Tibetan Royal Year of 2151 | Year of the Wood Dragon

བོད།

རྒྱ་གཞུང་གིས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ནོར་འཁྲུལ་ཡིན་པར་ངོས་ལེན་བྱས་མེད་པར་ཐེར་འདོན་གནང་བ།

བོད་ནང་རྒྱ་ནག་དམར་ཤོག་ཚོགས་པས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ལག་བསྟར་འོག་ལྷ་སའི་མང་ཚོགས་སྤྱི་དང་ལྷག་པར་དུ་ཁུལ་དེར་ཡོད་པའི་ཡུལ་སྐོར་སྤྲོ་འཆམ་པ། ལས་མི། སྨན་ཞབས་པ། ལས་བྱེད་པ་སོགས་ཀྱིས་ཀྱང་སྲིད་བྱུས་དེའི་འོག་དཀའ་སྡུག་མྱོང་བཞིན་པའི་ཁྲོད་མང་ཚོགས་ཀྱིས་འ་ཆད་འུ་ཐུག་གི་སྡུག་བསྔལ་མང་པོ་མྱངས་དང་མྱོང་བཞིན་སྐོར་གསུངས་པའི་བརྙན་དང་སྒྲ་འཇུག་ག་ཚོད་ཙམ་ཕྱིར་ཐོན་མིན་ལ་མ་ལྟོས་པར་བོད་ཀྱི་རྒྱལ་ས་ལྷ་སའི་འགོ་གཙོ་གཞོན་པས་མང་ཚོགས་ཀྱི་ཁ་བཀག་ཆེད་དགོངས་དག་ཐུགས་བདེན་ཞུས་པ་མ་གཏོགས་ད་བར་བོད་ནང་ལག་བསྟར་བྱེད་བཞིན་པའི་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ནོར་འཁྲུལ་ཡིན་པར་ངོས་ལེན་བྱས་མེད་པར་ཐེར་འདོན་གྱིས་མངོན་གསལ་གནང་འདུགཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཉེ་ཆར་བོད་ནང་དང་ལྷག་པར་དུ་རྒྱལ་ས་ལྷ་ས་ཁུལ་དུ་རྒྱ་གཞུང་གིས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་འོག་མང་ཚོགས་ལ་ཕན་ལས་གནོད་ཆེ་བ་བྱུང་བ་དང་། གཉན་རིམས་ཁྱབ་གདལ་ཤུགས་ཆེ་རུ་བཏང་བར་མ་ཟད་མང་ཚོགས་ལ་དོན་མེད་དཀའ་ངལ་འཕར་མ་བཟོ་བཞིན་ཡོད་པ་སོགས་གསུངས་ཡོད་པའི་མང་ཚོགས་ཀྱིས་འ་ཆད་འུ་ཐུག་གི་བརྙན་དང་སྒྲ་མང་དག་ཅིག་འདོན་སྤེལ་གནང་བའི་ཁོངས་ནས་ཕྱི་ཕྱོགས་སུ་ཕྱིར་འགྱར་བྱུང་བ་ཁག་གཅིག་ལ་དཔྱད་ཞིབ་དང་སྦྲགས། བོད་ཀྱི་རྒྱལ་ས་ལྷ་སའི་འགོ་ཁྲིད་ཀྱིས་མང་ཚོགས་རྣམས་ལ་དགོངས་དག་ཐུགས་བདེན་ཞུས་ཡོད་པ་དེ་ལྟར་ཡང་། ད་བར་རྒྱ་ནག་དམར་ཤོག་ཚོགས་པའི་བཀོད་ཁྱབ་འོག་བོད་ནང་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ཤིག་ཡིན་པར་ངོས་ལེན་རྩ་བ་ནས་བྱས་མེད་པའི་ཁར་ཚེས་ ༡༩ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ Wang Junzheng ཟེར་བས་ལྗོངས་ཀྱི་རྒྱུན་ལས་ཚོགས་འདུའི་ཐོག་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ལ་བསྒྱུར་བཅོས་གང་ཡང་མེད་ཅེས་བཤད་པ་མངོན་གསལ་གནང་འདུག མང་ཚོགས་ལ་དགོངས་སེལ་ཞུས་པའི་བསྒྲགས་གཏམ་ནང་ད་ལྟའི་ཛ་དྲག་གི་དཀའ་ངལ་གསལ་ཐབས་དང་འབྲེལ་བའི་ཐབས་ལམ་གང་ཡང་བསྟན་མེད་པ་དང་དགོངས་སེལ་ཞུས་པར་ལྷ་སའི་འགོ་གཙོ་གཞོན་པས་གཤམ་འོག་གི་འཕྲོད་བསྟེན་ལས་བྱེད་པ་སོགས་ལ་ཁག་དཀྲི་བྱས་པ་དང་། རྒྱལ་ས་ལྷ་སའི་འགོ་གཙོ་གཞོན་པ་དགྲ་འདུལ་ཟེར་བ་དེར་རྒྱ་ནག་དམར་ཤོགས་ཚོགས་པའི་ལས་བྱེད་པའི་གོ་གནས་ཡོད་ཀྱང་། ཁོ་པས་རྒྱལ་ས་ལྷ་སའི་འགོ་གཙོ་གཞོན་པའི་མིང་ཐོག་ནས་དགོངས་སེལ་ཞུས་པ་མ་གཏོགས་སྲིད་བྱུས་ལག་བསྟར་བྱེད་དགོས་པའི་བཙན་བཀའ་གཏོང་མཁན་དམར་ཤོག་ཚོགས་པའི་ས་གནས་འགོ་ཁྲིད་དང་དཔོན་རིགས་བཅས་ཀྱི་ངོས་ནས་དགོངས་སེལ་གང་ཡང་ཞུས་མེད་པར་ཐེར་འདོན་གནང་འདུག བོད་ཀྱི་རྒྱལ་ས་ལྷ་སའི་འགོ་ཁྲིད་ཀྱིས་མང་ཚོགས་རྣམས་ལ་དགོངས་དག་ཐུགས་བདེན་ཞུས་པའི་གནས་ཚུལ་བྱུང་རྗེས་སྤྱི་ཚོགས་དྲ་ལམ་ཁག་ཏུ་མང་ཚོགས་ཀྱི་ངོས་ནས་བརྙན་དང་གནས་ཚུལ་སྤེལ་བ་རྣམས་ལྟ་ཀློག་གནང་ས་མེད་པ་བཟོས་པར་མ་ཟད། ཚེས་ ༡༨ ཉིན་རྒྱལ་ས་ལྷ་སའི་སྤྱི་བདེ་ལས་ཁུངས་ཀྱིས་བོད་མི་གསུམ་ལ་གཉན་རིམས་དང་འབྲེལ་བའི་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་ཆད་པ་བཅད་པ་དང་། ཚེས་ ༢༠ ཉིན་ད་བར་གཉན་རིམས་སྐོར་དཀྲོག་གཏམ་སྤེལ་བའི་གྱོད་གཞི་ ༤༧༡ ལ་ཞིབ་འཇུག་བྱས་པའི་ཁྲོད་མི་ ༧༨༦ ལ་ཉེས་ཆད་བཏང་ཡོད་པའི་གསལ་བསྒྲགས་ཤིག་སྤེལ་བ་བརྒྱུད་དོན་དམ་ལ་རྒྱ་གཞུང་གིས་མང་ཚོགས་ཀྱི་དཀའ་ངལ་གསལ་རྒྱུ་ལས་ལྡོག་སྟེ་མང་ཚོགས་ཀྱི་ཁ་བཀག་ཐབས་ལ་དོ་སྣང་ཆེས་ཆེར་སྤྲོད་བཞིན་ཡོད་པ་མངོན་གསལ་གནང་འདུགདེའི་བར་ན་ཉེ་ཆར་ Epoch Times ཞེས་པའི་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་གསར་ཁང་དེས་རྒྱལ་ས་ལྷ་ས་ཁུལ་དུ་གནས་སྡོད་རྒྱ་རིགས་མང་ཚོགས་ཁག་གཅིག་དང་འབྲེལ་བ་གནང་སྟེ་ས་གནས་དངོས་ཀྱི་གནས་སྟངས་རྒྱུན་ལོན་གནང་བའི་ཁྲོད་བོད་མི་རྣམས་ཀྱིས་གསུངས་པའི་བཀའ་མོལ་ལྟར་ལྷ་ས་ཁུལ་དུ་སྤྱི་སྤྱོད་རླངས་འཁོར་བཅུ་ཕྲག་མང་པོ་བང་སྒྲིག་ནས་ས་ཁུལ་ཞིག་ཏུ་རིམས་ནད་ཕོག་མཁན་གཅིག་འབྱུང་ཚེ་ནད་གཞི་ཕོག་མིན་ལ་མ་ལྟོས་པར་ཉེ་འཁོར་གྱི་མི་ཚང་མ་ཟུར་བཀག་ཏུ་བཙན་ཁྲིད་བྱེད་བཞིན་པ་དང་། རང་ཁྱིམ་དུ་བཞུགས་པ་རྣམས་ཀྱང་ཟས་མི་འདང་བ་དང་དངུལ་གསོག་འཇོག་གནང་བ་རྣམས་རྫོགས་པའི་ངལ་འཕྲད་ཀྱི་ཐོག་ནས་ནམ་ཞིག་ཟུར་བཀག་ཁང་དུ་ཁྲིད་མིན་གྱི་དངངས་སྐྲག་འོག་བཞུགས་དགོས་པ་བྱུང་བ་བཅས་ཕྱོགས་ཡོངས་ཀྱི་དཀའ་ངལ་བཟོད་མ་ཐུབ་པར་འ་ཆད་འུ་ཐུག་གི་གནས་སུ་གྱར་བའི་ཁར་རྒྱ་གཞུང་གིས་མང་ཚོགས་ཁྲོད་དཀྲོག་གཏམ་སྤེལ་རྒྱུ་མེད་པའི་འཇིགས་སྐུལ་དང་སྤེལ་མཁན་རྣམས་ལ་ཉེས་ཆད་གཏོང་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་འབྲེལ་དྲ་རྒྱའི་ཐོག་གནས་ཚུལ་གང་སྤེལ་བ་དེ་དག་ཚང་མ་རྫུན་གཏམ་ཁོ་ན་ཡིན་པ་ལྟར་དཀྲོག་གཏམ་སྤེལ་མཁན་ངོ་མ་དེ་རྒྱ་ནག་གཞུང་རང་ཉིད་ཆགས་ཡོད་པར་སྐྱོན་བརྗོད་གནང་འདུག

