Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

བཞུགས་སྒར་དུ་བོད་ཀྱི་བེུད་རྐང་སྤོལ་རྩེད་འགྲན་ཐེངས་ ༢ པ་དབུ་འཛུགས་གནང་སོང་།

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དང་བོད་ཀྱི་བེུད་ལྷན་ཚོགས་གཉིས་ཟུང་སྦྲེལ་ཐོག་ཁ་སང་ཚེས་ ༤ ཉིན་རྒྱབ་ཚོུད་ ༣།༠༠ སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་སྐུ་མགྲོན་གཙོ་བོ་རྡ་རམ་ས་ལའི་གྲོང་སྡེ་སྤྱི་ཁྱབ་པ་ལྕམ་སྐུ་ Kumari RajniVyas ལགས་དང་རྡ་སའི་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་གཉིས་གཙོས། རྡ་ས་ས་གནས་འགོ་འཛིན་དང་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་དགེ་སློབ་མ་རྣམས། གཟིགས་མོ་བ་བཅས་ཚང་འཛོམས་ཐོག་བེུད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་གཉིས་པ་དབུ་འཛུགས་གནང་ཡོད་པ་རེད། བེུད་རྐང་སྤོལ་རྩེད་འགྲན་གྱི་ཐོག་མར་བོད་པའི་སློབ་གྲྭ་ཁག་ཏུ་སྐྱོད་བཞིན་པའི་བེུད་རུ་ཁག་དང་རྒྱ་གར་པཎ་ཇབ་བེུད་རྐང་སྤོལ་རུ་ཁག་དབར་རྩེད་འགྲན་གནང་ཡོད་པ་དང་། དེ་རྗེས་བོད་ཀྱི་བེུད་འཛིན་རིམ་བཅིུས་སློབ་ཐོན་རུ་ཁག་དང་རྒྱ་གར་ཧི་མཱ་ཅལ་བེུད་རུ་ཁག་བཅས་བཞིའི་དབར་ལ་རྩེད་འགྲན་གནང་པའི་ཁྲོད། རྩེད་འགྲན་དང་པོའི་ནང་སྤོ་ལོ་ ༡ དང་ ༣ གྱི་ཁྱད་བྱུང་བ་དང་། རྩེད་འགྲན་གཉིས་པའི་སྐབས་སྤོ་ལོ་ ༡ དང་ ༥ བཅས་ཀྱི་ཁྱད་པར་ལས་རྒྱ་གར་གྱི་བེུད་རུ་ཁག་གཉིས་ཀ་རྒྱལ་ཁ་ཐོབ་ཡོད་པ་རེད། རྩེད་འགྲན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ལྕམ་ RajniVyas ལགས་ཀྱིས་བོད་པའི་སྤྱི་ཚོགས་ནང་བེུད་ཚོར་རྩེད་རིགས་ལ་སོགས་པའི་སྡིངས་ཆ་འདྲ་མིན་བརྒྱུད་རང་གི་ནུས་པ་གོང་མཐོར་གཏོང་རྒྱུའི་གོ་སྐབས་མང་དག་ཞིག་གནང་བཞིན་པར་བསྔགས་བརྗོད་དང་འབྲེལ། ལྷག་དོན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ངོས་ནས་བོད་པའི་བེུད་ཁྲོད་འདི་ལྟ་བུའི་རྐང་སྤོལ་རྩེད་འགྲན་གྱི་ལས་རིམ་ཁག་མུ་མཐུད་གོ་སྒྲིག་ཞུ་དགོས་པའི་སྐུལ་མ་གནང་སོང་། རླུང་འཕྲིན་ཁང་གི་གསར་འགོད་པས་བོད་པའི་སློབ་གྲྭར་སྐྱོད་བཞིན་པའི་བེུད་རུ་ཁག་གི་རུ་དཔོན་ཆོས་སྐྱིད་ལགས་སུ་མྱོང་ཚོར་ཇི་བྱུང་ཐད་བཅར་འདྲི་ཞུས་པར། ཁོ་མོས་ཉིན་དང་པོའི་རྩེད་འགྲན་དེ་ཤོར་བར་བློ་ཕམ་ཡོད་ཀྱང། སེམས་མ་ཞུམ་པར་མུ་མཐུད་རྩེད་འགྲན་གཞན་གསུམ་གྱི་ཐོག་ལ་དོ་སྣང་དང་། འཐུས་ཤོར་ཕྱིན་པ་རྣམས་ཡར་རྒྱས་གཏོང་ཐབས་སུ་འབད་བརྩོན་གནང་རྒྱུ་ཡིན་ཞེས་གསུངས་ཡོད། རྩ་བའི་སང་ཉིན་རྒྱ་གར་གྱི་བེུད་རུ་ཁག་གཉིས་དབར་དང་དེ་བཞིན་བོད་པའི་བེུད་རུ་ཁག་ནང་ཁུལ་དབར་རྩེད་འགྲན་གནང་པའི་བརྒྱུད། རུ་ཁག་བཞི་པོ་ནང་ཕན་ཚུན་དབར་ལ་འགྲན་སྡུར་གཅིག་རེ་གནང་སྟེ། མཐར་ཚེས་ ༧ ཉིན་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཆེད་ཕེབས་ཐོག་རུ་ཁག་བཞི་པོ་ལས་བརྒྱ་ཆ་མཐོ་ཤོས་སོན་པའི་རུ་ཁག་གཉིས་དབར་ལ་རྩེད་འགྲན་གནང་གཏན་འཁེལ་ཡོད་པ་རེད།

གྲྭ་འཇམ་དབྱངས་བློ་གསལ་ལགས་ཀྱི་ཆེད་དུ་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་སོང་།

