Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

བོད་ཀྱི་གནད་དོན་སེལ་ཐབས་ཀྱི་གླེང་སློང་གནང་བར་དམ་དྲག་བྱེད་བཞིན་པ་ཐེར་འདོན།

ཉེ་ཆར་རྒྱ་ནག་གཞུང་གིས་སྤྱི་ཚོགས་ཁྲོད་ Pornography འམ་འཆལ་སྤྱོད་དང་ཁྲིམས་འགལ་གྱི་གནད་དོན་བརྒྱུད་སྤེལ་འགོག་ཐབས་ཀྱི་ཁྲིམས་སྒྲིག་གསར་པ་ངོ་སྤྲོད་བྱེད་བཞིན་འོག་བོད་ཆེན་པོ་དང་ཚད་མཐོའི་རང་སྐྱོང་གི་གནས་བབས། དེ་བཞིན་དབུ་མའི་ལམ་སོགས་བོད་དོན་དང་འབྲེལ་བའི་གནད་དོན་གླེང་སློང་གནང་བ་རྣམས་ཁྲིམས་འགལ་དུ་ངོས་འཛིན་གྱིས་གླེང་སློང་དང་དཔེ་དེབ་དཔར་སྐྲུན། པར་དང་བརྙན་སོགས་ཀྱི་ཐོག་ནས་བརྒྱུད་སྤེལ་གནང་བ་འམ་རང་གི་ཁ་པར་ནང་སོགས་ལ་དེ་འབྲེལ་སྒྲིག་གཤོམ་གནང་བ་ཐམས་ཅད་ཁྲིམས་འགལ་ཡིན་པ་དང་། བྱ་སྤྱོད་དེ་དག་སྤེལ་མཁན་སྐོར་ཉེན་རྟོག་པར་གནས་ཚུལ་མཁོ་སྤྲོད་བྱེད་མཁན་རྣམས་ལ་དངུལ་འབོར་ཆེན་གྱི་བྱ་དགའ་སྤྲད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག ཁ་སང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གཞུང་གིས་སྔ་ལོའི་ཕྱི་ཟླ་ ༩ ཚེས་ ༡༢ ཉིན་རྒྱ་ནག་གཞུང་འབྲེལ་དྲྭ་རྒྱར་འཆལ་སྤྱོད་གཙོས་པའི་ཁྲིམས་འགལ་གྱི་གནད་དོན་རིགས་བརྒྱུད་སྤེལ་འགོག་ཐབས་ཀྱི་ཁྲིམས་སྒྲིག་གསར་པ་ཞིག་གཏན་འབེབས་བྱས་ཡོད་སྐོར་གནས་ཚུལ་སྤེལ་རྗེས་འདི་ལོའི་ཕྱི་ཟླ་ ༣ པའི་ནང་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཁྲིམས་གཞི་དེ་ལག་བསྟར་བྱེད་རྒྱུའི་གསལ་བསྒྲགས་ནང་བོད་ལ་རང་སྐྱོང་གི་གནས་བབས་དང་དབུ་མའི་ལམ་སོགས་བོད་དོན་དང་འབྲེལ་བའི་གནད་དོན་རིགས། རྒྱ་ནག་གཞུང་གི་ངོས་ནས་བོད་ཐོག་འཛིན་་པའི་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་མཁན་རྣམས་རྒྱལ་ཁབ་ཀྱི་ཆིག་སྒྲིལ་ལ་གནོད་འཚེ་བཟོ་མཁན་དང་གཞུང་ནས་གྲངས་ཉུང་མི་རིགས་ཀྱི་འཛིན་སྐྱོང་ལ་ཁ་གཏད་ལངས་པར་ངོས་འཛིན་རྒྱུ་ཡིན་པར་མ་ཟད་རྒྱ་ནག་གཞུང་དང་འགོ་ཁྲིད། རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་བཅས་ལ་སྐྱོན་བརྗོད་བྱེད་མཁན་གཙོས་པའི་རྒྱ་གཞུང་གི་ལྟ་སྤྱོད་དང་མི་མཐུན་པའི་བྱ་སྤྱོད་སྤེལ་མཁན་དག་ལ་ཁྲིམས་འགལ་དུ་ངོས་འཛིན་རྒྱུ་དང་དེ་འབྲེལ་གནས་ཚུལ་མཁོ་སྤྲོད་བྱེད་མཁན་འབྱུང་ཚེ་དེ་དག་ལ་གསང་རྒྱའི་སྲུང་སྐྱོབ་བྱས་ནས་རྒྱ་སྒོར་ཆིག་སྟོང་ནས་འབུམ་གཅིག་བར་བྱ་དགའ་སྤྲད་རྒྱུ་ཡིན་པ་སོགས་འཁོད་འདུགརྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ད་དུང་ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ Wu Yingjie ཡིས་བོད་ནང་དཔལ་འབྱོར་དང་བརྟན་ལྷིང་གོང་འཕེལ་གཏང་ཆེད་ཏཱ་ལའི་ཁ་བྲལ་རུ་ཚོགས་ལ་ཁ་གཏད་གཅོག་རྒྱུའི་དབུས་གཞུང་གི་སྲིད་བྱུས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། མང་ཚོགས་ཀྱིས་དམར་ཤོག་གཞུང་དང་སྤྱི་ཚོགས་ལ་བརྩེ་སེམས་བཅངས་ནས་རྒྱལ་ཁབ་ཀྱི་ཆིག་སྒྲིལ་སྲུང་སྐྱོབ་བྱེད་དགོས་སྐོར་བཤད་པ་ལུང་འདྲེན་དང་སྦྲགས་ཏེ་རྒྱ་ནག་གཞུང་གི་ངོས་ནས་གཞུང་ལ་དགའ་ཞེན་ཡོད་མེད་ལ་གཞིགས་ནས་ལས་དོན་གང་གཉེར་བ་དེ་དག་ཁྲིམས་འགལ་ཡིན་མིན་ཐག་གཅོད་བཞིན་ཡོད་པ་ལྟར་བྱ་སྤྱོད་དེ་ནི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་ཀྱི་ཁྲིམས་སྒྲིག་དང་སྒོས་ཁྲིམས་སྒྲིག་དེའི་དོན་ཚན་ ༡༩ དང་ཡོངས་སུ་འགལ་གྱི་ཡོད་པ་དང་། བོད་མི་མང་ཚོགས་དབར་ཡིད་ཆེས་མེད་པའི་གནས་སྟངས་སྐྲུན་བཞིན་ཡོད་པར་ཐེར་འདོན་དང་འབྲེལ། རྒྱ་ནག་གཞུང་གི་ངོས་ནས་ཁྲིམས་གཞི་གསར་པ་དེར་བཅོས་བསྒྱུར་བཏང་ནས་རྒྱལ་སྤྱིའི་ཁྲིམས་དང་མཐུན་པ་བཟོ་དགོས་པ་དང་། བོད་མི་རྣམས་ལ་རང་གི་ནང་མི་དང་གྲོགས་པོ། དེ་བཞིན་རང་གི་སྤྱི་ཚོགས་ལ་གནོད་པའི་ལས་དོན་གཉེར་བར་བྱ་དགའ་དེ་ལྟར་སྤྲད་རྒྱུ་མཚམས་འཇོག་དང་བོད་དོན་དང་འབྲེལ་བའི་གནད་དོན་གླེང་སློང་གནང་བར་ཁྲིམས་འགལ་དུ་ངོས་འཛིན་བྱེད་རྒྱུའི་སྲིད་བྱུས་དེའང་མཚམས་འཇོག་བྱེད་དགོས་པའི་ཞུ་སྐུལ་གནང་འདུག