རྒྱལ་ཚོགས་ནང་རྒྱ་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་ཐེར་འདོན་གནང་འདུག

ཨ་རི་དང་ཡོ་རོབ་མཐུན་ཚོགས་གཉིས་ཀྱིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གིས་བོད་མིས་གཙོས་པའི་ཡུ་གུར་ཁ་ཆེའི་མི་རིགས་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པར་ཐུགས་འཚབ་ཀྱི་རྣམ་པ་བསྟན་པ་དང་སྦྲགས་ཏེ་རྒྱ་ནག་གཞུང་ནས་འཕྲལ་མར་བྱ་སྤྱོད་དེ་དག་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུགརྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༥༡ ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཐུགས་སྣང་དགོས་པའི་སྤྱི་ཡོངས་ཀྱི་བགྲོ་གླེང་ལས་རིམ་ཐོག་ཕེབས་སྐབས་ཨ་རི་སྐུ་ཚབ་ཀྱིས་རྒྱ་ནག་དང་ཨུ་རུ་སུ། ཨབ་གྷན། སི་རི་ཡ། ཨི་རན་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་ནས་གཏམ་བཤད་གནང་འདུག་པ་དང་། དེའི་ཁྲོད་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་བོད་མིའི་ངོ་བོ་དང་སྐད་ཡིག རིག་གཞུང་། དེ་བཞིན་ཆོས་ཕྱོགས་ཀྱི་གནང་སྒོར་དྲག་གནོན་ཚད་ལས་འགལ་བ་བྱས་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པ་བཅས་བོད་མིའི་གནད་དོན་ཐེར་འདོན་གྱིས་ཐུགས་འཚབ་ཡོད་པའི་རྣམ་པ་བསྟན་འདུག རྒྱལ་ཚོགས་ནང་གི་ཨ་རིའི་གཏན་འཇགས་སྐུ་ཚབ་ Kelly Billingsley ལགས་ཀྱིས་རྒྱ་ནག་སྲིད་གཞུང་གིས་ཡུ་གུར་ཁ་ཆེའི་མི་རིགས་གཙོས་ཤིན་ཅང་ནང་གི་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་མི་རིགས་སྡེབ་གསོད་ཀྱི་བྱ་སྤྱོད་སྤེལ་བར་ཆེས་ཐུགས་འཚབ་ཀྱི་རྣམ་པ་བསྟན་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ཟུར་པ་ལྕམ་སྐུ་ Michelle Bachlet མཆོག་ནས་ཟླ་བ་སྔོན་མའི་ཟླ་མཇུག་ཏུ་རྒྱ་གཞུང་གིས་ཤིན་ཅང་ནང་ཡུ་གུར་གཙོ་གྱུར་ཁ་ཆེའི་མི་རིགས་རྣམས་བཀག་སྐྱིལ་དང་མནར་གཅོད་སོགས་བཏང་བའི་སྐོར་སྙན་ཐོ་བཏོན་པ་དེར་ཐུགས་སྣང་གནང་དགོས་པ་དང་།  རྒྱ་གཞུང་ནས་འཕྲལ་མར་མནར་གཅོད་བྱེད་ཁག་མཚམས་འཇོག་དང་དེ་བཞིན་དྲང་བདེན་མིན་པའི་ཐོག་ནས་འཛིན་བཟུང་བཀག་སྐྱིལ་བྱས་པ་རྣམས་གློད་བཀྲོལ་དགོས་པ། དེ་བཞིན་གར་སོང་ཆ་མེད་དུ་གྱུར་པ་རྣམས་ཀྱི་གནས་སྟངས་ཇི་ཆགས་ཁ་གསལ་བཟོ་དགོས་པ། ཤིན་ཅང་ནང་རང་དབང་ཅན་གྱི་རྟོག་ཞིབ་ཀྱི་སྐུ་ཚབ་མི་སྣ་རྣམས་འགོག་རྐྱེན་མེད་པར་ཕེབས་འཐུས་ཆོག་མཆན་གནང་དགོས་ཞེས་གསུངས་འདུག ཧོང་ཀོང་ནང་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་སྐོར་མངོན་གསལ་གནང་འདུག་པར་མ་ཟད་ལྷག་པར་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུའང་རྒྱ་ནག་སྲིད་གཞུང་ལ་སྐྱོན་བརྗོད་གནང་མཁན་ཚོར་སུན་གཙེར་དང་དོགས་སྲུང་། དེ་བཞིན་འཇིགས་སྐུལ་སོགས་བྱེད་ཀྱི་ཡོད་སྐོར་བཀོད་འདུག གཞན་ཡང་ཡོ་རོབ་མཐུན་ཚོགས་ཀྱིས་ཀྱང་རྒྱལ་ཚོགས་སུ་དེ་འབྲེལ་གཏམ་བཤད་སྤེལ་བའི་ནང་རྒྱ་ནག་གཞུང་གིས་བོད་མི་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ལ་ཐུགས་འཚབ་དང་སྦྲགས། རྒྱ་ནག་གཞུང་ནས་དམིགས་བསལ་བོད་དང་ཤིན་ཅང་། ནང་སོག་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དང་རང་དབང་ལ་སྲུང་སྐྱོབ་བྱེད་དགོས་སྐོར་གསུངས་འདུགདེ་བཞིན་དེའི་ནང་འཛིན་བཟུང་བྱས་པའི་བོད་མི་རྡོ་རྗེ་བཀྲ་ཤིས་ལགས་དང་སྒོ་ཤེས་རབ་རྒྱ་མཚོ་ལགས། རིན་ཆེན་ཚུལ་ཁྲིམས་ལགས་བཅས་མཚན་འདོན་གནང་སྟེ་ཁོང་རྣམས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་གློད་བཀྲོལ་དགོས་ཞེས་སོགས་གསུངས་འདུག གཞི་རྩའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ཟུར་པ་ Michelle Bachlet མཆོག་གིས་རང་ཉིད་ཀྱི་ལས་གནས་ནས་མ་འཁྱུར་ཙམ་གྱི་གོང་དུ་ཡུན་རིང་ནས་ངང་སྒུག་བྱེད་བཞིན་པའི་ཤིན་ཅང་ནང་གི་སྙན་ཐོ་འདོན་སྤེལ་གནང་ཡོད་པ་དང་། ད་ཆ་ཨ་རིས་གཙོས་པའི་དབྱིན་ཡུལ་དང་རྒྱལ་ཁབ་གཞན་ཁག་ཅིག་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་ཤིན་ཅང་གི་སྙན་ཐོར་གྲོས་བསྡུར་དགོས་པའི་ཞུ་སྐུལ་གནང་བཞིན་ཡོད་པ་དེ་ལྟར་ཡང་། སྙན་ཐོ་དེར་གོ་བསྡུར་དགོས་མིན་ཐད་ལ་རྒྱལ་ཚོགས་ནང་མང་མོས་ཀྱི་འོས་བསྡུ་གནང་དགོས་ཀྱི་འདུག དབྱིན་ཡུལ་གྱི་གཞུང་ཚབ་ Simon Manley ལགས་ཀྱིས་ཁ་སང་རྒྱལ་ཚོགས་ལ་ང་ཚོའི་ངོས་ནས་རྒྱ་ནག་གིས་འཆར་གཞི་དང་ལྡན་པའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་སྣང་མེད་དུ་འཇོག་རྒྱུ་མེད་པ་དང་རྒྱལ་ཚོགས་ཀྱིས་ཀྱང་གནད་དོན་འདི་རིགས་ལ་ཁུ་སིམ་བཞུགས་རྒྱུ་མེད་ཅེས་གསུངས་ཡོད། པར་གྱི་བདག་དབང་སྤྱི་ཚོགས་དྲ་རྒྱ་དང་ Getty Images