དེ་རིང་ཟླ་ ༦ ཚེས་ ༢ ཉིན་རྒྱབ་ཚོུད་ ༤།༠༠ ཐོག་བོད་མིའི་སྒྲིག་འཛུགས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་ཚོགས་མགོན་དུ་དབུ་བཞུགས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཆེད་ཕེབས་ཀྱིས་ཕྱི་ཟླ་ ༥ ཚེས་ ༡༩ ཉིན་རང་ལུས་མེར་སྲེག་གནང་མཁན་མདོ་སྨད་རྨ་ལྷོ་ནས་ཡིན་པའི་རྒྱལ་གཅེས་པ་གྲྭ་འཇམ་དབྱངས་བློ་གསལ་ལགས་དམ་པ་དེ་ཉིད་ཀྱི་ཆེད་དུ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་མཆོད་འབུལ་སྨོན་ལམ་ཚོགས་གནང་སོང་བ་མ་ཟད། དེ་རིང་གི་མཆོད་འབུལ་དེ་དང་སྟབས་འགྲིག་གནང་སྟེ་འཛིན་སྐྱོང་བཀའ་ཤག་སྐབས་ ༡༥པས་དམ་འབུལ་མཛད་འཁུར་བཞེས་ནས་ལོ་གཅིག་ཧྲིལ་པོ་འཁོར་བའི་དུས་ཚིགས་ཀྱང་སྲུང་བརྩིས་ཞུས་ནས་ད་བར་བོད་མི་རང་ལུས་མེར་སྲེག་གནང་མཁན་གཙོས་པའི་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་བློས་གཏོང་རྒྱལ་གཅེས་པ་ཡོངས་ལ་གུས་འདུད་རྗེས་དྲན་ཡང་ཞུས་སོང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་རིང་མཆོད་འབུལ་ཐོག་ལོ་འདིའི་ནང་ད་བར་རྒྱལ་གཅེས་པ་འཇམ་དབྱངས་བློ་གསལ་དང་ཕྱག་རྡོར་སྐྱབས་ལགས། དེ་བཞིན་དབང་ཕྱུག་ཚེ་བརྟན་ལགས་དང་པདྨ་རྒྱལ་མཚན་ལགས་བཅས་བོད་མི་བཞིས་བོད་བསྟན་སྲིད་སྤྱིའི་ཆེད་དུ་བློས་གཏོང་གནང་ཡོད་པ་དུས་ཚེས་དང་ལོ་རྒྱུས་སྙིང་བསྡུས་གསུངས་པ་དང་སྦྲགས། ཁོང་རྣམ་པའི་འབོད་ཚིག་ལས་༸གོང་ས་མཆོག་ལ་བརྩི་བཀུར་ཆེན་པོ་ཡོད་པ་དང་མི་ཐོག་བརྗེ་འགྲོ་ཡི་ཡོད་ནའང་རྩ་དོན་དེ་གལ་ཆེ་བརྩི་བཞིན་ཡོད་པ་མཚོན་གྱི་ཡོད་ཅེས་གསུངས་སོང་། དེ་བཞིན་སྲིད་སྐྱོང་མཆོག་གིས་ཉེ་ཆར་གསར་འགྱུར་བརྒྱུད་ལམ་ཁག་ནས་ཨ་རིའི་གཞུང་གི་བོད་མིའི་རོགས་དངུལ་ཁག་གཅིག་བཅད་རྒྱུའི་གནས་ཚུལ་ཐོན་པའི་སྐོར་དང་འབྲེལ། སྲིད་སྐྱོང་མཆོག་ཉེ་ཆར་ཨ་རིར་ཕྱོགས་ཕེབས་སྐབས་གྲོས་ཚོགས་འཐུས་མི་རྣམ་པ་དང་མཇལ་མོལ་སྐབས་བོད་ནང་དང་དེ་བཙན་བྱོལ་ནང་གི་བོད་མིའི་ལས་འཆར་དང་འབྲེལ་བའི་རོགས་དངུལ་ཁག་གལ་ཆེ་ཡིན་སྟབས་རོགས་དངུལ་མུ་མཐུད་གནང་དགོས་པའི་རེ་སྐུལ་ཞུས་ཡོད་པ་དང། གྲོས་ཚོགས་འཐུས་མི་རྣམ་པས་བོད་མིར་རོགས་དངུལ་གནང་རྒྱུ་དེ་གལ་ཆེར་ངོས་འཛིན་པའི་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་བྱུང་ཡོད་པ་གསུངས་ཡོད། གཞོ་རྩའི་ཕྱི་ལོ་ ༢༠༠༩ ནས་ད་དབར་གཞིས་ལུས་བོད་མི་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་པ་༡༤༩ བྱུང་ཡོད་པའི་ཁོངས་ནས་ ༡༢༧ དགོངས་པ་རྫོགས་པ་ཤེས་རྟོགས་བྱུང་ཡོད་པ་དང་། རྒྱལ་གཅེས་པ་ ༢༢ རྒྱ་གཞུང་གིས་བཙན་ཁྲིད་འོག་འཆི་གསོན་གྱི་གནས་སྟངས་ཁ་གསལ་མེད་པ་རེད།

བཞུགས་སྒར་དུ་ཕྱི་ཚེས་ ༤ ནས་བོད་ཀྱི་བེུད་རྐང་སྤོལ་རྩེད་འགྲན་ཐེངས་གཉིས་པ་གནང་རྒྱུ་རེད་འདུག

