར་བཀའ་བསྩལ་དང་སྦྲགས་ཏེ་ད་རེས་ Daily Mirror གསར་ཁང་ནས་ཤིང་སྣ་འདེབས་འཛུགས་ཀྱི་ལས་འགུལ་སྤེལ་བ་དེ་ནི་གཞན་ལ་སེམས་འགུལ་ཐེབས་གཞིའི་ལས་འགུལ་ཞིག་ཀྱང་རེད་ཅེས་བསྔགས་བརྗོད་མཛད་འདུག དེ་བཞིན་༸གོང་ས་མཆོག་གིས་དེང་ཀྱི་འཛམ་བུ་གླིང་འདིའི་ཐོག་ལ་མི་འབོར་འཕེལ་རྒྱས་དང་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་དཀའ་ངལ་གཉིས་ནི་ཆེས་ཛ་དྲག་རང་བཞིན་ཅན་ཞིག་ཆགས་ཡོད་སྟབས། དཀའ་ངལ་དེར་ང་ཚོས་མཉམ་རུབ་ཀྱིས་གདོང་ལན་གནང་དགོས་པ་དང་། མགོན་པོ་༸གང་ཉིད་མཆོག་ནས་རྣམ་ཀུན་ཤིང་སྣ་འདེབས་འཛུགས་གནང་སྐབས་སུ་ཤིང་སྣ་དེ་དག་རིམ་པས་འཚར་ལོངས་བྱུང་བ་དང་ལྷན་དུ་འཛམ་བུ་གླིང་འདིའི་བདེ་སྐྱིད་དང་ཞི་བདེ་འཕེལ་བའི་ཐུགས་སྨོན་མཛད་བཞིན་ཡོད་པ་བཀའ་བསྩལ་འདུག ཤིང་སྣ་ས་ཡ་འདེབས་འཛུགས་ཀྱི་ལས་འགུལ་ནང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ Richard Gere ལགས་ནས་མཉམ་ཞུགས་གནང་བ་དང་འབྲེལ། བོད་མཐོ་སྒང་དེ་ནི་ཨེ་ཤ་ཡའི་རྒྱལ་ཁབ་མང་པོའི་ཆུའི་འབྱུང་ཁུངས་ཡིན་པ་མ་ཟད་འཛམ་གླིང་ཐོག་གྱི་འཁྱགས་རོམ་གྱི་སྣེ་མོ་གསུམ་པར་གྲགས་ཡོད་པ་དང་། ད་ཆ་བོད་མཐོ་སྒང་གི་གནམ་གཤིས་ལ་འགྱུར་ལྡོག་ཕྱིན་ཏེ་འཁྱགས་རོམ་ཁག་ལྡབ་གསུམ་ཙམ་མགྱོགས་པ་བཞུར་བཞིན་པ་སོགས་འགྲེལ་བརྗོད་དང་སྦྲགས། བོད་ཀྱི་གནམ་གཤིས་གནས་སྟངས་ལ་འགྱུར་བ་ཕྱིན་པ་དེས་བོད་ཙམ་མ་ཟད་ཨེ་ཤ་ཡ་དང་ཡོ་རོབ་སོགས་འཛམ་གླིང་སྤྱིའི་གནམ་གཤིས་ལའང་དོ་ཕོག་ཐེབས་ངེས་ཤིག་ཡིན་པ་གསུངས་འདུག ཁོང་ནས་ཐེངས་འདིའི་ཤིང་སྣ་འདེབས་འཛུགས་ཀྱི་ལས་འགུལ་དེ་ནི་དུས་ཚོད་ཀྱི་ཆ་ནས་དགོས་ངེས་ཅན་ཞིག་ཡིན་པར་འགྲེལ་བརྗོད་དང་འབྲེལ་ཏེ་མང་ཚོགས་ནས་སོ་སོའི་ས་གནས་ནང་ཤིང་སྣ་འདེབས་འཛུགས་གནང་སྐྱོང་ཡོང་བའི་སྐུལ་མ་གནང་འདུག གཞི་རྩའི་དབྱིན་ཡུལ་གྱི་ Daily Mirror ཞེས་པའི་གསར་ཁང་ནས་ཤིང་སྣ་ས་ཡ་འདེབས་འཛུགས་ཀྱི་ལས་འགུལ་དང་འབྲེལ་གསར་ཁང་དེའི་གསར་ཤོག་མངགས་ཉོ་གནང་མཁན་གཙོས་མང་ཚོགས་ཚོར་ཤིང་སྣའི་རིགས་འདྲ་མིན་འགྲེམས་སྤེལ་གནང་བ་མ་ཟད། ཚགས་ཤོག་ཐོག་ཤིང་སྣ་འདེབས་འཛུགས་གནང་དགོས་གལ་སྐོར་གོ་རྟོགས་སོགས་སྤེལ་མུས་ཡིན་པ་རེད།

Latest news