བོད་མིར་ཆེ་མཐོང་ངང་ནས་སྨན་བཅོས་སོགས་ཀྱི་གཞི་རྩའི་མཐུན་རྐྱེན་སྦྱོར་སྤྲོད་དགོས་པའི་འབོད་སྐུལ།

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་འོག་མང་ཚོགས་ལ་ཕན་ལས་གནོད་ཆེ་བ་བྱུང་བ་དང་། ལྷག་པར་བོད་ནང་གི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་གནས་སྟངས་ལས་རྒྱ་ནག་གི་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་དེར་དོན་འབྲས་རྩ་བ་ནས་སོན་མེད་པ་གསལ་པོ་ཡིན་པར་སྐྱོན་བརྗོད་དང་སྦྲགས། བོད་མི་རྣམས་ལ་གུས་བརྩི་ལྡན་པའི་ཐོག་ནས་སྨན་བཅོས་སོགས་ཀྱི་གཞི་རྩའི་མཐུན་རྐྱེན་སྦྱོར་སྤྲོད་དགོས་པའི་ཞུ་སྐུལ་གནང་འདུགརྒྱ་ནག་གི་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་འོག་བོད་ནང་གི་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་མུས་ཁྲོད་དེ་རིང་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གཞུང་འབྲེལ་གསར་འགོད་བསྒྲགས་གཏམ་ཞིག་གནང་བའི་ནང་། རྒྱ་གཞུང་གི་ངོས་ནས་གཉན་རིམས་ཀླད་ཀོར་ཟེར་བའི་སྲིད་བྱུས་ལག་བསྟར་འོག་བོད་ནང་གི་བོད་མི་རྣམས་ཀྱི་བདེ་འཇགས་ལ་སྣང་མེད་གཏོང་བཞིན་ཡོད་སྟབས་བོད་མི་རྣམས་ཀྱིས་རང་ཉིད་ཀྱི་བདེ་འཇགས་བློས་བཏང་གནང་སྟེ་བོད་མི་རྣམས་ལ་སྨན་བཅོས་ཀྱི་མཐུན་རྐྱེན་མེད་པ་དང་།  ཟས་མི་འདང་བ། རིམས་ནད་ཕོག་མཁན་དང་མི་ཕོག་མཁན་བོད་མི་སྟོང་ཕྲག་མང་པོ་མཉམ་ བཞག་བྱས་པ། རྒྱལ་ས་ལྷ་སའི་ཕྱི་རོལ་གྱི་བོད་མི་མང་དག་ཅིག་ཉིན་ལྟར་བརྟག་དཔྱད་བྱས་ནས་ནད་རྟགས་གང་ཡང་མེད་ཀྱང་རང་ཡུལ་དུ་ཕྱིར་ལོག་གནང་བར་བཀག་སྡོམ་བྱེད་བཞིན་རྐྱེན་འ་ཆད་འུ་ཐུག་གནས་སུ་གྱར་བ་མངོན་གསལ་གནང་བའི་ཁར་ས་གནས་སྲིད་གཞུང་གིས་ཀྱང་འཐུས་ཤོར་ཕྱིན་པར་ངོས་ལེན་ཞུས་ཏེ་དགོངས་སེལ་ཞུས་པ་སོགས་ཀྱི་གནད་དོན་ཞིབ་རྒྱས་ངོ་སྤྲོད་དང་འབྲེལ། རྒྱ་ནག་གཞུང་གི་ངོས་ནས་ས་གནས་བོད་མི་རྣམས་ཀྱི་ལྷག་བསམ་བཟོད་མེད་ཀྱིས་ས་གནས་ཀྱི་དངོས་ཡོད་གནས་སྟངས་མངོན་གསལ་གནང་བ་རྣམས་ལ་དང་ལེན་བྱེད་དགོས་པ་དང་།བོད་མི་རྣམས་ལ་གུས་བརྩི་ལྡན་པའི་ཐོག་ནས་སྨན་བཅོས་སོགས་ཀྱི་གཞི་རྩའི་མཐུན་རྐྱེན་ཁག་དུས་ཐོག་ཏུ་མཁོ་སྤྲོད་ཡོང་བའི་ཞུ་སྐུལ་གནང་འདུག དེ་བཞིན་ད་ལྟའི་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་བོད་ནང་གི་བོད་མི་རྣམས་ལ་རིམས་ནད་ལ་གདོང་ལེན་སླད་ཕྱི་ཕྱོགས་ཀྱི་སྨན་དང་རོགས་སྐྱོར་སོགས་སྦྱོར་སྤྲོད་ཀྱི་ཆོག་མཆན་སྤྲོད་དགོས་པ་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་ལ་དེ་སྔ་གཉན་རིམ་སྔོན་འགོག་གི་ཉམས་མྱོང་ཡོད་པ་ལྟར་དེ་དག་བོད་ནང་ལག་བསྟར་གནང་བཅུག་དགོས་པའི་འབོད་སྐུལ་གནང་བར་མ་ཟད། བོད་མིའི་སྒྲིགས་འཛུགས་ཀྱི་ངོས་ནས་བོད་ནང་གི་བོད་མི་ཚོའི་ཆེད་གསོ་རིག་ནུས་གསོའི་སྨན་དང་ཡོ་ཆས། སྨན་ཞབས་པ། དེ་བཞིན་དང་བླངས་ཞབས་ཞུ་བ་སོགས་རོགས་སྐྱོར་སོགས་གང་དགོས་ངེས་ཞུར་གྲ་སྒྲིག་ཨང་གསར་ཡིན་སྐོར་གསུངས་འདུག དེའི་བར་ན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཁ་སང་སྤེལ་བའི་གནས་ཚུལ་ལ་གཞིགས་ན། བོད་ནང་རྒྱ་གཞུང་གིས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ལག་བསྟར་འོག་བོད་མི་རྣམས་ལ་ཕན་ལས་གནོད་ཆེ་བ་བྱུང་ཡོད་པ་མངོན་གསལ་དང་འབྲེལ། ས་གནས་སྲིད་གཞུང་གི་ངོས་ནས་རིམས་ནད་འགོག་ཐབས་ཐད་ལ་འཐུས་ཤོར་ཆེན་པོ་ཕྱིན་ཡོད་པའི་ནོར་འཁྲུལ་ངོས་ལེན་གྱིས་མང་ཚོགས་ལ་དགོངས་སེལ་ཞུས་ཟིན་པའི་རྗེས་སུའང། བོད་ནང་གནས་སྟངས་ཡར་རྒྱས་འགྲོ་རྒྱུ་ལས་ལྡོག་སྟེ་རྒྱ་གཞུང་གིས་རིམས་ནད་སྐོར་གྱི་དཀྲོག་གཏམ་སྤེལ་མཁན་ལ་རྡུང་རྡེག་ཚ་གནོན་ཞེས་པའི་ལས་འགུལ་འོག་བོད་མི་ ༨༠༠ མིན་ཙམ་ལ་ཉེས་ཆད་བཏང་སྟེ་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་ལ་དམ་དྲག་དང་ཉེས་ཆད་གཏོང་མུས་ཡིན་པ་སོགས་ཆེས་མངོན་གསལ་གནང་ཡོད།བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དེ་སྔ་ལྷ་ས་སྲིད་གཞུང་གིས་དགོངས་སེལ་ཞུས་པ་དེས་དེ་སྔོན་གཞུང་ཕྱོགས་ནས་རིམས་ནད་སྔོན་འགོག་གི་ལས་དོན་ཐོག་མཐའ་བར་གསུམ་དུ་ཚགས་ཚུད་ངང་སྤེལ་བཞིན་ཡོད་པའི་དྲིལ་བསྒྲགས་ཡང་ཡང་བྱས་པ་རྣམས་རྫུན་གཏམ་འབའ་ཞིག་ཡིན་པར་ཡོངས་གསལ་བྱས་ཡོད་པ་དང་། མི་མང་གི་སྐྱོན་བརྗོད་དང་ལེན་བྱས་ཏེ་དགོངས་སེལ་ཞུས་པ་དང་ནོར་འཁྲུལ་ཡོ་བསྲང་བྱས་པ་དེ་ནི་སྲིད་གཞུང་ཚད་ལྡན་ཞིག་གི་སྤྱོད་ཚུལ་ཡིན་ཀྱང་། དེ་རྗེས་ཀྱི་བྱ་སྤྱོད་རྣམས་ལ་བལྟས་ན་རྒྱ་གཞུང་གི་ངོས་ནས་དགོངས་སེལ་ཞུས་པ་དེ་མི་མང་མགོ་སྐོར་གཏོང་ཐབས་ཀྱི་འཁྲབ་སྟོན་ཙམ་ལས་ལྷག་བསམ་རྣམ་དག་ཅིག་མིན་པའི་དོགས་གཞི་ཇེ་ཆེར་ཕྱིན་ཡོད་སྐོར་གསུངས་ཏེ། རྒྱ་གཞུང་གིས་རང་གི་ནོར་འཁྲུལ་ངོས་ལེན་ཞུས་པ་བཞིན་མི་མང་གི་བསམ་ཚུལ་ལ་ལྷག་བསམ་རྣམ་དག་གིས་བདག་སྤྲོད་བྱས་ནས་བོད་མི་ཚོའི་དཀའ་སྡུག་སེལ་ཐབས་བྱེད་དགོས་པ་ལས་མང་ཚོགས་མགོ་སྐོར་བཏང་སྟེ་མུ་མཐུད་དམ་དྲག་རྒྱ་སྐྱེད་དང་ཉེས་མེད་ལ་ཁྲིམས་ཆད་གཏོང་བའི་བྱ་སྤྱོད་འདི་རིགས་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ནན་པོ་གནང་འདུགརྩ་བའི་ཟླ་ ༩ ཚེས་ ༡༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་འགོ་ཁྲིད་ཀྱིས་མང་ཚོགས་རྣམས་ལ་དགོངས་དག་ཐུགས་བདེན་ཞུས་པའི་གནས་སྟངས་འོག་མང་ཚོགས་དཀའ་སྡུག་མྱོང་བཞིན་པའི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་ལྡོག་གང་ཡང་ཕྱིན་པ་དང་། སྤྱི་ཚོགས་དྲ་ལམ་སོགས་བཀག་སྡོམ་དང་ཉེས་ཆད་བཏང་སྟེ་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་བརྩི་མེད་རྡོག་རོལ་མུ་མཐུད་གཏོང་བཞིན་པའི་ཁྲོད། བོད་མི་གཅིག་ཁང་སྟེང་ནས་མཆོང་ནས་རང་སྲོག་བཅད་པའི་བརྙན་པར་ཕྱིར་འགྱར་བྱུང་བར་མ་ཟད། བོད་མི་གཞན་འགའ་ཞིག་ཀྱང་དེ་ལྟར་རང་སྲོག་བཅད་པའི་གནས་ཚུལ་ཐོས་རྒྱུ་འདུག དེ་བཞིན་ཕ་མ་རྣམས་སྲིད་གཞུང་གིས་བཙན་དབང་འོག་ཟུར་བཀག་ཁང་དུ་ཁྲིད་རྗེས་ཁྱིམ་དུ་ལོ་ ༣ ཡས་མས་ཀྱི་དབང་པོ་སྐྱོན་ཅན་གྱི་ཕྲུ་གུ་ཞིག་ལུས་ཡོད་པ་སོགས་མཐོང་རྒྱུ་འདུག