 རྒྱ་གར་གྱི་ནང་དུ་རིམས་ནད་གང་མགྱོགས་ཞི་བའི་མུན་སེལ་གྱི་ལས་འགུལ་སྤེལ་བ།

མདང་དགོང་ཆོུད་ ༩ ཐོག་རྒྱ་གར་གྱི་སྲིད་བློན་མོ་དཱི་མཆོག་གི་བཀའ་རྒྱ་ལྟར་རྒྱ་གར་རྒྱལ་ཡོངས་སུ་རང་ཁྱིམ་གྱི་གློག་བསད་ནས་མི་མང་རང་ཁྱིམ་གྱི་འཁྱམས་རར་ཐོན་ཏེ་སྒྲོན་མེ་སྦར་བ་དང་ཁ་པར་གྱི་གློག་གཞུ་འགར་བ་སོགས་ཀྱི་རྒྱལ་ཡོངས་སུ་དུས་གཅིག་གི་བྱ་འགུལ་སྤེལ་ཏེ་ད་ལྟའི་བར་དུ་རིམས་ནད་ཕོག་པ་རྣམས་ལ་གདོང་སེམས་མཉམ་སྐྱེད་དང་གཞན་ཡང་རིམས་ནད་ཁྱབ་བརྡལ་ཁྲོད་མདུན་དུ་ཐོན་ནས་ཕྱག་ལས་རྒྱ་ཆེར་གནང་མཁན་གྱི་སྨན་པ་དང་སྨན་ཞབས་པ་རྣམས་ལ་རྒྱབ་སྐྱོར། དེ་བཞིན་འཛམ་གླིང་ཡོངས་གང་མགྱོགས་ཏོག་དབྱིབས་རིམས་ནད་ཀྱི་མུན་པ་ལས་གྲོལ་ནས་མི་མང་གི་འཚོ་བ་སྔར་བཞིན་ཞི་བདེ་བག་ཕེབས་ངང་གནས་རྒྱུའི་སྨོན་ལམ་བཏབས་ཏེ་སྐར་མ་དགུའི་རིང་རྒྱལ་ཡོངས་སུ་དུས་གཅིག་ལ་མུན་སེལ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་སོང་།གཞི་རྩའི་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་དེ་ད་ཆ་འཛམ་གླིང་གི་རྒྱལ་ཁབ་ཉིས་བརྒྱ་ལྷག་ལ་ཁྱབ་བརྡལ་དུ་སོང་ཡོད་པ་ལྟར། ད་ཆ་རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་སྲིད་གཞུང་གིས་མང་ཚོགས་ཀྱི་འགྲོ་འདུག་ལ་བཀག་སྡོམ་གྱིས་རིམས་ནད་སྔོན་འགོག་ལ་ཤུགས་སྣོན་རྒྱག་བཞིན་པར་རྒྱ་གར་གྱི་ནང་དུ་ཡང་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༤ མཚན་དགུང་ཕྱག་ཚོད་ ༡༢ ནས་བཟུང་ཉིན་གྲངས་ ༢༡ རིང་ལ་རྒྱལ་ཡོངས་སུ་མི་མང་རང་ཁྱིམ་དུ་བཀག་སྡོམ་བྱེད་རྒྱུའི་བཀའ་རྒྱ་བཏང་བ་ལྟར་ད་ལྟའི་ཆར་མི་མང་ཞོགས་པའི་རིང་ཉེར་མཁོའི་བཟའ་བཅའ་ཉོ་རུ་འགྲོ་ཆོག་པ་ཙམ་ལས་སྤྱི་ཡོངས་ཀྱི་བཀག་སྡོམ་གྱི་གནས་བབ་འོག་གནས་ཡོད་པ་རེད། དེ་རིང་རྒྱ་གར་གྱི་དུས་བབ་གསར་ཁང་གིས་རྒྱ་གར་གྱི་ནང་དུ་ཏོག་དབྱིབས་རིམས་ནད་ཕོག་པའི་གྲངས་ཐོ་ཕྱིར་འདོན་བྱས་པར་ད་ལྟའི་བར་དུ་རྒྱ་གར་གྱི་ནང་དུ་རིམས་ནད་ཕོག་པའི་ནད་པ་ ༤༠༠༠ ལྷག་བརྒལ་ཡོད་པ་དང་། དེ་དག་ལས་རྐྱེན་འདས་སུ་ཕྱིན་པའི་ནད་པའི་གྲངས་ཚད་ ༡༠༠ ལྷག་ཐོན་ཡོད་པར་འགྲེལ་བརྗོད་ཀྱིས་རྒྱ་གར་གྱི་ནང་རིམས་ནད་ཁྱབ་བརྡལ་ཆེས་ཆེ་སའི་ས་ཁུལ་ནི་རྒྱལ་ས་ལྡི་ལི་དང་ Maharastra མངའ་སྡེ།  དེ་ཞིན་ Tamil Nadu མངའ་སྡེ་གསུམ་ཆགས་ཡོད་པར་ཡོངས་གྲགས་གནང་འདུག ད་ལྟའི་ཆར་རྒྱ་གར་ནང་གི་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་དང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་བྱང་ཕྱོགས་ཧི་མྰ་ཅལ་མངའ་སྡེ་ནང་དུ་རིམས་ནད་ཁྱབ་བརྡལ་ནད་པ་ ༡༣ བྱུང་ཡོད་པ་ལས། ད་ལྟའི་ཆར་ཧི་མཱ་ཅལ་གྱི་ནང་ནད་པ་ ༦ ལ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། དེའི་ཁོངས་ནས་མི་ ༣ ཞི་མ་ལ་ཁུལ་གྱི་ IGMC སྨན་ཁང་དང་མི་ ༣ དྷ་ས་ཉེ་འཁྲིས་ཀྱི་ Tanda སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད། མི་ ༤ ཙམ་ཞིག་ལྡི་ལིའི་ Medanta སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་རེད། ད་བར་ཧི་མཱ་ཅལ་མངའ་སྡེ་ནང་རིམས་དན་ཕོག་པའི་ནད་པ་གཅིག་ལས་རྐྱེན་འདས་སུ་སོང་མེད་པ་རེད། གཞན་ཡང་ཁ་སང་ཚེས་ ༥ ཉིན་ཀཱངྒ་རཱ་རྫོང་གི་ཉེན་རྟོག་རུ་ཁག་གི་གཙོ་འཛིན་གྱིས་མང་ཚོགས་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ་ཕྱི་རྒྱལ་ཁག་ནས་ཕེབས་པའི་མི་ཚང་མས་ཚེས་ ༥ ཕྱི་དྲོ་བར་སོ་སོའི་གང་ནས་སླེབས་པའི་གནས་ཚུལ་ཡར་ཞུ་གསལ་པོ་བྱེད་དགོས་པ་དང་། དེ་ལྟར་བྱས་པ་ཡིན་ན་ཀཱངྒ་རཱ་རྫོང་གི་ལས་ཁུངས་ཀྱིས་ཁོང་རྣམས་ལམ་སང་ཟུར་འཇོག་གནང་རྒྱུ་ཡིན། གལ་ཏེ་དེ་ལྟར་མ་བྱས་པར་རིམས་ནད་ཡོད་པའི་གནས་ཚུལ་གསང་རྒྱ་བྱས་པ་ཤེས་རྟོགས་བྱུང་ཚེ་རྒྱ་གར་གྱི་ཁྲིམས་ལུགས་གཞིར་བཟུང་གིས་མི་གསོད་ཐབས་བྱེད་བཞིན་པའི་ནག་ཉེས་འགེལ་རྒྱུ་དང་། སོ་སོའི་ནང་ལ་ཕྱི་མི་ཡོད་པའི་གནས་ཚུལ་གསང་རྒྱ་བྱས་པའི་ཁྲོད་མི་དེ་ཤི་བ་སོགས་ཀྱི་གནས་ཚུལ་བྱུང་ཚེ་ཁྲིམས་སྒྲིག་ཨང་ ༣༠༢ གཞིར་བཟུང་མི་བསད་པའི་ནག་ཉེས་ཕོག་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག གཞནང་ཡང་ཁོང་གིས་ད་ལྟའི་ཆར་མི་མང་དང་མཉམ་དུ་རྒྱང་ཐག་རིང་བོར་གནས་རྒྱུ་གལ་ཆེན་པོ་ཡིན་ནའང་ནད་པ་དང་དོགས་ཡོད་ཀྱི་ནད་པར་དབྱེ་འབྱེད་བྱེད་རྒྱུ་མེད་པར་རེ་སྐུལ་བྱས་པ་དང་སྦྲགས། ཨུ་ན་ཁུལ་དུ་མང་ཚོགས་ཀྱི་ལྟ་སྟངས་མི་འདྲ་བའི་ཁྲོད་རང་ཉིད་དོགས་ཡོད་ནད་པ་མིན་པ་གསལ་པོ་ཆགས་ནའང་མཐར་རང་སྲོག་བཅད་ཡོད་པའི་གནད་དོན་བྱུང་ཡོད་ལུགས་ངོ་སྤྲོད་ཀྱིས་མང་ཚོགས་ཀྱིས་ཕན་ཚུན་ལ་དབྱེ་འབྱེད་བྱེད་རྒྱུ་མེད་པའི་གཞེན་སྐུལ་གནང་འདུག ཁ་སང་རྒྱ་གར་གྱི་ Divya Himachal བརྙན་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་ཀཱངྒ་རཱ་ལམ་ཆེན་གྱི་འགག་སྒོ་ཞིག་ཏུ་བོད་མི་གཞོན་སྐྱེས་གཉིས་དང་རྒྱ་གར་བ་གཅིག་བཅས་ཁྱོན་མི་གསུམ་ཀཱངྒ་རཱ་ནང་དུ་འཛུལ་ཐབས་བྱེད་སྐབས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག ཉེན་རྟོག་པས་འདྲི་རྩད་བྱས་སྐབས་ཁོང་རྣམས་ Bhuntar ཉེ་འཁྲིས་ KheerGanga ས་ཁུལ་ནས་གོམ་པ་རྒྱབ་ནས་སླེབས་པ་དང་དེའི་ཁོངས་སུ་ཡོད་པོའི་བོད་མི་བསྟན་འཛིན་བྱང་ཆུབ་ཞུ་བ་ཁོང་གིས་གསུངས་པར་གཞིགས་ན། ཁོང་བཞུགས་སྒར་དྷརྨ་སཱ་ལཱར་བཞུགས་མཁན་ཡིན་པ་དང་། ཁོང་གི་སྤུན་མཆེད་ཅིག་བོར་བརླག་བྱུང་བར་བརྟེན་དེ་སྔོན་ཟླ་མ་སྔོན་མའི་ ༡༩ ཉིན་དྷས་ནས་མེ་འཁོར་དུ་བསྡད་ནས་ཁོང་འཚོལ་དུ་ཕྱིན་པའི་ལམ་བར་དུ་གཞུང་འབྲེལ་གྱི་བཀག་རྒྱའི་གནས་སྟངས་ཆགས་པའི་རྐྱེན་གྱིས་ད་ཆ་གོམ་པ་རྒྱབ་ནས་ཕྱིར་ལོག་བྱེད་བཞིན་ཡོད་པར་བརྗོད་འདུག ཉེན་རྟོག་པ་རྣམས་ཀྱིས་གསུངས་པར་ད་ལྟའི་ཆར་ཁོང་རྣམས་མན་ཌི་གྲོང་ཁྱེར་ནང་ཟུར་འཇོག་བྱས་ནས་འཇོག་རྒྱུ་ཡིན་པར་གསུངས་འདུག