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དང་བོད་ཀྱི་བེུད་ལྷན་ཚོགས་གཉིས་ཟུང་སྦྲེལ་ཐོག་ཟླ་བ་འདིའི་ཕྱི་ཚེས་ ༤ ནས་ ༧ བར་རྡ་སྟེང་བོད་ཁྱིམ་སློབ་གྲྭར་བོད་ཀྱི་བེུད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་གཉིས་པ་ཚོགས་རྒྱུ་རེད་འདུག འདི་ལོ་རྩེད་འགྲན་ཁོངས་སུ་ཞུགས་མཁན་རུ་ཁག་བཞི་འདུག་པ་དང་། དེ་དག་ནི་བོད་པའི་བོུ་འཛིན་རིམ་བཅིུས་ཐོན་ཚར་མཁན་ཚོའི་རུ་ཁག་གཅིག་དང་སློབ་གྲྭ་འགྲོ་བཞིན་པའི་བོུའི་རུ་ཁག་གཅིག དེ་ནས་ཧི་མཱ་ཅལ་མངའ་སྡེའི་ Una རྫོང་གི་ Khad བོུའི་རུ་ཁག་དང་། པན་ཇབ་མངའ་སྡེའི་ Amritsar Tand བོུ་རུ་ཁག་བཅས་ཁྱོན་བེུད་རྐང་སྤོལ་རུ་ཁག་ ༤ ནས་ཉིན་བཞི་རིང་རྩེད་འགྲན་གནང་རྒྱུ་རེད་འདུག དེ་རིང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ངོས་ནས་རྩེད་འགྲན་དེའི་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་སྤེལ་བའི་ཐོག་དྲུང་ཆེ་པ་སངས་རྡོ་རྗེ་ལགས་ནས་སྔ་ལོ་དང་མི་འདྲ་བ་འདི་ལོའི་རྩེད་འགྲན་ཁོངས་སུ་བོད་ཀྱི་བེུད་རུ་ཁག་གཉིས་ཡོད་པ་དང་། དེ་ཡང་ས་གནས་མང་པོ་ནས་མཉམ་ཞུགས་གནང་ཡོད་པ་གསུངས་སོང་། ཟླ་བ་འདིའི་ཚེས་ ༤ ནས་ ༦ བར་ཉིན་ལྟར་རྩེད་འགྲན་གཉིས་རེ་གནང་གི་འདུག་པ་དེ་ཡང་རུ་ཁག་བཞི་པོ་ནང་ཕན་ཚུན་དབར་ལ་འགྲན་སྡུར་གཅིག་རེ་གནང་དགོས་ཀྱི་འདུག ཕྱི་ཚེས་ ༧ སྟེ་ཉིན་མཐའ་མར་རུ་ཁག་བརྒྱ་ཆ་མཐོ་ཤོས་ལེན་མཁན་གཉིས་དབར་ལ་རྩེད་འགྲན་གནང་གཏན་འཁེལ་ཡོད་པ་རེད། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་དེ་རིང་བེུད་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་གཉིས་པ་དང་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ལས་རིམ་དེ་ནི་བོད་ཀྱི་བེུད་རྣམས་རྩེད་ཐང་དུ་ཐོན་ནས་རྩེད་རིགས་འདྲ་མིན་ཐོག་ནུས་པ་ཇེ་མཐོར་སྤེལ་རྒྱུའི་སྡིངས་ཆ་ཞིག་དང་འབྱུང་འགྱུར་བོད་ཀྱི་བེུད་རྐང་སྤོལ་རུ་ཁག་གི་རྨང་གཞི་གྲ་སྒྲིག་ཞིག་ཀྱང་ཡིན་པ་གསུངས་ཡོད། གསར་འགོད་ལྷན་ཚོགས་ཐོག་སྤྱི་ཁྱབ་དྲུང་ཆེ་འཁྱུར་ལ་ཉེ་བའི་རྒན་སྐལ་བཟང་དོན་གྲུབ་ལགས་སུ་སྔ་ལོ་བེུད་ཀྱི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐོག་མ་གཙོས་པའི་བོད་པའི་སྤྱི་ཚོགས་ནང་བེུད་ཚོས་རྐང་རྩེད་སྤོ་ལོར་དོ་དབྱིངས་གནང་ཕྱོགས་ཐད་ལ་གཟིགས་ཚུལ་གང་བྱུང་བཀའ་འདྲི་ཞུས་པར་ཁོང་གིས་དོ་སྣང་དང་མཉམ་ཞུགས་གནང་མཁན་མང་དུ་སོང་ཡོད་པ་གསུངས་སོང་། རྩ་བའི་ཨ་རི་བ་ Cassie ནས་ ༢༠༡༥ ལོར་བོད་ཀྱི་བེུད་རྐང་རྩེད་སྤོ་ལོའི་རུ་ཁག་གཅིག་ཟུར་འཛུགས་ཀྱིས་རུ་ཁག་དེ་ནས་ད་བར་རྒྱ་གར་ནང་གི་ས་གནས་ཁ་ཤས་སུ་འགྲན་སྡུར་གནང་ཡོད་པ་དང་། རིང་མིན་རུ་ཁག་དེ་ Canada ནང་དུ་རྩེད་འགྲན་ཆེད་འགྲོ་འཆར་ཡོད་པ་རེད། དེ་རིང་གི་གསར་འགོད་ལྷན་ཚོགས་འདིའི་ཐོག་ནས་རྒན་སྐལ་བཟང་དོན་གྲུབ་ལགས་ཀྱིས་མང་ཚོགས་ཁྲོད་ཨ་རི་བ་ Cassie ནས་བཙུགས་པའི་བོད་ཀྱི་བེུད་རྐང་རྩེད་སྤོ་ལོའི་རུ་ཁག་གཅིག་ཡོད་པ་དེ་བོད་རྒྱལ་ཡོངས་བེུད་རྐང་རྩེད་སྤོ་ལོའི་རུ་ཁག་ཡིན་མིན་དྲི་བ་ཡོང་གི་ཡོད་པར་གསལ་བཤད་དང་སྦྲགས། རུ་ཁག་དེ་ནི་བོད་མིའི་སྒྲིག་འཛུགས་དང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ནས་ངོས་འཛིན་མེད་ཅེས་གསུངས་ཡོད། གཞི་རྩའི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གཙོ་འགན་བཞེས་ཐོག་ཕྱི་ལོ་ ༢༠༠༣ ནས་གཙོ་བོ་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་གོ་སྒྲིག་གནང་གི་ཡོད་པ་དང་། དེ་དང་དུས་མཉམ་དུ་སློབ་གྲྭ་ཁག་གི་ནང་དུ་བསིལ་སྤོལ་འགྲན་སྡུར་དང་བེུད་ཀྱི་རྐང་སྤོལ་འགྲན་སྡུར་སོགས་གོ་སྒྲིག་གནང་དང་གནང་མུས་ཡིན་པ་རེད།

༢༠༡༧ ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར་ནང་བོད་ཀྱི་བེུད་ ༩ ནས་མཉམ་ཞུགས་གནང་འདུག