བོད་མི་ཞིག་རྒྱ་གཞུང་གིས་འཛིན་བཟུང་འོག་ཤེས་རྟོགས་མེད་པར་གྱུར་འདུག

རྒྱ་གཞུང་ཉེན་རྟོག་པས་རྒྱུ་མཚན་འདྲ་མིན་ལ་ཁ་གཡར་ནས་བོད་མི་མང་པོ་འཛིན་བཟུང་བཀག་ཉར་བྱེད་བཞིན་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༨ ནང་ལ་བོད་སྐྱེ་རྒུ་མདོ་འབྲི་སྟོད་རྫོང་ནས་ཡིན་པའི་ན་གཞོན་ཚེ་བརྟན་ལགས་ཁྲིན་འདུ་གྲོང་ཁྱེར་ནས་ནག་ཉེས་ཁ་གསལ་མེད་པའི་ཐོག་འཛིན་བཟུང་གིས་བཀག་ཉར་བྱས་ནས་ཟླ་བ་གཅིག་ཙམ་ཕྱིན་ཡོད་ཀྱང་། ཁོང་བཙོན་ཁང་གང་དུ་བཀག་ཉར་བྱས་པ་དང་གཟུགས་གཞིའི་གནས་སྟངས་ཇི་ཆགས་སོགས་ཤེས་རྟོགས་གང་ཡང་ཐུབ་ཀྱི་མི་འདུག གསར་འགོད་པར་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བར་རྒྱ་གཞུང་ཉེན་རྟོག་པས་བོད་མི་རྣམས་ལ་རྒྱུ་མཚན་འདྲ་མིན་འོག་ནས་འཛིན་བཟུང་བཀག་ཉར་དང་གཅར་རྡུང་བཏང་བའི་གནས་སྟངས་མང་དག་ཅིག་བྱུང་ཡོད་པ་ལས་བོད་ཁམས་སྐྱེ་རྒུ་མདོ་ནས་ཡིན་པའི་བོད་མི་ཚེ་བརྟན་ལགས་ཟླ་བ་སྔོན་མར་ཆུ་དམར་ལེབ་རྫོང་དུ་རང་གི་ནང་མི་སྤུན་མཆེད་ཐུག་འཕྲད་གནང་རྗེས་ཕྱིར་ལོག་སྐབས་གློ་བུར་དུ་ཁྲིན་འདུ་ས་གནས་རྒྱ་གཞུང་ཉེན་རྟོག་པས་རྒྱུ་མཚན་གང་ཡིན་གསལ་བཤད་གང་ཡང་མེད་པར་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། དུས་དེ་ནས་བཟུང་ཁོང་གི་ནང་མི་ཚོས་དུས་ནས་དུས་སུ་ས་གནས་རྒྱ་གཞུང་ཉེན་རྟོག་པར་ཚེ་བརྟན་ལགས་ཀྱི་གཟུགས་གཞིའི་གནས་སྟངས་དང་བཙོན་ཁང་གང་དུ་བཞག་ཡོད་པ་སོགས་དང་འབྲེལ་བའི་འདྲི་རྩད་གནང་ཡོད་ཀྱང་ཉེན་རྟོག་པའི་ངོས་ནས་ལན་འདེབས་གང་ཡང་བྱེད་ཀྱི་མེད་སྐོར་གསུངས་སོང་། རྩ་བའི་ཉེ་ཆར་ཕྱི་ཟླ་ ༨ ཚེས་ ༢༤ ཉིན་རྒྱ་གཞུང་གིས་བོད་གསེར་རྟ་ཁུལ་ནས་ཡིན་པའི་བོད་མི་ལྔ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བའི་ཉེས་མིང་འོག་བཙན་ཁྲིད་བྱས་པ་དང་། དེ་དག་ལས་ཕྱུག་དར་ལགས་ལ་གཅར་རྡུང་དྲག་པོ་བཏང་སྟེ་དམར་གསོད་བཏང་བའི་གནས་ཚུལ་བྱུང་བ་དང་། ཟླ་ ༩ ཚེས་ ༡༤ ཉིན་རྒྱ་གཞུང་གིས་བོད་ནག་ཆུ་ཤན་རྩ་དང་རྒྱལ་ས་ལྷ་ས། ཆུ་དམར་ལེབ་རྫོང་བཅས་ནས་ཡིན་པའི་རིན་ཆེན་དོན་འགྲུབ་ལགས་ཀྱིས་གཙོས་པའི་བོད་མི་བདུན་ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་པར་དང་བརྙན་སོགས་འགྲེམས་སྤེལ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་བྱས་པའི་གནས་ཚུལ་ཡང་ཐོན་ཡོད། འབྲེལ་ཡོད་པར་བོད་ཀྱི་དུས་བབ།

ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བའི་ཉེས་མིང་འོག་བོད་མི་གཅིག་དམར་གསོད་དང་བཞི་བཙན་ཁྲིད།

ཉེ་ཆར་ཕྱི་ཟླ་ ༨ ཚེས་ ༢༤ ཉིན་རྒྱ་གཞུང་གིས་བོད་གསེར་རྟ་ཁུལ་ནས་ཡིན་པའི་བོད་མི་ལྔ་བཙན་ཁྲིད་བྱས་པའི་ཁྲོད་ནས་ཕྱུག་དར་ལགས་ལ་གཅར་རྡུང་དྲག་པོ་བཏང་སྟེ་དམར་གསོད་བཏང་འདུགས་གནས་རྒྱ་གཞུང་ཉེན་རྟོག་པས་བོད་མི་ན་གཞོན་ཕྱུག་དར་ལགས་དང་དགེ་ལོ་ལགས། ཚེ་རྡོ་ལགས། འབའ་མོ་ལགས། ཀོ་རིས་ལགས་བཅས་ཀྱིས་རི་རྩེར་བསང་གསོལ་དང་ཞབས་རིམ་བསྒྲུབས་པ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཡོད་པར་ཉེས་འཛུགས་ཀྱིས་བོད་གསེར་རྟ་རྫོང་གི་ཁེས་སྐོར་ཡུལ་ཚོའི་ཨ་བོས་དཀྱིལ་རི་མགོ་སྡེ་བ་ནས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གསེར་རྟ་རྫོང་གི་བཙོན་ཁང་དུ་ཁྲིད་འདུག་པ་དང་། སྐབས་དེར་ས་གནས་རྒྱ་གཞུང་ཉེས་རྟོག་པས་ཕྱུག་དར་ལགས་ལ་གཅར་རྡུང་དྲག་པོ་བཏང་སྟེ་དམར་གསོད་བཏང་པ་མ་ཚད་པར་བོད་མི་གཞན་བཞི་པོ་དེ་དག་འཕྲལ་མར་ཉིད་དུ་དཀར་མཛེས་རྫོང་གི་བཙོན་ཁང་དུ་བཀག་ཉར་འོག་བཅུག་འདུག གསར་འགོད་པར་གནས་ཚུལ་མཁོ་སྤྲོད་གནང་བར་བོད་མི་ན་གཞོན་ལྔ་པོ་བཙན་ཁྲིད་བྱས་པའི་སང་ཉིན་སྟེ་ཕྱི་ཟླ་ ༨ ཚེས་ ༢༥ ཉིན་ཁོང་རྣམ་པའི་ནང་མི་རྣམས་བཙོན་ཁང་དུ་ཕྱིན་ནས་ཁོང་རྣམས་ལ་ཟས་གོས་སོགས་དགོས་མཁོ་ཅན་སྤྲོད་ཐབས་བྱས་ཀྱང་རྒྱ་གཞུང་ཉེན་རྟོག་པས་དམ་དྲག་ཆེས་ཆེར་བྱས་ཏེ་ནང་མི་རྣམས་ཕྱིར་ལོག་བཏང་ཡོད་སྐོར་གསུངས་སོང་། ལྷག་པར་དུ་ཕྱི་ཟླ་ ༨ ཚེས་ ༢༦ ཉིན་ས་གནས་རྒྱ་གཞུང་ཉེན་རྟོག་པས་ཕྱུག་དར་ལགས་ཀྱི་ནང་མིར་ཁོང་བཙོན་ཁང་ནང་ཤི་སོང་བས་མགྱོགས་པོ་ཕུང་པོ་བདག་པོ་རྒྱག་པར་ཤོག་ཅེས་བཀའ་བཏང་ཡོད་པ་དང་། སྐབས་དེར་དགུང་ལོ་ ༧༡ ལ་ཕེབས་པའི་ཕྱུག་དར་ལགས་ཀྱི་ཡབ་ཐུབ་འོད་ལགས་གཙོས་སྤུན་མཆེད་ཁག་གཅིག་གསེར་རྟའི་ཉེན་རྟོག་ཁང་དུ་འབྱོར་སྐབས་ཁོང་གློ་བུར་དུ་བཙོན་ཁང་ནང་ཤི་སོང་ཞེས་འགྲེལ་བརྗོད་དང་སྦྲགས། ནང་མི་རྣམས་ལ་བཙན་དབང་ཐོག་ནས་ཕྱུག་དར་ལགས་རྒྱ་གཞུང་ཉེན་རྟོག་པས་དམར་གསོད་བཏང་མེད་སྐོར་དང་འབྲེལ་བའི་ཡིག་ཆར་མིང་རྟགས་བཀོད་བཅུག་ཡོད་པ་གསུངས་ཡོད། ཕྱུག་དར་ལགས་ནི་རང་ལོ་ ༥༢ ཙམ་ཡིན་པ་དང་། ཁོང་ནི་བཟའ་ཟླ་བུ་ཕྲུག་དང་ཕ་མ་རྒན་འཁོགས་གཉིས་བཅས་ཀྱི་འཚོ་རྟེན་ཡིན་འདུག བོད་མི་དགེ་ལོ་ལགས་དང་ཚེ་རྡོ་ལགས། འབའ་མོ་ལགས། ཀོ་རིས་ལགས་བཅས་བདུན་ཕྲག་གཅིག་གི་རིང་གསེར་རྟ་རྫོང་གི་བཙོན་ཁང་དུ་བཀག་ཉར་བྱས་རྗེས། ཕྱི་ཟླ་ ༨ ཚེས་ ༣༡ ཉིན་ཁོང་རྣམས་དཀར་མཛེས་རྫོང་གི་བཙོན་ཁང་དུ་བཙན་ཁྲིད་ཀྱིས་བཀག་ཉར་བྱེད་བཞིན་ཡོད་འདུག ས་ཁྲའི་པར་དབང་། བོད་ཀྱི་དུས་བབ།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་རྟོག་ཞིབ་གནང་སྐབས་བོད་གནད་ངེས་ཚུད་དགོས་ཞེས་གསུངས་འདུག