རྒྱ་ནག་དེ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཤུགས་རྐྱེན་ཆེ་བའི་སློབ་སྟོན་རུ་ཁག་གི་ཚོགས་མིར་བསྐོ་གཞག་བྱུང་བར་ངོ་རྒོལ།

རེས་གཟའ་ལྷག་པའི་ཉིན་རྒྱ་ནག་དེ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཤུགས་རྐྱེན་ཆེ་བའི་སློབ་སྟོན་རུ་ཁག་ཏུ་བསྐོ་གཞག་བྱས་ཡོད་པ་དང་འབྲེལ་ཏེ་ཐེངས་འདིའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སློབ་སྟོན་རུ་ཁག་ལ་བསྐོ་གཞག་བརྒྱུད་འཛམ་གླིང་གི་སྨྲ་བརྗོད་རང་དབང་དང་འཕྲོད་བསྟེན། གར་སོང་ཆ་མེད་དུ་གྱུར་བ། དོ་དམ་བཀག་བསྐྱིལ་སོགས་ཀྱི་གནད་དོན་ཐད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྟོག་ཞིབ་པ་འདེམས་སྒྲུག་གི་ལས་དོན་གཙོ་བོ་གཉེར་དགོས་སྟབས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་དེར་ངོ་རྒོལ་གནང་བཞིན་འདུགདེ་རིང་བརྒྱུད་ལམ་ཁག་གིས་ད་ལན་རྒྱ་ནག་དེ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སློབ་སྟོན་རུ་ཁག་ཁོངས་སུ་བསྐོ་གཞག་བྱས་པ་བརྒྱུད་རྒྱ་ནག་ནས་ཉུང་མཐར་རྒྱལ་ཁབ་སོ་སོའི་སྨྲ་བརྗོད་དང་ཆོས་དད་རང་དབང་གཙོས་པའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་གི་གནས་སྟངས་ཐད་རྟོག་ཞིབ་གནང་མཁན་གྱི་མི་སྣ་ ༡༧ ལྷག་འདེམས་སྒྲུག་བྱེད་རྒྱུའི་ཐོག་ཤུགས་རྐྱེན་སྤྲད་རྒྱུ་ཡིན་པར་བརྟེན་སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ལྟ་ཞིབ་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པའི་འགན་འཛིན་སྐུ་ཞབས་ Hillel Neuer ལགས་ཀྱིས་དེར་ངོ་རྒོལ་གནང་བ་དང་འབྲེལ། དྲག་གནོན་དང་མི་སྤྱོད་ལས་འདས་པའི་སྲིད་བྱུས་སྤེལ་མཁན་རྒྱ་ནག་ལྟ་བུ་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་ཐད་རྟོག་ཞིབ་པ་འདེམས་སྒྲུག་བྱ་རྒྱུའི་དབང་ཚད་སྤྲད་པ་ནི་མེར་བསྲེག་གཏང་རྒྱུར་དགའ་བའི་སྨྱོན་སྤྱོད་བྱེད་མཁན་གྱི་མི་སྣ་གྲོང་སྡེའི་མེ་གསོད་རུ་ཁག་གི་གཙོ་འཛིན་བསྐོ་གཞག་བྱས་ཡོད་པ་དང་གཅིག་མཚུངས་ཡིན་པ་གསུངས་པ་མ་ཟད། ལྷག་པར་དུ་རྒྱལ་ཚོགས་ནས་ད་ལན་རྒྱ་ནག་དེ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སློབ་སྟོན་རུ་ཁག་ལ་བསྐོ་གཞག་བྱས་པར་མོས་མཐུན་གནང་བ་ནི་ཁུངས་མེད་དང་ཚུལ་མིན་གྱི་བྱ་སྤྱོད་ཁོ་ན་ཡིན་པར་གསུངས་འདུག དེ་བཞིན་སྐུ་ཞབས་ Hillel Neuer ལགས་ཀྱིས་རྒྱ་ནག་ནས་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་ Zhang Baocheng ལགས་དང་། Wang Binzhang ལགས་གཉིས་གཙོས་འགྲོ་བ་མིའི་ཐོབ་ཐང་གི་དོན་གཉེར་བ་མང་དག་ཅིག་ལ་དོ་དམ་བཀག་བསྐྱིལ་བྱས་ཡོད་པ་མ་ཟད་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་རིམས་ནད་ཐད་རྒྱ་རིགས་ཁག་གཅིག་གིས་རྒྱ་གཞུང་གི་དཔོན་རིགས་ཚོས་དེར་འགོག་ཐབས་བྱེད་ཀྱི་མེད་པ་སོགས་ཀྱི་གནད་དོན་དང་འབྲེལ་བའི་གཏམ་བཤད་གནང་མཁན་ཚོ་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་བཟོས་ཡོད་པ་དང་ལྷག་པར་དུ་ཡུ་གུར་ཁ་ཆེའི་མི་རིགས་དང་གཞན་གྲངས་ཉུང་མི་རིགས་དུ་གྱུར་བའི་མི་གྲངས་ས་ཡ་གཅིག་ལྷག་བཀག་བསྐྱིལ་ཁང་དུ་བཙན་དབང་གིས་བཅུག་ཡོད་སྟབས་རྒྱལ་ཚོགས་ནས་རྒྱ་ནག་དེ་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སློབ་སྟོན་རུ་ཁག་ཁོངས་སུ་བསྐོ་གཞག་གནང་བར་མོས་མཐུན་གནང་བ་དེ་ནི་རྒྱུ་མཚན་དང་མི་ལྡན་པ་ཞིག་ཡིན་པར་གསུངས་འདུགསྐུ་ཞབས་ Hillel ལགས་ཀྱིས་ད་དུང་རྒྱ་ནག་གིས་སྨྲ་བརྗོད་དང་བསམ་བརྗོད་རང་དབང་ཐད་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཇི་ལྟར་འདེམས་སྒྲུག་བྱ་རྒྱུ་ཡིན་པ་དང་ད་ཆ་ཛ་དྲག་གི་དུས་ཚིགས་འདིར་ཁྱབ་གདལ་ཤུགས་ཆེ་འགྲོ་བཞིན་པའི་ཏོག་དབྱིབས་རིམས་ནད་ཐོག་རྒྱ་ནག་གི་སྨན་པ་གཙོས་གསར་འགོད་པ་དང་མི་སེར་ཚོས་དེ་འབྲེལ་བཀའ་མོལ་གནང་བར་དམ་དྲག་དང་ཁྲིམས་སྒྲིག་དམ་པོ་ལག་བསྟར་བྱེད་བཞིན་ཡོད་པས་རྒྱ་ནག་ནས་འཛམ་གླིང་གི་འཕྲོད་བསྟེན་སོགས་ཀྱི་ཐད་རྟོག་ཞིབ་པ་ཇི་ལྟར་འདེམས་སྒྲུག་བྱ་རྒྱུའི་ཡིན་པ་སོགས་ཀྱི་དྲི་བ་ཁག་གཅིག་གནང་ཡོད། སྤྱིར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སློབ་སྟོན་རུ་ཁག་ནང་རྒྱ་ནག་གཙོས་པའི་ Venezuela དང་པ་ཀིས་ཐན། Eritrea དེ་བཞིན་ Qatar བཅས་ཚོགས་མི་ལྔ་ཡོད་པ་དང་ད་ལན་རུ་ཁག་དེའི་ནང་རྒྱ་ནག་བསྐོ་གཞག་བྱས་པ་དེས་སློབ་སྟོན་རུ་ཁག་དེས་གནང་ཕྱོགས་ལ་ཉེན་ཚབས་ཆེན་པོ་འགྱུར་ངེས་ཡིན་པ་གསུངས་འདུག རྒྱལ་ཚོགས་ཀྱི་ལྟ་ཞིབ་ཚོགས་པས་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Antonio Guterres མཆོག་དང་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ Michelle Bachelet མཆོག་རྣམ་གཉིས་ནས་རྒྱ་ནག་དེ་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སློབ་སྟོན་རུ་ཁག་ལ་བསྐོ་གཞག་བྱས་པར་ཡོངས་གྲགས་ཐོག་སྐྱོན་བརྗོད་གནང་དགོས་པར་མ་ཟད་རྒྱ་ནག་གཙོས་པའི་འཛམ་གླིང་ཁྲོད་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་དཀའ་སྡུག་མྱོང་བཞིན་པའི་གནོད་འཚེ་ཕོག་ཡུལ་གྱི་གང་ཟག་རྣམས་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་འདུག ད་ལན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་དེ་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སློབ་སྟོན་རུ་ཁག་ཁོངས་བསྐོ་གཞག་གིས་མོས་མཐུན་གནང་བ་དེ་ནི་ཁྲིམས་མཐུན་གི་རང་བཞིན་ལ་སྣང་ཆུང་བྱས་ཡོད་པར་སྐྱོན་བརྗོད་གནང་ཡོད། གཞི་རྩའི་རྒྱ་ནག་གིས་དཔལ་འབྱོར་སྟོབས་ཤུགས་སྒོ་ནས་འཛམ་གླིང་སྤྱི་ཡོངས་ཙམ་མ་ཟད་རྒྱལ་ཚོགས་ལའང་དེ་འབྲེལ་གྱི་ཤུགས་རྐྱེན་སྤྲོད་ཐབས་བྱེད་བཞིན་ཡོད་པ་ཡོངས་གྲགས་ཡིན་པ་རེད། ལྷག་དོན་རྒྱ་ནག་ནས་ཐོག་མར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་སྐབས་རྒྱལ་ཚོགས་ནས་དེར་ཛ་དྲག་གི་རང་བཞིན་ཞིག་ཏུ་ངོས་འཛིན་གནང་མེད་སྟབས་ད་ཆ་རིམས་ནད་དེ་གོ་ལའི་རྒྱལ་ཁབ་ ༡༩༠ ལྷག་ནང་ཁྱབ་གདལ་ཆེས་ཆེར་གྲོ་མུས་ཁྲོད་རྒྱལ་ཁབ་དང་ཚོགས་སྒེར་ཁག་གིས་རྒྱལ་ཚོགས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།