༢༠༡༧ ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར་ནང་ལ་རྒྱ་གར་དང་ཨ་རི། དེ་བཞིན་ཡུ་རོབ་ཀྱི་རྒྱལ་ཁབ་Austria བཅས་ནང་བཞུགས་པའི་བོད་ཀྱི་བེུད་ ༩ ནས་མཉམ་ཞུགས་གནང་འདུག དེ་རིང་ཟླ་ ༥ ཚེས་ ༣༠ ཉིན་སྔ་དྲོ་ཚོུད་ ༡༡།༠༠ ཐོག་བོད་ཀྱི་མཛངས་མའི་འགྲན་སྡུར་གོ་སྒྲིག་གནང་མཁན་བློ་བཟང་དབང་རྒྱལ་ལགས་ཀྱིས་བཞུགས་སྒར་དུ་འདི་ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར་དང་འབྲེལ་བའི་ཡོངས་ཁྱབ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ། འདས་པའི་ལོ་ཤས་ནང་དུ་འགྲན་སྡུར་འདིའི་ནང་ལ་མཉམ་ཞུགས་གནང་མཁན་བོད་ཀྱི་བེུད་གཅིག་མ་གཏོགས་ཕེབས་མེད་པའི་གནས་སྟངས་རིགས་ཆགས་ཡོད་ཀྱང་། ད་རེས་བོད་ཀྱི་མཛངས་མའི་འགྲན་སྡུར་ཐེངས་ ༡༥ པ་འདི་ནི་འཛུལ་ཞུགས་པ་མང་ཤོས་དེ་ཆགས་ཡོད་སྐོར་གསུངས་པ་དང་འབྲེལ། མཉམ་ཞུགས་པ་རྣམས་རིམ་པ་བཞིན་ངོ་སྤྲོད་གནང་སོང་། འདི་ལོའི་མཛངས་མའི་འགྲན་སྡུར་གྱི་ལས་རིམ་དེ་དེ་རིང་ནས་དབུ་འཛུགས་གནང་སྟེ། ཟླ་ ༦ ཚེས་ ༢ ཉིན་རྒྱབ་ཏུ་ Swim suit འམ་རྐྱལ་གོས་ཀྱི་འགྲན་བསྡུར་དང་། ཚེས་ ༣ ཉིན་སྒྱུ་རྩལ་གྱིའགྲན་བསྡུར། དེ་བཞིན་ཚེས་ ༤ སྟེ་རེས་གཟའ་ཉི་མའི་དགོང་མོ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པའི་ཐང་ཆེན་དུ་བེུད་རྣམས་ནས་རང་ཉིད་ཀྱི་ངོ་སྤྲོད་གནང་རྒྱུ་དང་དྲི་བ་དྲིས་ལན། ལྷག་དོན་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆས་གོས་ཀྱི་འགྲན་སྡུར་སོགས་གནང་ཐོག་དངོས་གཞིའི་འགྲན་བསྡུར་དེ་གནང་གི་ཡོད་པ་རེད། ད་ལོའི་བོད་ཀྱི་མཛངས་མ་འགྲན་སྡུར་ཁྲོད་ཨང་དང་པོའི་དབུ་རྒྱན་ཐོབ་མཁན་ལ་བྱ་དགའ་ཧིན་སྒོར་ ༡༠༠༠༠༠།༠༠ ཡོད་པ་དང་། ཨང་གཉིས་པར་ཧིན་སྒོར་ ༥༠༠༠༠ དང་ཨང་གསུམ་པར་ཧིན་སྒོར་ ༢༥༠༠༠ བཅས་ཀྱི་བྱ་དགའ་གནང་གི་ཡོད་པ་རེད།

ལྡི་ལིར་རྒྱལ་ཚོགས་ཀྱི་ནང་དུ་བོད་དོན་དང་འབྲེལ་བའི་ཛ་དྲག་གི་ཚོགས་འདུ་ཞིག་ཚོགས་དགོས་པའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བ།

དེ་རིང་ཟླ་ ༥ ཚེས་ ༢༩ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་དུ་བོད་དོན་དང་འབྲེལ་བའི་ཛ་དྲག་གི་ཚོགས་འདུ་ཞིག་ཚོགས་དགོས་པའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་དེ་རིང་སྔ་དྲོ་ཚོུ་ ༡༠།༠༠ ཐོག་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་ཀྱིས་དབུས་པའི་རྒྱུན་ལས་ཁག་གཅིག ལྡི་ལི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་དང་ཚོགས་མི། དེ་བཞིན་ས་གནས་བོད་རིགས་སློབ་མ་དང་མང་ཚོགས་བཅས་ཁྱོན་མི་གྲགས་ ༣༠༠ ལྷག་རྒྱལ་ས་ལྡི་ལིའི་ Khan ཁྲོམ་གཞུང་དུ་ཚང་འཛོམས་ཀྱིས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་ཕྱོགས་སུ་ད་བར་བོད་ཕྱི་ནང་གཉིས་སུ་བོད་མི་རིགས་ཀྱི་རྩ་དོན་སླད་དུ་རང་ལུས་མེར་སྲེག་གནང་མཁན་གྱི་རྒྱལ་གཅེས་པ་རྣམ་པའི་སྐུ་པར་དང་བོད་ཀྱི་རྒྱལ་དར་འཕྱར་ཞིང་། བོད་ལ་རང་དབང་དགོས། རང་ལུས་མེར་སྲེག་གནང་མཁན་ཚོའི་མངོན་འདོད་ལ་བརྩི་སྲུང་དགོས་ཞེས་སྐད་འབོད་གནང་པ་དང་། དེ་བཞིན་རྒྱ་ནག་གཞུང་ལ་ངོ་རྒོལ་དང་རྒྱལ་ཚོགས་ནས་བོད་དོན་ཐོག་དམིགས་བསལ་གྱི་དོ་སྣང་དགོས་པ་སོགས་ཀྱི་ཞུ་གཏུག་གི་གོམ་བགྲོད་ལས་འགུལ་ཞིག་སྤེལ་ཡོད་པ་རེད། ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་དེ་ནི། རྒྱལ་སྤྱིའི་མཉམ་འབྲེལ་རྒྱ་ཚོགས་ཀྱི་ངོས་ནས་བོད་མིའི་རང་སྲེག་གི་གནད་དོན་ལ་དོ་སྣང་གནང་སྟེ་ཁོང་རྣམ་པའི་མངོན་འདོད་དང་བོད་ནང་གི་ཛ་དྲག་གནས་སྟངས་གང་མགྱོགས་སེལ་ཐབས་སུ་རྒྱལ་ཚོགས་ཀྱི་ནང་དུ་བོད་དོན་དང་འབྲེལ་བའི་ཛ་དྲག་གི་ཚོགས་འདུ་ཞིག་ཚོགས་དགོས་པ་མ་ཟད། བོད་ནང་གི་ཛ་དྲག་གནས་སྟངས་ཀྱི་འགན་དབང་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད་པའི་གནོན་ཤུགས་སྤྲོད་དགོས་པ་སོགས་ཡིན་པ་རེད། ཤེས་རྟོགས་བྱུང་བར། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཟླ་ ༦ ཚེས་ ༥ ཉིན་སླར་ཡང་རྒྱལ་ས་ལྡི་ལིའི་ Khan ཁྲོམ་གཞུང་ནས་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་བར་བོད་ནང་གི་ཁོར་ཡུག་གནས་སྟངས་སྐོར་ལ་ཞུ་གཏུག་གི་གོམ་བགྲོད་ལས་འགུལ་ཞིག་སྤེལ་གནང་རྒྱུ་རེད་འདུག

ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་ནས་བཙུན་མ་རྣམས་ལ་ཚན་རིག་གི་ཟབ་སྦྱོང་ཐོག་མ་གནང་འགོ་ཚུགས་འདུག

ཨ་རིའི་ Georgia མངའ་སྡེ་ནང་དུ་རྟེན་གཞི་བྱས་པའི་  Emory གཙུག་ལག་སློབ་གཉེར་ཁང་དང་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་ཟུང་སྦྲེལ་ཐོག་ནས་ ༢༠༡༤ ནས་གདན་ས་ཁག་གི་དགེ་འདུན་པ་རྣམས་ལ་ལོ་ལྟར་དབྱར་ཁ་ཟླ་བ་གཅིག་ལྷག་ཙམ་རིང་ལ་ཚན་རིག་གི་ཟབ་སྦྱོང་ཞིག་དངོས་སུ་ལག་བསྟར་གནང་བཞིན་ཡོད་པ་ལྟར། འདི་ལོའི་དགེ་འདུན་པ་ཚོའི་ཟབ་སྦྱོང་དེ་ཟླ་བ་འདིའི་ཚེས་ ༡༧ ནས་དབུ་འཛུགས་གནང་ཡོད་པ་དང་། ཁ་སང་ཚེས་༢༤ ཉིན་བྱེས་ཀྱི་གདན་ས་འབྲས་སྤུངས་བློ་གསལ་གླིང་དུ་བོད་པའི་བཙུན་མ་ཁག་གཅིག་ལ་ཚན་རིག་གི་ཟབ་སྦྱོང་ཐོག་མ་གནང་འགོ་ཚུགས་འདུག ཐེངས་འདིའི་བཙུན་མའི་ཟབ་སྦྱོང་དེ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་མཐུན་འགྱུར་གནང་པ་ཞིག་ཡིན་པ་དང་། ཟབ་སྦྱོང་ནང་སྒྲོལ་མ་གླིང་དང་དགའ་ལྡན་ཆོས་གླིང་། འཇམ་དབྱངས་ཆོས་གླིང་དང་བྱང་ཆུབ་ཆོས་གླིང་། དེ་བཞིན་བཤད་སྒྲུབ་དར་རྒྱས་གླིང་བཅས་རྒྱ་གར་ནང་གི་བཙུན་དགོན་ཆེ་གྲས་ལྔའི་བཙུན་མ་ ༣༧ ནས་ལྷན་ཞུགས་གནང་འདུག ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ལོ་རྩ་བ་རྒན་པ་བཙོན་འགྲུས་ལགས་སུ་བཙུན་མའི་ཚན་རིག་གི་ཟབ་སྦྱོང་སྐོར་ལ་བཅར་འདྲི་ཞུས་པར། ཁོང་གིས་འདི་ནི་གཙོ་བོ་༸གོང་ས་མཆོག་གི་དགོངས་གཞི་བསྒྲུབ་རྒྱུ་དང་། ཁོང་ཚོར་སྤྱི་ཚོགས་ནང་ཞབས་ཞུའི་ལས་དོན་ཚགས་ཚུད་ནུས་པ་ལྡན་པ་ཡོང་ཆེད་དུ་དམིགས་པ་ཞིག་ཡིན་པ་གསུངས་སོང་། གཞི་རྩའི་ཨ་རིའི་ Emory གཙུག་ལག་སློབ་ཁང་དང་བོད་ཀྱི་དཔེ་མཛོད་ཁང་ཟུང་སྦྲེལ་ཐོག་ཚན་རིག་གི་ལས་འཆར་དེ་ཐོག་མ་ ༢༠༠༨ ལོར་འགོ་ཚུགས་འདུག་པ་དང་། ༢༠༡༤ ནས་དངོས་སུ་གཞི་བསླབ་གཞི་གཏན་འབེབས་ཐོག་ཁྱོན་ལོ་དྲུག་གི་ཚན་རིག་སློབ་སྦྱོང་གནང་གི་ཡོད་པ་རེད།  ལོ་དྲུག་པོ་དེའི་ནང་གཙོ་བོ་དབང་རྩའི་ཚན་རིག་དང་སྐྱེས་དངོས་ཚན་རིག དེ་བཞིན་དངོས་ཁམས་ཚན་རིག་དང་ནུབ་ཕྱོགས་ཀྱི་ལྟ་གྲུབ་སོགས་ཀྱི་ཐོག་སློབ་ཁྲིད་གནང་གི་འདུག

སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ང་ཚོས་སློབ་ཕྲུག་རྣམས་ལ་ཁྲོམ་རའི་ནང་འཚོང་བྱེད་ཀྱི་རྒྱུ་ཆ་ཞིག་ལ་ལྟ་རྒྱུ་མེད་པའི་ལམ་སྟོན་གནང་པ།