སུད་སིའི་གྲོང་ཁྱེར་ཇི་ནི་ཝར་ཟླ་ ༩ ཚེས་ ༡༢ ནས་ཟླ་ ༡༠ ཚེས་ ༧ བར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༡ པ་འཚོགས་བཞིན་པ་དང་བསྟུན་ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོས་ནས་ལྷན་ཚོགས་ཀྱི་ལས་རིམ་ཞིག་གི་ནང་མཉམ་ཞུགས་གནང་བ་དང་འབྲེལ། བོད་ནང་རྒྱ་གཞུང་གིས་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་འོག་བོད་མི་མང་དག་ཅིག་དོན་མེད་འཛིན་བཟུང་བཀག་ཉར་བྱས་དང་བྱེད་བཞིན་པ་ནི་རྒྱུན་ལྡན་ལྟ་བུའི་གནས་སྟངས་ཤིག་ཆགས་ཡོད་སྐོར་གསུངས་པར་མ་ཟད། རྒྱལ་ཚོགས་ཀྱི་དེ་སྔ་ཤར་ཏུ་ཀིས་ཐན་ནང་གི་གནད་དོན་ཐོག་རྟོག་གནང་བ་ལྟར་མ་འོངས་པར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་རྟོག་ཞིབ་གནང་སྐབས་ངེས་པར་དུ་བོད་ཀྱི་གནད་དོན་གཙོ་བོར་གྱུར་པའི་ཧོང་ཀོང་དང་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་གནད་དོན་རྣམས་ཚུད་དགོས་པར་གསུངས་འདུག རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཇར་མ་ནི་སྡེ་ཚན་གྱི་འགན་འཛིན་ Kai Muller ལགས་ཀྱིས་ Helsinki འགྲོ་བ་མིའི་ཐོབ་ཐང་ཐེབས་རྩ་ཁང་བརྒྱུད་ནས་མཉམ་ཞུགས་གནང་ཡོད་པ་དང་། ཁ་སང་ཁོང་གིས་རྒྱལ་ཚོགས་ཀྱི་དོན་མེད་འཛིན་བཟུང་བཀག་ཉར་གྱི་ལས་དོན་ཚོགས་ཆུང་གི་སྙན་ཐོ་འགོད་འབུལ་ཞུས་པའི་ལས་རིམ་ཐོག་མཉམ་ཞུགས་གནང་སྟེ། རྒྱ་ནག་གཞུང་གིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པའི་བོད་ནང་གི་ཚོང་པ་གྲགས་ཅན་རྡོ་རྗེ་བཀྲིས་ལགས་ཀྱི་གནད་དོན་གཙོས་རྒྱ་གཞུང་གིས་འཛིན་བཟུང་དང་བཙོན་འཇུག་གི་ཁྲིམས་ཆད་ཕོག་པའི་བོད་མི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་། རིན་ཆེན་ཚུལ་ཁྲིམས་ལགས། བློ་བཟང་ལྷུན་འགྲུབ་ལགས། རྩོམ་པ་པོ་ཐུབ་བསྟན་བློ་གྲོས་ལགས།  དགེ་འདུན་ལྷུན་འགྲུབ་ལགས། གངས་དཀར་ལགས། དེ་བཞིན་ཉི་མ་ལགས་སོགས་བོད་མི་ཤེས་ལྡན་མི་སྣ་མང་དག་ཅིག་གིས་རང་ཉིད་ཀྱི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་པར་ཆབ་སྲིད་ཀྱི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་གྱི་ཁྲིམས་ཐག་བཅད་པ་སོགས་ལུང་འདྲེན་དང་སྦྲགས། བོད་ནང་བོད་མིའི་ཐོག་དོན་མེད་བཀག་ཉར་དང་སྡུག་སྦྱོང་མནར་གཅོད་ཀྱི་གནད་དོན་རྒྱུན་ལྡན་ལྟ་བུ་འབྱུང་བཞིན་པའི་ཛ་དྲག་གི་གནས་སྟངས་རྣམས་ཆེས་མངོན་གསལ་གནང་འདུག ཁོང་གིས་ད་དུང་རྡོ་རྗེ་བཀྲིས་ལགས་ཀྱི་གནད་དོན་མངོན་གསལ་གནང་སྟེ་ཁོང་བཀག་ཉར་འོག་བཞུགས་སྐབས་སུ་ཁོང་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་མཁན་གྱི་ཉེན་རྟོག་པའི་ངོས་ནས་ཁྱེད་རང་དམར་གསོད་བཏང་བའམ་དབང་པོ་སྐྱོན་ཅན་བཟོས་ཚེ་ང་ཚོར་ཁྲིམས་ལྟར་ཉེས་ཆད་གཅོད་མཁན་མེད་ཅེས་བཤད་ཡོད་སྐོར་ལུང་འདྲེན་དང་སྦྲགས། གཞིས་བཞུགས་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་ལ་འགོག་རྐྱེན་བཟོ་མཁན་གཙོ་བོ་དེ་ནི་དོན་མེད་འཛིན་བཟུང་བཀག་ཉར་བྱས་པ་དེ་ཆགས་ཡོད་པ་གསུངས་འདུག རྒྱལ་ཚོགས་ཀྱི་དོན་མེད་འཛིན་བཟུང་བཀག་ཉར་ལས་དོན་ཚོགས་ཆུང་གི་ངོས་ནས་མ་འོངས་པར་རྒྱ་ནག་གི་ངོས་ནས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ཁག་ངེས་པར་དུ་ཁ་གསལ་བཟོ་དགོས་པ་དང་། རྒྱ་ནག་ཐོག་རང་དབང་ལྡན་པའི་རྟོག་ཞིབ་ཀྱི་ལས་དོན་ནང་བོད་ཀྱི་གནད་དོན་ངེས་པར་དུ་ཚུད་དགོས་པའི་གཞེན་སྐུལ་གནང་འདུག རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༡ ཐོག་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་། ཡུ་རོབ་བོད་ཀྱི་ན་གཞོན་ཚོགས་པ། ཁེ་ན་ཌ་ནང་གི་ Tibet Justice Center དང་ Tibet Initiative Deutschland ཞེས་འཇར་མ་ནིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་བོད་དོན་རྒྱབ་སྐྱོར་ཚོགས་པ་ལྔའི་འཐུས་མི་ལས་གྲུབ་པའི་ Tibet Advocacy Coalition ཞེས་པའི་བོད་དོན་མཉམ་ལས་ཚོགས་པས་རྒྱལ་ཚོགས་ཀྱི་ལྷན་ཚོགས་ནང་དུ་ཞབས་བཀྱག་ཡོད་པའི་ International services for Human Rights ཞེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཞབས་ཞུ་ཁང་བརྒྱུད་ནས་མཉམ་ཞུགས་གནང་འདུག ཁ་སང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཞབས་ཞུ་ཁང་གིས་རྒྱལ་ཚོགས་ཀྱི་ངོས་ནས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་ཐོག་འགན་འཁུར་ཇི་ལྟར་ལེན་ཐུབ་པ་བཟོ་ཐབས་དང་འབྲེལ་བའི་བརྗོད་གཞིའི་ཐོག་ཟུར་ཚོགས་ཤིག་གོ་སྒྲིག་གནང་ཡོད་པ་ལྟར་བོད་དོན་ཞུ་གཏུག་པ་རྣམ་པས་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་བའི་གནད་དོན་རྣམས་ཞིབ་རྒྱས་ངོ་སྤྲོད་དང་ཆབས་ཅིག་རྒྱལ་ཚོགས་ཀྱི་མཁས་དབང་རུ་ཁག་བོད་དུ་རྟོག་ཞིབ་སླད་ཆེད་གཏོང་དགོས་པ་སོགས་ཀྱི་སྐོར་ལ་གླེང་མོལ་གནང་འདུག པདྨ་སྒྲོལ་མ་ལགས་ཀྱིས་ད་དུང་དེ་རིང་ཉིན་རྒྱབ་ཟུར་ཚོགས་གཞན་ཞིག་གོ་སྒྲིག་གནང་བའི་ཐོག་བོད་ཀྱི་ཁོར་ཡུག་གི་གནད་དོན་སྐོར་གྲོས་བསྡུར་གནང་གི་ཡོད་པ་དང་། བོད་དོན་མཉམ་ལས་ཚོགས་པ་གཙོས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཚབ་མི་སྣ་བཅས་ནས་མཉམ་ཞུགས་གནང་གི་ཡོད་པ་གསུངས་སོང་།