ཏོག་དབྱིབས་ནད་རྟགས་ཐོན་པའི་སྨན་ཞབས་ཀྱི་གཞེན་བསྐུལ་དང་སྨན་ཞབས་ཚོར་དགོས་ངེས་ཀྱི་ཕྱག་རོགས་གནང་རྒྱུའི་ལས་དོན་གཉེར་བཞིན་འདུག

འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་ ༡༧༦ ཙམ་ནང་ཁྱོན་མི་འབུམ་བརྒྱད་ལྷག་ལ་རྒྱ་ནག་ནས་ཁྱབ་པའི་ Covid 19 འམ་ཏོག་དབྱིབས་རིམས་ནད་དེ་འགོས་ཡོད་པའི་ཁྲོད་ནས་ད་ཆ་གཉན་རིམས་དེ་ཁྱབ་གདལ་མང་ཤོས་བྱུང་ཡུལ་གྱི་རྒྱལ་ཁབ་ཨ་རི་དང་དེའི་ནང་ནས་ནིའུ་ཡོག་གྲོང་ཁྱེར་ཆགས་ཀྱི་ཡོད་པ་དང་གྲོང་ཁྱེར་དེར་མཚོན་ན་བོད་རིགས་སྨན་པའི་གྲངས་འབོར་གང་ཙམ་ཞིག་ཡོད་པ་རེད། ད་ལྟའི་ཆར་ནིའུ་ཡོག་འདི་རིམས་ནད་ཁྱབ་གདལ་བྱུང་སའི་ཆེས་ཛ་དྲག་རང་བཞིན་ཞིག་ཏུ་འགྱུར་བཞིན་ཡོད་ཀྱང་། ས་ཁུལ་དེའི་ནང་གནས་བཞུགས་བོད་རིགས་སྨན་པ་དང་སྨན་ཞབས། དེ་བཞིན་འཕྲོད་ལས་པ་སོགས་མུ་མཐུད་མདུན་ལ་འཐོན་ནས་ཕྱག་ལས་གནང་བཞིན་ཡོད་པ་ལྟར་མང་དག་ཅིག་ལ་གཉན་རིམས་དེ་ཕོག་ཡོད་པར་དོགས་གཞིའི་འོག་ཟུར་བཀག་གནང་བ་དང་ཁག་གཅིག་རིམས་ནད་ཕོག་རྐྱེན་སྤྱི་ཚོགས་ཁྲོད་ཀྱི་འཚོ་རྟེན་དང་ཉིན་རེའི་བྱ་གཞག་ལ་ཆེས་ངལ་བ་ཆེན་པོ་འཕྲད་མུས་རེད་འདུག དེའི་ཁོངས་ནིའུ་ཡོག་ཏུ་གཞུང་གི་སྨན་ཁང་ཆེ་གྲས་ Bellevue ནང་སྨན་ཞབས་ཕྱག་ལས་གནང་མཁན་བོད་རིགས་བསྟན་འཛིན་བག་གྲོ་ལགས་དང་འཆི་མེད་ཨ་འབུམ་ཚང་ལགས་གཉིས་ལ་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་འཐོན་པར་བརྟེན་ད་ཆ་ཟུར་བཀག་ཐོག་བཞུགས་མུས་ཡིན་པ་རེད། རིམས་ནད་དེ་འབྲེལ་ནིའུ་ཡོག་དང་ནིའུ་ཡོག་ཇར་སིའི་བོད་རིགས་སྨན་ཞབས་ཚོགས་པས་ཉིན་ཤས་གོང་ཁུལ་དེའི་ནང་གནས་བཞུགས་བོད་མི་སླད་ཛ་དྲག་ལམ་སྟོན་གྱི་འབྲེལ་གཏུག་ལས་རིམ་ཞིག་དབུ་འཛུགས་གནང་བ་མ་ཟད། Go Fund me ཞེས་པའི་དྲྭ་ཚིགས་གསར་བཟོ་བརྒྱུད་དེ་དཔལ་འབྱོར་བསྡུ་རུབ་གནང་སྟེ་ནིའུ་ཡོག་ནང་ཟུར་བཀག་གནང་བཞིན་པའི་བོད་རིགས་འཕྲོད་ལས་པ་དང་སྨན་ཁང་ཁག་ཏུ་ཕྱག་ལས་གནང་བཞིན་པ་རྣམས་ལ་འདང་ངེས་ཡོད་པའི་ Personal protection Equipment ཞེས་རིམས་ནད་སྔོན་འགོག་དང་སྲུང་སྐྱོབ་ཀྱི་ཁ་རས་དང་གདོང་ཁེབས་སོགས་མཁོ་ཆས་ཁག་གཅིག་མཁོ་སྒྲུབ་གནང་བཞིན་འདུག རླུང་འཕྲིན་ཁང་གིས་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་འཐོན་ནས་ཟུར་བཞུགས་གནང་བཞིན་པ་བོད་རིགས་སྨན་ཞབས་གཉིས་དང་ནིའུ་ཡོག་དང་ནིའུ་ཡོག་ཇར་སིའི་བོད་རིགས་སྨན་ཞབས་ཚོགས་པའི་ཚོགས་གཙོ་བཅས་ལ་བཅར་འདྲི་ཁག་གཅིག་ཞུས་ཡོད།

རྒྱ་གཞུང་གིས་བཙན་དབང་ཐོག་ལྟ་སྲུང་འཕྲུལ་ཆས་བརྒྱུད་གཉན་རིམས་འགོག་ཐབས་བྱེད་བཞིན་པ་མངོན་གསལ།