བཞུགས་སྒར་དུ་བོད་པའི་སློབ་གྲྭ་ཁག་ཅིག་གིས་ཤེས་ཡོན་འགན་འཛིན་དང་རྒྱུས་སྟོན་པ་རྣམས་ལ་ཤེས་ཡོན་སྲིད་བྱུས་སྐོར་གོ་རྟོགས་སྤེལ་བའི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་པའི་ཐོག བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རེན་པོ་ཆེ་མཆོག་གིས ་ང་ཚོས་སློབ་ཕྲུག་རྣམས་ལ་མི་ཡི་འདུ་ཤེས་འཛིན་དགོས་པ་ལས་ཁོང་རྣམས་ཁྲོམ་རའི་ནང་དུ་འཚོང་བྱེད་ཀྱི་རྒྱུ་ཆ་ཞིག་ཏུ་ལྟ་ན་ནོར་འཁྲུལ་ཡིན་པ་གསུངས་གནང་སོང་། དེ་རིང་ཟླ་ ༥ ཚེས་ ༢༤ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས། ཤེས་རིག་ཤེས་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས མ་སུ་རི་བུ་ཁྱིམ་དྲུང་ཆེ་ཀརྨ་ཆུང་བདག་ལགས་བཅས་དབུ་བཞུགས་ཐོག བོད་ཕྲུག་ཁྱིམ་སྡེ་དང་སཾ་བྷོ་ཊ། དེ་བཞིན་བལ་ཡུལ་གངས་ཅན་བདེ་རྩ་སོགས་ཀྱི་ཤེས་ཡོན་འགན་འཛིན་རྣམ་པ་ལྷན་བཞུགས་གནང་ཡོད་པ་རེད། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཟབ་སྦྱོང་གི་ཚོགས་ཐུན་དང་པོའི་སྐབས་ཤེས་ཡོན་སྲིད་བྱུས་ཀྱི་སྤྱི་ཡོངས་བྱེད་སྒོ་ལམ་སྟོན་སྐོར་ལ་ལམ་སྟོན་གསུང་བཤད་གནང་པའི་ཁྲོད། གཞི་རྐང་བོད་མི་རིགས་དེ་མི་རིགས་གཞན་པ་ལས་ཟུར་དུ་དབྱེ་བ་ཕྱེས་ཐུབ་ཡག་ཅིག་དང་། མི་རིགས་གནས་བབ་མཚོན་ཐུབ་པ་དགོས་ཀྱི་ཡོད་ན་ཤེས་ཡོན་དང་ལེགས་བྱང་ཐམས་ཅད་ཀྱི་གཞི་རྩར་གྱུར་པའི་སྐད་ཡིག་དེ་ཕྱོགས་ཐམས་ཅད་ནས་སྲུང་སྐྱོབ་བྱེད་དགོས་པ་རེད། དེའང་ལོ་ན་ཆུང་ཤོས་ཀྱི་གནས་སྐབས་ནས་སྲུང་སྐྱོབ་བྱེད་དགོས་རྒྱུ་ཧ་ཅང་གལ་གནད་ཡིན་པ་གསུངས་སོང་། ལྷག་དོན་ཤེས་ཡོན་སྲིད་བྱུས་ནས་སློབ་ཚན་གང་འདྲ་བཞག་མ་བཞག་དང་འཛིན་གྲྭ་ཚོགས་སྟངས་དང་། དེ་བཞིན་རྒྱུགས་སྤྲོད་གཏོང་སྟངས་སོགས་ཀྱི་གནད་དོན་ཡན་ལག་གི་རྣམ་གྲངས་ཞིག་ཡིན་པ་གསུངས་པ་དང་སྦྲགས། གལ་འགངས་ཆེ་ཤོས་དེ་ལྟ་སྟངས་ཡིན་པ་ལམ་སྟོན་གནང་ཡོད། སྐབས་དེར་རིན་པོ་ཆེ་མཆོག་གིས་སློབ་སྦྱོང་གྱི་དམིགས་ཡུལ་ནི་མ་ཤེས་པ་ཤེས་པ་བཟོ་རྒྱུ་ལས་འཚོ་ཐབས་ཆེད་དུ་མིན་པ་དང་། ཤེས་ཡོན་ལ་ལྟ་སྟངས་དེ་ཡང་གནས་ཚུལ་མཁོ་སྤྲོད་བྱ་རྒྱུ་གཙོ་བོ་མིན་པར། སློབ་མ་རང་ངོས་ནས་གནས་ཚུལ་བརྟག་དཔྱད་བྱེད་ནས་ཤེས་ཐབས་བྱ་རྒྱུ་ཡིན་པ་མ་ཟད། ལྷག་པར་དུ་སློབ་ཕྲུག་ལ་ཁྲོམ་རའི་ནང་འཚོང་བྱེད་ཀྱི་རྒྱུ་ཆ་གཅིག་ལ་ལྟ་རྒྱུ་མེད་པའི་ལམ་སྟོན་གནང་སོང་། ད་དུང་རིན་པོ་ཆེ་མཆོག་གིས་དགེ་རྒན་གྱི་ལས་འགན་དང་སློབ་མར་ལྟ་སྟངས་སྐོར་གསུངས་པར་དགེ་སློབ་གཉིས་བར་ལ་བརྩེ་སེམས་ཅན་གྱི་ནང་ཚགས་མ་ཆགས་བར་དུ་ཕྱོགས་གཉིས་བར་མཉམ་རུབ་ཀྱིས་ཤེས་ཡོན་སྦྱོང་བརྡར་ཡག་པོ་ཡོང་ཐབས་མེད་སྐོར་མུ་མཐུད་ལམ་སྟོན་གནང་ཡོད། དེ་ལྟར་ན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་མིའི་ཤེས་ཡོན་སྲིད་བྱུས་དེ་ལག་བསྟར་ཡོང་བར་གོང་དུ་ཞུས་པའི་ལྟ་སྟངས་དེ་དག་ཡང་དག་པ་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེ་ཡིན་པའི་ཐོག སློབ་ཕྲུག་གི་སྤྱི་ཚོགས་དང་དགེ་རྒན་གྱི་སྤྱི་ཚོགས། དེ་བཞིན་ཕ་མ་དང་འཛིན་སྐྱོང་བཅས་བཞིའི་བར་ལ་འབྲེལ་བ་ཉེ་པོ་དང་གཏིང་ཟབ་དགོས་གལ་ཡིན་པ་ལམ་སྟོན་རྒྱ་ཆེ་གནང་ཡོད། རྩ་བའི་དེ་རིང་དང་སང་ཉིན་བཅས་སུ་ཚོགས་རྒྱུའི་ཟབ་སྦྱོང་གི་ལས་རིམ་དེའི་ནང་ཤེས་ཡོན་འགན་འཛིན་དང་རྒྱུས་སྟོན་པ་རྣམས་ལ་ ༢༠༠༤ ལོར་གཏན་འབེབས་གནང་པའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལས་ཤེས་ཡོན་ངོ་བོ་དང་ངོས་འཛིན། ཤེས་ཡོན་སྤྲོད་པའི་དམིགས་ཡུལ། དགེ་རྒན་དང་ཤེས་ཡོན་སྲིད་བྱུས། དགེ་རྒན་དབུས་བཞག་དང་སློབ་ཕྲུག་དབུས་བཞག་སོགས་བརྗོད་གཞི་བརྒྱད་ཙམ་གྱི་ཐོག་ལ་སློབ་ཁྲིད་དང་དྲི་བ་དྲིས་ལན་བཅས་གནང་གི་འདུག