བོད་ནང་གི་བོད་མི་ཚོའི་ཡ་ང་བའི་གནས་སྟངས་ལ་ཐུགས་འཚབ་གནང་བ།

ཉེ་ཆར་ཕྱི་ཟླ་བརྒྱད་པའི་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་གནད་དོན་ཐོག་མར་བྱུང་བ་ནས་བཟུང་སྟེ་དུས་ད་ལྟ་བར་ཉིན་གྲངས་ ༤༠ ལྷག་ཙམ་སོང་བའི་རིང་བོད་ཀྱི་ས་ཁུལ་མང་ཆེ་བར་མང་ཚོགས་རྣམས་ཐེམ་སྤང་བཀའ་རྒྱའི་གནས་སྟངས་འོག་ལུས་ཡོད་པ་རེད།རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ཏུ་ནད་ཡམས་ཀླད་ཀོར་ཟེར་བའི་སྲིད་བྱུས་འོག་རྒྱ་ནག་སྤྱི་དང་ལྷག་པར་བོད་ནང་སྲིད་གཞུང་གི་ངོས་ནས་རིམས་ནད་འགོག་ཐབས་ཀྱི་ལས་དོན་འཐུས་ཚང་སྤེལ་གྱི་ཡོད་པའི་རྣམ་འགྱུར་བསྟན་ཡོད་ཀྱང་། ས་གནས་ས་ཐོག་ཀྱི་དངོས་ཡོད་གནས་སྟངས་ལ་གཞིགས་ཚེ་བོད་མི་རྣམས་འ་ཆད་འུ་ཐུག་པའི་ཆེས་ཡ་ང་བའི་གནས་སྟངས་འོག་ལྷུང་ཡོད་པ་རེད། འདས་པའི་བདུན་ཕྲག་ཁ་ཤས་ཁྲོད་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་གྱུར་པའི་བོད་ནང་གི་བོད་མི་ཕོ་མོ་རྒན་གཞོན་དབྱེ་བ་མེད་པར་ཁོང་རྣམས་ཀྱིས་རྒྱ་ནག་སྲིད་གཞུང་གིས་དམ་དྲག་ཇི་ཙམ་བྱས་དང་བྱེད་བཞིན་མིན་ལ་ལྟོས་མེད་སྤྱི་ཚོགས་དྲ་ལམ་ཁག་ཏུ་བརྙན་པར་སྣ་ཚོགས་སྤེལ་བའི་ཁྲོད་བོད་མི་རྣམས་ལ་གཉན་རིམས་ཕོག་ཡོད་མེད་ལ་མ་བརྟག་པར་འཛིན་བཟུང་གིས་ཟུར་བཀག་ཁང་དུ་བཙན་ཁྲིད་བྱེད་བཞིན་པ་དང་། ཟུར་བཀག་ནང་ཟས་དང་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་ཧ་ཅང་ཞན་པ་དང་དེ་བཞིན་ཟས་གོང་ཧ་ཅང་འཕར་བ། ཁྱིམ་དུ་ལུས་པ་རྣམས་ཀྱང་ཟས་འདང་ངེས་མེད་པའི་གནས་སུ་གྱར་བ་སོགས་འུ་ཐུག་ཐབས་ཟད་ཀྱི་འབོད་སྐུལ་རིམ་པ་གནང་བཞིན་པ་ལྟར་ཉེ་ཆར་ཚེས་ ༡༦ ཉིན་ཨ་རིའི་ New York Times གསར་ཁང་གིས་ཀྱང་བོད་ནང་གི་དེ་འབྲེལ་ཛ་དྲག་གནས་སྟངས་སྐོར་ལ་གནས་ཚུལ་སྤེལ་ཡོད།ཨ་རིར་བཅའ་བཞུགས་བོད་དང་རྒྱ་ནག་དབྱེ་ཞིབ་པ་ཀུན་དགའ་བཀྲིས་ལགས་ཀྱིས་བོད་ནས་ཐོན་པའི་ཛ་དྲག་གི་བརྙན་པར་དེ་དག་ལ་གཞིགས་ན། རྒྱ་ནག་གཞུང་གིས་བོད་ནང་རྒྱ་ནག་གི་ས་ཁུལ་གཞན་དང་གཅིག་མཚུངས་ནད་ཡམས་ཀླད་ཀོར་ཟེར་བའི་སྲིད་བྱུས་སྤེལ་བ་དེ་ནོར་འཁྲུལ་ཡིན་པ་དང་། དེར་གྲུབ་འབྲས་རྩ་བ་ནས་མེད་པ་གསལ་པོ་ཆགས་ཡོད་སྐོར་གསུངས་པ་མ་ཟད། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་ཀྱིས་ཀྱང་རྒྱ་གཞུང་གི་ངོས་ནས་ནད་ཡམས་ཀླད་ཀོར་འམ་རིམས་ནད་གཙང་དག་གི་སྲིད་བྱུས་དེ་ཉིད་འགྲོ་བ་མིའི་ཐོབ་ཐང་དང་མཐུན་པ་བྱེད་དགོས་ཞེས་འབོད་སྐུལ་གནང་ཡོད།བོད་ནང་གི་བོད་མི་རྣམས་དེ་ལྟ་བུའི་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་ཁྲོད་འདིར་ཁ་སང་ཚེས་ ༡༨ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་འགོ་ཁྲིད་ཀྱིས་མང་ཚོགས་རྣམས་ལ་དགོངས་དག་ཐུགས་བདེན་ཞུས་པའི་གནས་ཚུལ་བྱུང་ཡོད་པ་དང་། དཔྱད་ཞིབ་པས་དེ་ནི་འཁྲབ་སྟོན་ཙམ་ལས་གནས་སྟངས་ཡར་རྒྱས་འགྲོ་བར་ཕན་ཐོགས་ཡོང་བར་བརྗོད་དཀའ་བའི་གནས་ལས་མ་འདས་ཀྱང་དེས་ས་གནས་བོད་མི་རྣམས་ཀྱིས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཕྱིར་བསྒྲགས་གནང་བའི་གནས་ཚུལ་རྣམས་དངོས་བདེན་ཡིན་པའི་ར་འཕྲོད་གསལ་པོ་ཐུབ་ཀྱི་ཡོད་པ་གསུངས་འདུག ཉམས་ཞིབ་པ་ཁོང་གཉིས་ཀྱིས་ད་དུང་བོད་ནང་གཉན་རིམས་འགོག་ཐབས་ཀྱི་བྱ་འགུལ་སྤེལ་བཞིན་པའི་རྒྱབ་ལ་རྒྱ་ནག་གཞུང་ནས་ཆབ་སྲིད་ཀྱི་དམིགས་ཡུལ་ངེས་ཅན་ཞིག་འཛིན་བཞིན་ཡོད་པ་གསལ་པོ་མངོན་རྒྱུ་ཡོད་སྐོར་གསུངས་ཡོད།བཙན་བྱོལ་བོད་མི་རྣམས་ཀྱིས་གཙོས་པའི་ཕྱི་ཕྱོགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཐུགས་འཚབ་ཆེས་ཆེར་གནང་བཞིན་ཡོད་པ་དང་། ལྷག་དོན་གཞིས་ལུས་རྒྱ་ཆེ་མང་ཚོགས་ཁྲོད་ནས་རྒྱ་གཞུང་གི་དམ་དྲག་ལ་ལྟོས་མེད་སྤྱི་ཚོགས་དྲ་ལམ་བརྒྱུད་ས་གནས་ས་ཐོག་གི་དངོས་ཡོད་གནས་སྟངས་ཕྱིར་མངོན་ཐབས་དང་འུ་ཐུག་ཐབས་ཟད་ཀྱི་འབོད་སྐུལ་གནང་མཁན་རྣམས་ཀྱི་བདེ་འཇགས་ལའང་ཐུགས་འཚབ་གནང་སྟེ། རྒྱ་གཞུང་གི་དོན་དངོས་ཐོག་ཁྲིམས་ཀྱི་དབང་སྒྱུར་ལག་བསྟར་བྱེད་བཞིན་ཡོད་ཚེ་ཉེས་མེད་བོད་མི་དེ་དག་ལ་གནོད་འཚེ་མེད་པར་བྱེད་དགོས་ཞེས་འབོད་སྐུལ་ནན་པོ་གནང་གི་འདུག བོད་ནང་གི་བོད་མི་ཚོའི་ཡ་ང་བའི་གནས་སྟངས་དང་འབྲེལ་ནས་ཉེ་ལམ་བཙན་བྱོལ་བོད་མིའི་གནས་ཡུལ་ས་གནས་གང་སར་བོད་མི་ཚོས་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་མཆོད་འབུལ་སྨོན་ལམ་གཙོས་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པར་མ་ཟད། ཉེ་ཆར་མཇུག་སྒྲིལ་ཟིན་པའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༤ པའི་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གཏན་འབེབས་གནང་ཡོད། དེ་བཞིན་སྤྱི་འཐུས་སྒེར་གྱི་ངོས་ནས་ཀྱང་གནད་དོན་དེ་གླེང་སློང་གནང་བར་མ་ཟད། ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་ས་གནས་ས་ཐོག་གི་དངོས་ཡོད་གནས་སྟངས་ཕྱིར་མངོན་གསལ་གནང་མཁན་བོད་མི་ཚོའི་བདེ་འཇགས་ལ་ཐུགས་འཚབ་ཡོད་སྐོར་གསུངས་པ་དང་འབྲེལ་ཏེ། རིང་མིན་གནད་དོན་དེའི་ཐོག་གཞུང་འབྲེལ་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་འཆར་ཡོད་པ་གསུངས་ཡོད།