རྒྱ་ནག་གཞུང་གིས་མང་ཚོགས་ཀྱི་གསང་རྒྱའི་ཐོབ་ཐང་དང་རང་དབང་ལ་གུས་བརྩི་རྩ་བ་ནས་མེད་པར་བཙན་དབང་གིས་ལྟ་སྲུང་འཕྲུལ་ཆས་བརྒྱུད་དེ་ཏོག་དབྱིབས་རིམས་ནད་འགོག་ཐབས་བྱེད་བཞིན་པ་མངོན་གསལ་གནང་འདུག ཁ་སང་ཕྱི་ཟླ་ ༤ ཚེས་ ༡ ཉིན་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གཞུང་དེ་བཞིན་དུས་རྒྱུན་ནས་མང་ཚོགས་ཀྱི་སྒེར་གྱི་གསང་རྒྱའི་རང་དབང་དང་གསར་འགོད་རང་དབང་། རང་དབང་ཅན་གྱི་ཁྲིམས་རྩོད་ཐོབ་ཐང་། དེ་བཞིན་རང་དབང་ལྡན་པའི་སྤྱི་ཚོགས་སོགས་གང་ལ་ཡང་བརྩི་སྲུང་མེད་པར་མང་ཚོགས་ཐོག་ལྟ་སྲུང་ནན་པོ་བྱེད་མཁན་ཞིག་ཡིན་པར་མ་ཟད་ཤིན་ཅང་དུ་འདས་པའི་ལོ་ཤས་ནང་རྒྱ་གཞུང་གིས་མང་ཚོགས་ཀྱི་མོས་མཐུན་མེད་པར་ Biometrics སོགས་སྒེར་གྱི་གནས་ཚུལ་གསོག་འཇོག་བརྒྱུད་དེ་མང་ཚོགས་ནས་གཞུང་ལ་དགའ་ཞེན་ཇི་ཙམ་ཡོད་མེད་དང་འགྲུལ་བསྐྱོད་ཀྱི་རང་དབང་ཇི་ཙམ་སྤྲོད་དགོས་མིན་གྱི་ཐག་གཅོད་བྱེད་བཞིན་ཡོད་པ་སོགས་ལུང་འདྲེན་དང་སྦྲགས་ཏེ། ད་ལྟའི་ཆར་ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་ཁྲོད་རྒྱ་གཞུང་གིས་ Health Code འམ་མང་ཚོགས་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་ཚོན་ཁྲ་གསུམ་ཅན་གྱི་བརྙན་ཆས་སྤྱོད་དེ་གཉན་རིམས་ཀྱི་གནས་སྟངས་འོག་གང་ཟག་སུ་ཞིག་ཕྱིར་བསྐྱོད་ནས་ལས་ཀ་བྱེད་ཆོག་པ་དང་། སུ་ཞིག་ཟུར་འཇོག་བྱེད་དགོས་པ། དེ་བཞིན་བརྙན་ཆས་བརྒྱུད་མི་དེ་ས་ཚིགས་གང་དུ་ཡོད་པ་སོགས་ཀྱི་གནས་ཚུལ་ཁག་ཉེན་རྟོག་པར་སྤྲད་པ་སོགས་སྒེར་གྱི་རང་དབང་ལ་གུས་བརྩི་མེད་པ་དང་། དེ་བས་ལྟ་སྲུང་འཕྲུལ་ཆས་ཀྱི་ཐོག་ནས་གཉན་རིམས་འགོག་ཐབས་བྱེད་བཞིན་ཡོད་པ་གསུངས་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ད་དུང་རྒྱ་ནག་གིས་དྲྭ་རྒྱའི་མང་ཚོགས་ཁྲོད་གཞུང་གི་བྱེད་ཕྱོགས་དེར་བསམ་ཚུལ་ཇི་ཡོད་སྐོར་དང་འབྲེལ་ཏེ་ Zhihu ཞེས་པའི་རྒྱ་ནག་ནང་གི་སྤྱི་ཚོགས་གླེང་སྟེགས་ཐོག་མི་ཞིག་གིས་འཕྲུལ་ཆས་ཀྱི་ཐོག་ནས་མིར་དབང་བསྒྱུར་བྱེད་རྒྱུའི་དུས་དེ་ད་དུང་ཡང་ཉུང་མཐར་ལོ་ལྔ་བཅུ་འགོར་སྲིད་པ་དྲན་གྱི་ཡོད་ཀྱང་། རིམས་ནད་དེ་རྐྱེན་དུས་དེ་ཡང་མགྱོགས་པོ་བསླེབས་སོང་ཞེས་གསུངས་པ་དང་འབྲེལ། རྒྱ་གཞུང་གིས་འཕྲོད་བསྟེན་བརྙན་ཆས་དེ་ལྟར་སྤྱོད་བཞིན་པར་སྐྱོན་བརྗོད་གནང་བཞིན་པ་མངོན་གསལ་གནང་འདུག རྩ་བའི་བརྙན་ཆས་དེ་ནང་ད་བར་མི་ས་ཡ་ ༧༠༠ ཙམ་གྱི་གནས་ཚུལ་མཁོ་སྒྲུབ་བྱས་ཟིན་པ་རྣམས་ཀྱི་སྒེར་གྱི་གསང་བའི་ཨང་གྲངས་དང་ལྷན་དུ་ས་གནས་གང་དུ་བཞུགས་ཀྱི་ཡོད་པ། རིམས་ནད་ཕོག་པའི་མི་དང་མཉམ་གནས་གནང་མིན། ད་བར་ནད་རྟགས་འཐོན་ཡོད་མེད་སོགས་ཀྱི་གནས་ཚུལ་མཁོ་སྒྲུབ་བྱས་རྗེས། ཚོན་ཁྲ་ལྗང་ཁུ་དང་སེར་པོ། དེ་བཞིན་དམར་པོ་གང་རུང་ཤར་གྱི་ཡོད་པ་དང་། ཅི་སྟེ་ལྗང་ཁུ་ཤར་ཚེ་མི་དེ་ཕྱི་ལ་བསྐྱོད་ཆོག་པ་དང་། སེར་པོ་དང་དམར་པོ་ཤར་ཚེ་རང་ཁྱིམ་དུ་ཟུར་བཀག་ཐོག་བཞག་གི་ཡོད་པ་རེད་འདུག བརྙན་ཆས་དེས་མི་ས་ཡ་ ༧༠༠ ཙམ་ཡོད་པ་རྣམས་ལ་རང་དབང་ཇི་ཙམ་རག་གི་ཡོད་མེད་ཐོག་ཐག་གཅོད་བཞིན་ཡོད་པ་མ་ཟད་ས་ཁུལ་ཁག་ཅིག་ཏུ་མིའི་གདོང་རིས་ར་འཕྲོད་ཐུབ་པའི་འཕྲུལ་ཆས་སྤྱོད་དེ་རང་ཁྱིམ་དུ་བཞུགས་ཆོག་མིན་གྱི་ཐག་གཅོད་བཞིན་ཡོད་པ་རེད་འདུག