སྲིད་སྐྱོང་མཆོག་གིས་སྲིད་འཛིན་ Trump མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་གནང་དགོས་པའི་དཔྱད་རྩོམ་ཞིག་སྤེལ་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཉེ་ཆར་ཨ་རིའི་སྲིད་འཛིན་ Donald Trump མཆོག་ནས་སྲིད་འཛིན་གྱི་ཐུགས་འགན་བཞེས་ཏེ་ཆེས་ཐོག་མའི་གཞུང་འབྲེལ་འཚམས་གཟིགས་གནང་པའི་ནང་ Saudi Arabia ནང་གི་རྒྱལ་པོ་དང། Israel སྲིད་བློན་ Benjamin Netanyahu མཆོག དེ་བཞིན་ Vatican ནང་ཡི་ཤུ་བླ་ཆེན་ Pop Francis མཆོག་དང་མཇལ་འཕྲད་གནང་པ་དང་སྦྲགས། ཡུལ་དེའི་ནང་གི་ཡི་ཤུ་དང་ཁ་ཆེ། དེ་བཞིན་ཇིའུ་བཅས་འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་གསུམ་གྱི་རྗེས་འབྲང་པ་ཚོ་དང་འབྲེལ་མོལ་བསྐྲུན་གནང་པ་ལྟར། སྲིད་འཛིན་མཆོག་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ཡང་མཇལ་འཕྲད་གནང་དགོས་ཀྱི་རེད་ཅེས་གསུངས་འདུག དེའང་སྲིད་སྐྱོང་མཆོག་གིས་ཨ་མི་རི་ཀའི་ The Hill གསར་ཤོག་ཐོག་སྲིད་འཛིན་ Donald Trump མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་གནང་དགོས་ཞེས་པའི་དཔྱད་རྩོམ་ཞིག་སྤེལ་འདུག་པ་དང། དེའི་ནང་གཙོ་བོ་སྲིད་སྐྱོང་མཆོག་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ཐོག་ཡོངས་སུ་གྲགས་པའི་ནང་པའི་ཆོས་ལུགས་ཀྱི་དབུ་ཁྲིད་གལ་ཆེ་ཞིག་ཡིན་པ་མ་ཟད། འཚེ་མེད་ཞི་བ་དང་བྱམས་བརྩེ། འདྲ་མཉམ། དེ་བཞིན་བརྩེ་བའི་བདག་ཉིད་མཚོན་དོན་ཞིག་ཡིན་སྟབས། སྲིད་འཛིན་ཌོ་ནལྜ་ཊམ་མཆོག་ནས་འདས་པའི་འཚམས་གཟིགས་ཁྲོད་ཆོས་ལུགས་གཞན་གྱི་དབུ་ཁྲིད་དང་དེའི་རྗེས་འབྲང་པ། དེ་བཞིན་རྒྱལ་ཁབ་ཀྱི་འགོ་ཁྲིད་བཅས་ལ་མཇལ་འཕྲད་གནང་པ་ལྟར། ༸གོང་ས་མཆོག་དང་ཡང་མཇལ་འཕྲད་གནང་དགོས་ཀྱི་རེད་ཅེས་གསུངས་འདུག དབུ་ཁྲིད་གཉིས་པོའི་དབར་མཇལ་འཕྲད་གནང་པ་དེའི་བརྒྱུད་ནས་འཛམ་གླིང་ནང་གཞི་རྩ་བའི་འཚེ་མེད་ཞི་བ་དང་ཞི་བདེ་གོང་འཕེལ་ཡོང་རྒྱུར་ཕན་ཐོགས་ཡོང་ངེས་ཡིན་པ་གསུངས་འདུག ལྷག་པར་དུ་ཨ་མི་རི་ཀའི་སྲིད་འཛིན་ George H W Bush མཆོག་གིས་གཙོས་ད་བར་ཨ་རིའི་སྲིད་འཛིན་རིམ་པས་༸གོང་ས་མཆོག་དང་མཇལ་འཕྲད་གནང་པ་དང་འབྲེལ། མཇལ་འཕྲད་རིམ་པ་གནང་པའི་ནང་འཛམ་གླིང་ནང་གི་ཆབ་སྲིད་དང་ཆོས་ཕྱོགས། དེ་བཞིན་གོ་ལའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་དཀའ་ངལ་སེལ་ཐབས་ཐོག་བཀའ་བསྡུར་གནང་ཡོད་པ་མ་ཟད། དེང་གི་དྲག་སྤྱོད་དང་རྙོག་གླེང་ཆེ་བའི་སྤྱི་ཚོགས་ཀྱི་ངལ་བ་དང་འབྲེལ་དབུ་ཁྲིད་རྣམ་གཉིས་དབར་མཇལ་འཕྲད་བརྒྱུད་ནས་དཀའ་ངལ་དེ་དག་གི་ཐོག་ལ་བཀའ་བསྡུར་གནང་རྒྱུའི་གོ་སྐབས་ཤིག་ཡོད་པ་འགྲེལ་བརྗོད་གནང་འདུག ད་དུང་དཔྱད་རྩོམ་དེའི་ནང་བོད་དེ་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་སྡུག་ཤོས་གཉིས་པ་ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ལོར་ནས་ད་བར་བོད་ནང་རང་ལུས་མེར་སྲེག་གནང་མཁན་ཁྱོན་བོད་མི་ ༡༤༩ བྱུང་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་ བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་མེད་གཏོང་བཞིན་པའི་གནས་སྟངས་སོགས་ལུང་འདྲེན་གྱིས་ཨ་རིའི་སྲིད་འཛིན་ Donald Trump