རིན་ཆེན་དོན་འགྲུབ་ལགས་གཙོས་བོད་མི་བདུན་འཛིན་བཟུང་བྱས་འདུག

རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་བདུན་ལ་ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་པར་དང་བརྙན་སོགས་འགྲེམས་སྤེལ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་ད་ཆ་ཁོང་རྣམས་ལ་ཁྲིམས་ལུགས་སློབ་གསོ་ཟེར་བ་ཞིག་སྤྲོད་བཞིན་ཡོད་པ་རེད་འདུག བོད་ས་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་དང་འབྲེལ་ས་གནས་སུ་ཐེམ་སྤང་བཀའ་རྒྱ་དང་དམ་དྲག་བྱས་ཏེ་ཟླ་བ་གཉིས་ལྷག་འགྲོ་བཞིན་པའི་ཁྲོད་འདིར་ས་གནས་མི་མང་ཁག་གཅིག་གིས་དྲ་ལམ་ཐོག་ས་གནས་རྒྱ་གཞུང་ལས་བྱེད་ཚོས་ནད་པར་ལྟ་རྟོག་དང་སྨན་བཅོས་དུས་ཐོག་ཏུ་བྱེད་ཀྱི་མེད་པ་མ་ཚད་པར་ཟུར་བཀག་གི་མཐུན་རྐྱེན་རྣམས་ཀྱང་ཆེས་ཞན་པོ་ཡོད་པ་སོགས་ཀྱི་དཀའ་ངལ་འཕྲད་མུས་ཡིན་སྐོར་གསུངས་འདུག ཉེ་ཆར་ཟླ་ ༩ ཚེས་ ༡༤ ཉིན་རྒྱ་གཞུང་གིས་བོད་ནག་ཆུ་ཤན་རྩ་དང་། རྒྱལ་ས་ལྷ་ས། ཆུ་དམར་ལེབ་རྫོང་བཅས་ནས་ཡིན་པའི་རིན་ཆེན་དོན་འགྲུབ་ལགས་ཀྱིས་གཙོས་པའི་བོད་མི་བདུན་ཏོག་གསར་གློ་ཚད་རིམས་ནད་དང་འབྲེལ་བའི་པར་དང་བརྙན་སོགས་འགྲེམས་སྤེལ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་བྱས་ཡོད། གསར་འགོད་པར་བཙན་བྱོལ་ནང་གནས་བཞུགས་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་རྒྱ་ནག་གཞུང་གིས་ཕྱི་ཚེས་ ༡༤ ཉིན་ནག་ཆུ་ནས་ཡིན་པའི་རིན་ཆེན་དོན་འགྲུབ་ལགས་དང་ལྷ་ས་དང་ཆུ་དམར་ལེབ་རྫོང་། དེ་བཞིན་ཤན་རྩ་རྫོང་བཅས་ནས་ཁྱོན་བོད་མི་བདུན་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ཁོང་རྣམས་ལ་ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་པར་དང་བརྙན་སོགས་འགྲེམས་སྤེལ་བྱས་པའི་ཉེས་འཛུགས་བྱས་ཡོད་པར་འགྲེལ་བརྗོད་གནང་སོང་། རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་བོད་མི་བདུན་པོ་དེ་དག་ནི་སློབ་སྦྱོང་གང་ཡང་གནང་མྱོང་མེད་པའི་འབྲོག་པ་འབའ་ཞིག་ཡིན་པ་དང་ཁོང་རྣམ་པ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཉིན་ལྔ་ལྷག་གི་རིང་ནག་ཆུ་རྫོང་གི་བདེ་འཇགས་ལས་ཁུངས་སུ་བཀག་ཉར་བྱས་པ་དང་། ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་དང་འབྲེལ་བའི་ངལ་འཕྲད་ཀྱི་པར་དང་བརྙན་དེ་དག་སུས་སྤེལ་ཡོད་མེད་ཐད་ལ་འདྲི་རྩད་ཐེངས་མང་བྱས་པར་མ་ཟད་གང་ཟག་རེར་དངུལ་ཆད་རྒྱ་སྒོར་སུམ་སྟོང་བཏང་འདུག་ལ། ད་དུང་ནག་ཆུ་རྫོང་གི་ཉེན་རྟོག་ཁང་ནང་ཁྲིམས་ལུགས་སློབ་གསོ་ཟེར་བ་ཞིག་སྤྲོད་བཞིན་ཡོད་པ་གསུངས་ཡོད།

བོད་ཁམས་དཀར་མཛེས་ཁུལ་ནས་ཡིན་པའི་བོད་མི་ཞིག་འཛིན་བཟུང་།

རྒྱ་ནག་གཞུང་གིས་བོད་དཀར་མཛེས་རྫོང་ཁོངས་ནས་ཡིན་པའི་བོད་མི་རིན་ཆེན་བསམ་འགྲུབ་ལགས་འཛིན་བཟུང་བྱས་ཏེ་ད་ཆ་ཟླ་བ་གསུམ་ཙམ་འགྲོ་བཞིན་འདུག་ཀྱང་། ཁོང་དང་འབྲེལ་བའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་འདུགརྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་བོད་མི་རྣམས་ལ་ནག་ཉེས་འདྲ་མིན་གཡོགས་ནས་གང་བྱུང་དུ་འཛིན་བཟུང་བཙན་ཁྲིད་དང་གཅར་བརྡུང་བཏང་བ་སོགས་ཀྱི་གནས་ཚུལ་བསྟུད་མར་འབྱུང་བཞིན་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༥ ལ་སླར་རྒྱ་ནག་གཞུང་ཉེན་རྟོག་པས་བོད་དཀར་མཛེས་རྫོང་མཚོ་གསར་གྲོང་བརྡལ་ནས་ཡིན་པའི་བོད་མི་རིན་ཆེན་བསམ་འགྲུབ་ལགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་པའི་ཉེས་མིང་གཡོགས་ཏེ་འཛིན་བཟུང་བཙན་ཁྲིད་བྱས་འདུག་པ་དང་། ད་ཆ་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ཟླ་བ་གསུམ་ལྷག་འགྲོ་མུས་ཡིན་ཀྱང་། ཁོང་ས་དང་བཙོན་ཁང་གང་དུ་བཀག་ཉར་བྱེད་ཡོད་མེད་དང་། གཟུགས་གཞིའི་གནས་སྟངས་ཇི་སོགས་ཤེས་རྟོགས་ཐུབ་ཀྱི་མི་འདུག རླུང་འཕྲིན་ཁང་གི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་པས་ད་ལོའི་ཕྱི་ཟླ་ ༥ ནང་རིན་ཆེན་བསམ་འགྲུབ་ལགས་ཁོང་གི་གྲོགས་པོ་ཁག་གཅིག་དང་ལྷན་དུ་དཀར་མཛེས་རྫོང་གི་མགྲོན་ཁང་ཞིག་ཏུ་བཞུགས་སྐབས་ས་གནས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ས་གནས་བདེ་འཇགས་ལས་ཁུངས་སུ་བཙན་ཁྲིད་བྱས་ཡོད་པ་དང་། གནས་ཚུལ་དེ་ཁོང་གི་ནང་མི་ཚོས་ཤེས་མ་ཐག་ས་གནས་བདེ་འཇགས་ལས་ཁུངས་སུ་ཕྱིན་ཏེ་ཁོང་གི་ངོས་ནས་ནག་ཉེས་གང་བསགས་ཡོད་མེད་སོགས་འདྲི་རྩད་དང་སྦྲགས་གང་མགྱོགས་གློད་བཀྲོལ་དགོས་པའི་རེ་སྐུལ་གནང་ཡོད་པ་གསུངས་སོང་། དེ་བཞིན་ཁོང་གིས་ཕྱིས་སུ་བདེ་འཇགས་ལས་ཁུངས་ཟེར་བས་ཁ་པར་བརྒྱུད་རིན་ཆེན་བསམ་འགྲུབ་ལགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་གཞིའི་ལས་འགུལ་སྤེལ་ཡོད་སྐོར་བཤད་པ་སོགས་ངོ་སྤྲོད་གནང་ཡོད། རྩ་བའི་ནང་སྤུན་བཞི་ཡོད་པའི་རིན་ཆེན་བསམ་འགྲུབ་ལགས་ནི། བོད་དཀར་མཛེས་རྫོང་མཚོ་གསར་གྲོང་བརྡལ་ནས་ཡིན་ཞིང་། ལོ་ལྔ་ཙམ་གྱི་གོང་ནས་ས་གནས་སུ་རྟ་ཚོང་བརྒྱབ་ནས་འཚོ་བ་བསྐྱེལ་གྱི་ཡོད་པ་དང་། ད་ལྟའི་ཆར་ཁོང་གི་ཨ་མ་དབང་མོ་ལགས་སྙུང་གཞི་རྐྱེན་གྱིས་ཁྲན་ཏུའུ་གྲོང་ཁྱེར་དུ་སྨན་བཅོས་གནང་བཞིན་འདུག པར་ཁུངས། བོད་ཀྱི་དུས་བབ།

Latest news