ལྷ་ས་ཁུལ་དུ་དགོན་སྡེ་ཁག་བསྐྱར་དུ་སྒོ་འབྱེད་གནང་བཞིན་འདུག

ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་གནང་སྒོ་སྤེལ་ཡུལ་གྱི་གནས་སྟངས་དང་གཞི་ཁྱོན། ཤུགས་རྐྱེན། དེ་བཞིན་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ལ་གཞིགས་ཏེ་སྔོན་ལ་ཐག་རིང་དང་དེ་ནས་རྫོང་གྲོང་། དེ་རྗེས་ལྟེ་བའི་གྲོང་ཁྱེར་བཅས་ཀྱི་གོ་རིམ་ལྟར་ཞིབ་འཇུག་བྱས་རྗེས་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་ནས་ལྷ་ས་གྲོང་ཁྱེར་གྱི་ཐག་རིང་དགོན་སྡེ ༢༡༤ ཙམ་བསྐྱར་དུ་སྒོ་འབྱེད་བྱེད་རྒྱུ་ཡིན་པར་བསྒྲགས་ཡོད་པ་དང་། ད་ལྟའི་འཆར་སེ་འབྲས་དགེ་གསུམ་གཙོས་པའི་ལྷ་སའི་ནང་གི་དགོན་སྡེ་ཁག་གཅིག་ད་དུང་སྒོ་ཕྱེ་རྒྱུ་མིན་པར་བསྒྲགས་འདུག གནས་ཚུལ་དེ་དང་འབྲེལ་ནད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་མཚན་མཐོང་ཆེ་རུ་གཏོང་ཐབས་དང་ཏོག་དབྱིབས་ནད་རིམས་ནད་ཁྱབ་བརྡལ་གྱི་རྗེས་སུ་ཡང་འཚོ་བའི་གནས་སྟངས་རང་འཇགས་ཡིན་པར་སྟོན་ཐབས་སུ་ལྷ་ས་ཁུལ་གྱི་དགོན་སྡེ་ཁག་བསྐྱར་དུ་སྒོ་འབྱེད་བྱེད་ཀྱི་ཡོད་པར་བསྒྲགས་ཡོད་ལུགས་འགྲེལ་བརྗོད་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ Matteo Mecacci ལགས་ཀྱིས་རྒྱ་ནག་གིས་བོད་ཁུལ་གྱི་དགོན་སྡེ་ཁག་བསྐྱར་དུ་སྒོ་འབྱེད་བྱས་པ་དེ་ནི་ནང་པའི་སྤྱི་ཚོགས་ལ་སེམས་གསོ་ཕྲན་ཙམ་བཏང་བ་ལྟ་བུ་ཞིག་ཡིན་ཀྱང་རྒྱ་ནག་གིས་ད་དུང་ནང་པའི་དགོན་སྡེ་ཁག་ལ་དམ་དྲག་སྟངས་འཛིན་བྱེད་རྒྱུར་འགྱུར་བ་གང་ཡང་ཕྱིན་མེད་ལུགས་འགྲེལ་བརྗོད་གནང་འདུག རྒྱ་ནག་གིས་བོད་ཁུལ་དུ་དགོན་སྡེ་ཁག་སྒོ་འབྱེད་བྱས་པ་དེ་ནི་རྒྱལ་སྤྱིའི་ཐོག་བོད་ཁུལ་དུ་ཞི་འཇགས་ཀྱི་འཚོ་བ་སྐྱེལ་གྱི་ཡོད་པའི་རྣམ་པ་ཕྱིར་སྟོན་ཐབས་གཙོ་བོ་ཞིག་ཡིན་པ་དང་། དོན་དུ་བོད་ཁུལ་དུ་བོད་རིགས་སློབ་ཕྲུག་དང་གཞུང་ཞབས་པ་རྣམས་དགོན་པ་གྲྭ་ཚང་ཁག་གི་ཆོས་ལུགས་ཀྱི་གནང་སྒོར་ཞུགས་མི་ཆོག་པར་སྟངས་འཛིན་བྱེད་བཞིན་པར་མ་ཟད་སྤྱི་ཡོངས་ཀྱི་ཆ་ནས་དགོན་སྡེ་ཁག་ལ་དམ་དྲག་བྱེད་བཞིན་པར་སྤྱིར་སྟངས་ཤིག་མིན་པར་ཡོངས་གྲགས་གནང་འདུག དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གིས་བོད་ཁུལ་གྱི་དགོན་སྡེ་ཁག་ལ་སྟངས་འཛིན་བྱེད་བཞིན་པ་དེར་རྣམ་དབྱེ་མང་དུ་ཡོད་པར་འགྲེལ་བརྗོད་ཀྱིས་ཕྱི་ལོ་ ༢༠༡༡ ལོའི་རྒྱ་ན་ནག་གིས་དགོན་སྡེ་ཁག་ཡུན་རིང་དོ་དམ་བྱེད་ཕྱོགས་ཀྱི་སྲིད་བྱུས་ཟེར་བ་ཞིག་གཏན་འབེབས་བྱས་པ་བརྒྱུད་ནས་སྲིད་གཞུང་གིས་དགོན་པ་ཁག་ཏུ་མི་སྐྱ་སུམ་ཅུ་ལས་གྲུབ་པའི་དོ་དམ་ཚོགས་ཆུང་ཟེར་བ་ཞིག་རྩ་འཛུགས་ཀྱིས་དགོན་པའི་ཆོས་ལུགས་ཀྱི་གནང་སྒོ་སྤྱི་དང་དགོན་པའི་སྲོལ་རྒྱུན་གྱི་སློབ་གཉེར་གྱི་རིམ་པར་འགྱུར་བ་བཏང་བར་མ་ཟད། དགོན་པའི་ནང་དུ་སྲིད་གཞུང་གིས་རྩ་འཛུགས་བྱས་པའི་བསླབ་གཞི་གསར་པ་གཏན་འབེབས་བྱས་ཡོད་པར་ཡོངས་གྲགས་གནང་འདུག གཞན་ཡང་ལས་འགུལ་ཁང་གིས་ ༢༠༡༩ ལོར་ལྷ་སའི་སློབ་གྲྭ་ཞིག་གིས་བོད་རིགས་སློབ་མ་རྣམས་ཀྱི་དགུན་ཁའི་གུང་གསེང་དང་འབྲེལ་བའི་སྒྲིག་ཡིག་ཅིག་ཕྱི་ལ་བཀྲམས་པའི་ནང་བོད་རིགས་སློབ་མ་རྣམས་གུང་གསེང་སྐབས་སུ་དགོན་སྡེ་ཁག་གི་ཆོས་ལུགས་གནང་སྒོ་ཁག་ལ་ཞུགས་མི་ཆོག་པ་དང་། ཕ་མ་ཚོས་ཀྱང་བོད་རིགས་སློབ་མ་རྣམས་ཐག་རིང་དུ་ཁྲིད་མི་ཆོག་པའི་བཙན་བཀའ་བཏང་སྟེ་ཕ་མ་སུ་ཞིག་གིས་སྒྲིག་འགལ་ཚེ་མཇུག་འབྲས་ངན་པ་འཕྲད་སྲིད་པའི་ཉེན་བརྡ་བཏང་ཡོད་པ་ལུང་འདྲེན་གནང་འདུག རྩ་བའི་གསར་ལམ་ཁག་ཏུ་ཉིན་ཤས་གོང་ནས་གནས་ཚུལ་ཐོན་པ་ལྟར་ན། སྲིད་གཞུང་གིས་མང་ཚོགས་དང་བཟོ་ཚོང་ཁག་ལ་བཙན་བཀའ་བཏང་ནས་ཚོང་ལས་དང་བཟོ་ལས་བསྐྱར་དུ་སྒོ་འབྱེད་བྱས་ནས་མི་མང་གིས་རྒྱུན་ལྡན་ལྟར་ལས་ཞུགས་བྱེད་དགོས་པའི་ཉེན་བརྡ་གཏོང་བཞིན་པའི་ཁྲོད། ས་གནས་མི་མང་དང་བཟོ་ཚོང་ཁང་སོགས་ནས་སྲིད་གཞུང་གིས་སྲིད་བཙན་དབང་བྱས་པ་དེར་ཡ་ལན་སྤྲོད་ཐབས་མེད་པར་ལས་ཞུགས་བྱེད་ཀྱི་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད་པ་ལྟར་ཁ་སང་ནས་བོད་ཁུལ་གྱི་དགོན་སྡེ་ཁག་ཀྱང་སྒོ་འབྱེད་གནང་རྒྱུའི་གསལ་བསྒྲགས་སྤེལ་བ་ཞིག་རེད་འདུག

༸གོང་ས་མཆོག་གིས་ PM cares fund ཞེས་པའི་རྒྱ་གར་སྲིད་བློན་གྱི་ཐེབས་རྩར་ཞལ་འདེབས་བསྩལ་འདུག