མཆོག་ནས་དེ་ལྟ་བུའི་བོད་ནང་གི་ཛ་དྲག་གནས་སྟངས་ངེས་པར་དུ་མཁྱེན་ཐོག་དཀའ་ངལ་ཇི་ལྟར་སེལ་དགོས་མིན་ལ་དགོངས་པ་བཞེས་དགོས་ཀྱི་རེད་ཅེས་སོགས་གསུངས་ཡོད་པ་རེད། དེ་བཞིན་དེང་སྐབས་ཨ་རི་དང་རྒྱ་ནག་དབར་འབྲེལ་ལམ་གོང་འཕེལ་འགྲོ་བཞིན་པའི་དུས་སྐབས་དང་བསྟུན། སྲིད་འཛིན་ Trump མཆོག་ནས་གོ་སྐབས་ཆེ་བཞེས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དང་ལྷན་དུ་བོད་ནང་གི་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གནད་དོན་སྐོར་ལ་གླེང་སློང་གནང་དགོས་པ་དང་། ལྷག་དོན་སྲིད་འཛིན་མཆོག་གིས་སྲིད་འཛིན་གྱི་ལས་འཁུར་བཞེས་པ་ནས་ད་བར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་མེད་སྟབས། དེ་དོན་གང་མགྱོགས་བསྐོ་གཞག་གནང་སྐྱོང་ཡོང་བའི་རེ་འདུན་ཡང་བཏོན་འདུག རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ད་ལྟ་ཨ་རིའི་ནང་དུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་ཁ་སང་ཚེས་ ༢༣ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རིའི་ Utah མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Mike Lee མཆོག་དང་། གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ Orrin Hatch མཆོག དེ་བཞིན་བོད་དོན་རྒྱབ་སྐྱོར་བ་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern མཆོག་དང་དེ་སྔའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་ཨ་རིའི་གཞུང་ཚབ་གནང་མྱོང་མཁན་སྐུ་ཞབས་ Mr. Harper མཆོག་བཅས་དང་མཇལ་འཕྲད་གནང་སྟེ་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་རྒྱ་འབྲེལ་མོལ་སྐོར་གླེང་སློང་གནང་འདུག གཞན་ཡང་སྲིད་སྐྱོང་མཆོག་ནས་དབྱིན་ཡུལ་ནང་གི་འབར་རྫས་གཏོར་རྒོལ་དོན་རྐྱེན་འོག་ཤི་རྨས་བྱུང་བ་རྣམས་ལ་ཐུགས་གསོ་གནང་འདུག དེ་ཡང་ཟླ་བ་འདིའི་ཚེས་ ༢༢ ཉིན་དགོང་མོ་དབྱིན་ཡུལ་གྱི་གྲོང་ཁྱེར་ Manchester མང་ཚོགས་སྟོང་ཕྲག་དུ་མ་འདུ་འཛོམས་བྱུང་བའི་རོལ་དབྱངས་མཚན་ཚོགས་ཐོག་གློ་བུར་དུ་འབར་རྫས་གཏོར་རྒོལ་བྱུང་ནས། མི་གྲངས་ ༢༢ ཚེ་སྲོག་ཤོར་བ་དང་། ༥༥ ལྷག་རྨས་སྐྱོན་ཚབས་ཆེན་ཕོག་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་སྟབས། ཁ་སང་སྲིད་སྐྱོང་མཆོག་གིས་ཡུལ་དེའི་སྲིད་བློན་ལྕམ་སྐུ་ Theresa May མཆོག་གི་མཚན་ཐོག་ལ་ཐུགས་གསོའི་འཕྲིན་ཡིག་གཅིག་ཕུལ་འདུག སྲིད་སྐྱོང་མཆོག་གིས་བློ་ཕམ་ཆེན་པོ་དང་སྦྲགས། དབྱིན་ཡུལ་གྱི་གཞུང་མང་གཉིས་ལ་གདུང་སེམས་མཉམ་བསྐྱེད་ཞུས་འདུག་པ་དང་། བློ་ཡུལ་དུ་ཤོང་དཀའ་བའི་བྱུང་རྐྱེན་དེའི་འོག་ཚེ་སྲོག་ཤོར་བ་རྣམས་ཀྱི་རྗེས་ཤུལ་ནང་མི་སྤུན་མཉེན་རྣམས་ལ་ཐུགས་གསོ་དང་། རྨས་སྐྱོན་ཕོག་པ་རྣམས་ལ་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུས་འདུག་པ་མ་ཟད། ལྷག་པར་དུ་མྱ་ངན་བྱེད་བཞིན་པའི་དུས་སྐབས་འདིར་བོད་མིའི་སྒྲིག་འཛུགས་དང་གཞིས་བྱེས་བོད་མི་ཡོངས་རྫོགས་དབྱིན་ཇིའི་གཞུང་མང་གཉིས་ལ་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད། ལས་ངན་འདི་ལྟ་བུ་སྤེལ་མཁན་ལ་ཁྲིམས་ཐོག་ནས་དྲང་བདེན་གྱི་ཐག་གཅོད་ཡོང་རྒྱུར་ཡིད་ཆེས་ཡོད་པ་གསུངས་འདུག  

Latest news