༸གོང་ས་མཆོག་གིས་ PM cares fund ཞེས་ཏོག་དབྱིབས་རིམས་ནད་ལ་གདོང་ལེན་ཆེད་ཉེ་ལམ་རང་གསར་འཛུགས་གནང་བའི་རྒྱ་གར་སྲིད་བློན་གྱི་ཐེབས་རྩར་མ་དངུལ་གྱི་ཞལ་འདེབས་གནང་བ་མ་ཟད། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ལས་བྱེད་ཡོངས་ཀྱིས་ཉིན་གཅིག་གི་གསོལ་ཕོགས་བསྡུ་རུབ་ཀྱིས་ཐབས་རྩར་ཞལ་འདེབས་གནང་རྒྱུ་ཡིན་པ་བཀའ་བསྩལ་འདུག དེ་རིང་སྔ་དྲོ་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་ Narendra Modi མཆོག་ལ་ཕྱག་ཡིག་ཅིག་ཕུལ་ཏེ་སྲིན་བློན་མཆོག་གིས་ཐབས་བརྒྱ་ཇུས་སྟོང་གིས་རྒྱ་གར་གྱི་ནང་དུ་རྒྱ་ནག་ཝུ་ཧན་གྱི་ཏོག་དབྱིབས་རིམས་ནད་ལ་སྔོན་འགོག་གནང་བཞིན་པར་རྒྱབ་སྐྱོར་མཛད་འདུགའཚམས་འཕྲིན་དེའི་ནང་མགོན་པོ་༸གང་ཉིད་མཆོག་གིས་གོ་ལ་འདིའི་འགྲོ་བ་སྤྱི་ཡོངས་ལ་གོད་ཆག་ཆེན་པོ་ཕོག་པར་གདོང་ལེན་གྱིས་ཐབས་ཤེས་བྱེད་རྒྱུར་རྗེས་སུ་ཡི་རངས་ཞུ་བཞིན་ཡོད་པ་དང་། སྲིད་བློན་མཆོག་གིས་ལྷོ་ཨ་ཤ་ཡིའི་ཁུལ་གྱི་རྒྱལ་ཁབ་ཁག་དང་མཉམ་འབྲེལ་གྱིས་ཛ་དྲག་གི་མ་དངུལ་ཆེད་འཛུགས་དང་གནས་ཚུལ་བརྗེ་ལེན། ཤེས་ཡོན་དང་འཇོན་རྩལ་སོགས་བརྒྱུད་ནས་རིམས་ནད་ཁྱབ་བརྡལ་ལ་སྔོན་འགོག་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཀའ་བསྩལ་བ་དང་སྦྲགས། འདི་ལྟ་བུའི་མཉམ་ལས་ཀྱི་རིགས་འདིས་མ་འོངས་པའི་དུས་སྐབས་སུ་ཡང་ཐེངས་འདིའི་དཀའ་ངལ་དང་འདྲ་བའི་དུས་སྐབས་སུ་གདོང་ལེན་གནང་ཕྱོགས་མིག་དཔེ་བཟང་པོ་ཞིག་བསྐྲུན་ཡོད་ཅེས་བཀའ་བསྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་ཐེངས་འདིའི་རིམས་ནད་ཁྱབ་བརྡལ་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་ཡོད་པར་བཀའ་གནང་སྟེ། ༸གང་ཉིད་མཆོག་གིས་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་གིས་ PM cares fund ཞེས་པའི་སྲིད་བློན་མཆོག་གི་ཐེབས་རྩར་ངལ་སེལ་གྱི་ཞལ་འདེབས་གང་འཚམས་ཤིག་གནང་རྒྱུ་ཡིན་པར་ཡོངས་གྲགས་གནང་བ་དང་འབྲེལ། ༧དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ལས་བྱེད་ཡོངས་ཀྱིས་ཀྱང་ཉིན་གཅིག་གི་གསོལ་ཕོགས་བསྡུ་རུབ་ཀྱིས་ཐེངས་འདིའི་སྲིད་བློན་མཆོག་གི་ཛ་དྲག་གི་མ་དངུལ་གསོག་སྒྲུབ་ཀྱི་ལས་གཞི་དེར་ཞལ་འདེབས་སུ་འབུལ་རྒྱུ་ཡིན་པར་བཀའ་བསྩལ་འདུགགཞན་ཡང་མགོན་པོ་གང་གིས་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་གྱི་ཁྲོད། འཛམ་གླིང་གི་ས་ཕྱོགས་གང་སར་མི་མང་གི་བྱེད་ལས་དང་འགྲོ་འདུག་ལ་སྟངས་འཛིན་བྱེད་དགོས་པའི་དུས་སྐབས་ཤིག་ཤར་བའི་མཇུག་འབྲས་སུ་མི་མང་པོ་ཞིག་གི་འཚོ་གནས་བརླགས་ཏེ་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། སྒོས་སུ་གཏན་འཇགས་ཀྱི་ཡོང་འབབ་ཡག་པོ་མེད་པའི་མི་རྣམས་ལ་དཀལ་ངལ་འཕར་མ་ཞིག་འཕྲད་ཀྱི་ཡོད་སྟབས། སྲིད་བློན་མཆོག་གི་ཐེབས་རྩ་གཙོས་པའི་ཁེ་མེད་ཀྱི་ཐེབས་རྩ་ཁང་རྣམས་ཀྱིས་དཀའ་ངལ་ཁྲོད་ཀྱི་མི་རྣམས་ལ་རོགས་སྐྱོར་གནང་ཐུབ་པར་ཐུགས་རེ་གནང་གི་ཡོད་ཅེས་བཀའ་བསྩལ་འདུགམཇུག་ཏུ་མགོན་པོ་མཆོག་གིས་རྒྱ་གར་དབུས་གཞུང་གིས་རིམས་ནད་ཁྱབ་བརྡལ་སྔོན་འགོག་ལ་དམིགས་པའི་བྱེད་ལས་དེར་ཡིད་ཆེས་བརྟན་པོ་ཡོད་པ་དང་དེ་བཞིན་མགོན་པོ་མཆོག་གིས་རིམས་ནད་དེ་ཁྱབ་བརྡལ་མི་འགྲོ་བའི་ཐུགས་སྨོན་མཛད་འདུག

ཏོག་དབྱིབས་རིམས་ནད་སྔོན་འགོག་དང་འབྲེལ་བའི་རྒྱ་ནག་གིས་བཟོས་པའི་ཅ་དངོས་རྣམས་ལ་ངོས་ལེན་གནང་མི་འདུག

རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ Covid 19 འམ་ཏོག་དབྱིབས་རིམས་ནད་དེ་ད་ཆ་འཛམ་བུ་གླིང་གི་རྒྱལ་ཁབ་ ༡༩༠ ལྷག་ནང་ཁྱབ་གདལ་ཆེས་ཆེར་དུ་འགྲོ་བཞིན་པའི་ཁྲོད་འདིར་འགོས་ཁྱབ་སླ་བའི་ནད་དུག་སྔོན་འགོག་སླད་རྒྱལ་ཁབ་མང་པོའི་ནང་ཁ་རས་དང་དུག་སེལ། དེ་བཞིན་གཉན་རིམས་བརྟག་དཔྱད་གནང་རྒྱུའི་མཁོ་ཆས་རྣམས་ཉུང་དྲག་རྐྱེན་མ་འདང་བའི་ངལ་བ་ཆེས་ཆེ་བའི་གནས་སྟངས་སུ་གྱུར་ཡོད་ཀྱང་། ཡོ་རོབ་རྒྱལ་ཁབ་གཙོ་བོར་གྱུར་པའི་གཞན་ཁག་གཅིག་གིས་རྒྱ་ནག་གིས་བཟོས་པའི་རིམས་ནད་བརྟག་དཔྱད་དང་འབྲེལ་བའི་ཅ་དངོས་རྣམས་ལ་ངོས་ལེན་གནང་མེད་པ་རེད་འདུགཁ་སང་ BBC གསར་ཁང་གཙོས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ཚེ་ཡོ་རོབ་རྒྱལ་ཁབ་སེ་པིན་དང་ཊར་ཀི། དེ་བཞིན་ནི་ཐ་ལན་ཌི་སོགས་ཀྱིས་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་བརྟག་དཔྱད་གནང་རྒྱུའི་མཁོ་ཆས་ཅ་དངོས་དང་ཁ་རས་རྣམས་སྤུས་ཚད་ལེགས་པོ་མེད་པར་བརྗོད་འདུག ལྷག་པར་དུ་རེས་གཟའ་སྤེན་པའི་ཉིན་ Dutch འཕྲོད་བསྟེན་ལས་ཁུངས་ཀྱིས་ཟླ་ ༣ ཚེས་ ༢༡ ཉིན་རྒྱ་ནག་ནས་བྱུང་བའི་ཁ་རས་འབུམ་དྲུག་ལྷག་དེ་གའི་སྨན་ཁང་ཁག་ཏུ་བགོ་འགྲེམས་གནང་འདུག་ཀྱང་། ཁ་རས་དེ་དག་གཉན་རིམས་སྔོན་འགོག་སླད་འོས་འཚམས་པ་མེད་པ་ཤེས་རྟོགས་བྱུང་བར་བརྟེན་ཁ་རས་དེ་དག་བེད་སྤྱོད་གནང་རྒྱུ་དང་འཕྲོད་བསྟེན་གྱི་འབྲེལ་ཡོད་ལས་བྱེད་ཚོར་བགོ་འགྲེམས་གནང་མཚམས་བཞག་འདུག གཞན་ཡང་སེ་པེན་གཞུང་གིས་ཀྱང་རྒྱ་ནག་གི་བཟོ་ཚོང་ཁང་ནས་རིམས་ནད་བརྟག་དཔྱད་བྱེད་རྒྱུའི་ཅ་དངོས་སྟོང་ཕྲག་མང་པོ་མངགས་ཡོད་པ་དེ་དག་ཁྲོད་ཁྲི་དྲུག་མན་ཙམ་ཞིག་ནད་པར་ཏོག་དབྱིབས་ནད་དུག་ཕོག་ཡོད་མེད་ཤེས་ཐུབ་ཀྱི་མེད་པ་ཤེས་རྟོགས་བྱུང་བ་དང་ཆབས་ཅིག་ཏུ་རེས་གཟའ་ཕུར་བུའི་ཉིན་སི་པེན་གྱི་གྲོང་ཁྱེར་མེཌ་རིཌ་ལ་རིམས་ནད་བརྟག་དཔྱད་ཀྱི་ཅ་དངོས་ ༨༠༠༠ ལྷག་གཏང་རྒྱུ་ཕྱིར་འཐེན་དང་དེ་བཞིན་ཅ་དངོས་སྟོང་ཕྲག་མང་པོ་ཞིག་རྒྱ་ནག་གི་བཟོ་བསྐུན་ཁང་ལ་ཕྱིར་སློག་གནང་འདུག མེཌ་རིཊ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་སི་པེན་ནས་ཅ་དངོས་དེ་དག་མངགས་ཉོ་བྱེད་སའི་རྒྱ་ནག་བཟོ་ཚོང་ཁང་ Shenzhen Bioeasy Biotechnology ཞེས་པ་དེ་རྒྱ་ནག་གཞུང་ནས་སྨན་དང་འབྲེལ་ཡོད་ཅ་དངོས་ཚོང་འགྲེམས་བྱ་བར་ཆོག་མཆན་སྤྲད་མེད་པར་བརྗོད་འདུག དེ་དང་ཕྱོགས་མཚུངས་ཊར་ཀིས་ཀྱང་རྒྱ་ནག་ནས་བྱུང་བའི་རིམས་ནད་དེར་བརྟག་དཔྱད་གནང་རྒྱུ་དང་འབྲེལ་བའི་ཅ་དངོས་འབུམ་གསུམ་ལྷག་ཞིག་ཚད་ལྡན་ཡོད་པར་བརྗོད་ཡོད་ཀྱང་མང་པོ་ཞིག་ནད་པར་ནད་ཕོག་ཡོད་མེད་བརྟག་དཔྱད་ཚད་ལྡན་ཞིག་གནང་ཐུབ་ཀྱི་མེད་པ་བརྗོད་འདུགརྒྱ་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Hua Chunying ཡིས་རྒྱ་ནག་ནང་ནད་ཡམས་ཐོག་མར་དར་བའི་སྐབས་རྒྱལ་ཁབ་གཞན་ནས་རོགས་སྐྱོར་ཚུལ་དུ་ཅ་དངོས་འབྱོར་བ་རྣམས་རྒྱ་ནག་གི་ཚད་གཞི་དང་མཐུན་གྱི་མེད་ཀྱང་རྒྱ་ནག་ནས་རྒྱལ་ཁབ་གཞན་གྱི་མཐུན་འབྲེལ་ལ་ཡིད་ཆེས་དང་གུས་བརྩི་ཞུས་ཡོད་པ་བརྗོད་འདུག གཞི་རྩའི་སི་པིན་ནི་ཨི་ཊ་ལི་རྗེས་སུ་རིམས་ནད་ཕོག་མཁན་གྱི་ཡོ་རོབ་རྒྱལ་ཁབ་གཉིས་པ་དེ་ཆགས་ཀྱི་ཡོད་པ་དང་། སི་པེན་ནང་ད་ཆ་རིམས་ནད་དེ་རྐྱེན་མི་ ༧༠༠༠ ལྷག་འདས་གྲོངས་སུ་གྱུར་ཡོད་པར་མ་ཟད་མི་གྲངས་ ༨༥༠༠༠ ལྷག་ལ་གཉན་རིམས་དེ་ཕོག་ཡོད་པ་རེད།  

ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་དམིགས་བསལ་གསུང་འཕྲིན།

རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་གདལ་བྱུང་བའི་ Covid-19 འམ་ཏོག་དབྱིབས་རིམས་ནད་དེ་ད་ལྟའི་ཆར་རྒྱལ་སྤྱིའི་རྒྱལ་ཁབ་ཁྱོན་ཡོངས་སུ་དར་ཁྱབ་ཆེས་ཆེར་འགྲོ་བཞིན་པར་མ་ཟད། ལྷག་པར་དུ་རྒྱ་གར་ནང་ལ་རིམ་བཞིན་རིམས་ནད་དེ་ཕོག་མཁན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་པའི་དུས་སྐབས་འདིར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་འབྲེལ་དམིགས་བསལ་ལམ་སྟོན་གྱི་གསུང་འཕྲིན་ཞིག་བསྩལ་འདུགགསུང་འཕྲིན་དེའི་ནང་དུ་མགོན་པོ་༧གང་ཉིད་མཆོག་གིས་དེང་སང་འཛམ་གླིང་གང་སར་ནད་ཡམས་ཀྱི་དཀའ་ངལ་དམིགས་བསལ་ཞིག་འཕྲད་མུས་དང་། སྤྱིར་ནས་འཛམ་གླིང་སྤྱིའི་གནམ་གཤིས་ཚ་དྲོད་འགྱུར་ལྡོག་གི་གནས་བབ་ཛ་དྲག་ཏུ་གྱུར་པ་སོགས་དཀའ་ངལ་སྣ་ཚོགས་ཤིག་འཕྲད་བཞིན་ཡོད།འོན་ཀྱང་རྒྱ་གར་གཞུང་གིས་མཚོན་འཛམ་གླིང་གང་ས་ནས་གདོང་ལེན་གནང་མུས་ལ་ཡི་རང་དང་བསྔགས་བརྗོད་ཞུ། རྒྱ་གར་གནའ་རབས་ཀྱི་རིག་གཞུང་ནང་འཛམ་གླིང་བྱེ་བ་ཕྲག་བརྒྱ་ཆགས་གནས་འཇིག་སྟོང་བར་མ་ཆད་དུ་བྱུང་དང་འབྱུང་མུས་དང་། འཇིག་རྟེན་འདི་འཇིག་པ་ན་མཚོན་དང་ནད་དག་གིས་འཇིག་པར་ཡང་གསུངས་པ་དེ་དག་ནི་ད་ཆར་མངོན་སུམ་ལྟ་བུར་སྣང་། གང་ལྟར་ཡང་འཇིག་རྟེན་འདིར་གོད་ཆགས་སྣ་ཚོགས་འབྱུང་བའི་སྐབས་སོ་སོར་སྲོག་ཆགས་སྤྱི་དང་། མིའི་རིགས་ཀྱིས་གདོང་ལེན་གྱིས་མུ་མཐུད་འཚོ་བཞིན་ཡོད། ཞུམ་པས་སྡུག་བསྔལ་ལས་མི་གྲོལ་བས་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་སྙིང་སྟོབས་བསྐྱེད་དེ་མིའི་རྣམ་དཔྱོད་དང་། དེང་དུས་རིག་འཕྲུལ་ཟུང་འབྲེལ་གྱིས་སེལ་ཐབས་བྱེད་དགོས། ཅི་སྟེ་སེལ་དུ་མེད་པའི་དཀའ་ངལ་ཞིག་འཕྲད་ནའང་། གལ་ཏེ་བཅོས་སུ་ཡོད་ན་ནི།། དེ་ལ་མི་དགར་ཅི་ཞིག་ཡོད།། གལ་ཏེ་བཅོས་སུ་མེད་ན་ནི།། དེ་ལ་མི་དགར་བྱས་ཅི་ཕན།། ཞེས་པ་ལྟར་ཡིན་པས་དངངས་སྐྲག་བྱ་དགོས་མེད། ནད་ཡམས་ནི་མིའི་རིགས་སྤྱི་ལ་འཕྲད་པའི་དཀའ་ངལ་ཞིག་དང་། འཛམ་གླིང་འདི་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་སྟབས་ཚང་མས་ནུས་པ་མཉམ་སྤུངས་བྱ་དགོས། སྤྱིར་སྤྱི་སྒེར་ཀུན་གྱིས་སྔོན་འགོག་ལ་ཧུར་ཐག་དང་། རིམས་ནད་འདི་འགོག་སླད་རྒྱལ་ཁབ་དུ་མས་མཉམ་ལས་དང་། རང་རེ་གནས་ཡུལ་རྒྱ་གར་ནས་ཀྱང་ཁྱིམ་མཚེས་རྒྱལ་ཁབ་བརྒྱད་དང་མཉམ་ལས་བྱ་འཆར་དེ་དག་ནི་ཆེས་དགོས་གལ་དུ་མཐོང་། སླད་མར་དཀའ་ངལ་གཞན་སེལ་བ་ལའང་མིག་དཔེར་འོས་པ་ཞིག་ཏུ་མངོན། དུས་འདིར་ང་ཚོས་སྣང་མེད་དུ་ཤོར་མི་རུང་བ་ཞིག་ནི། ད་ཐེངས་ནད་ཡམས་སྔོན་འགོག་གི་རྐྱེན་པས་བཟོ་པ་སོགས་དང་འཚོ་རྟེན་ངེས་མེད་ཀྱི་ཉམ་ཐག་རྣམས་ལ་དཀའ་ངལ་འཕར་མ་འཕྲད་པར་ཀུན་གྱིས་ཡིད་གཟབ་ལྟ་སྐྱོང་ལྷོད་མེད་ཡོང་བ་དང་། དཀའ་ངལ་ཆེན་པོ་ཞིག་ལ་གདོང་ལེན་གནང་བཞིན་པའི་སྨན་པ་དང་སྨན་ཞབས་སོགས་འབྲེལ་ཡོད་ལས་བྱེད་ཀུན་ལའང་དམིགས་བསལ་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་བ་དང་ཆབས་ཅིག འཛམ་གླིང་ས་ཕྱོགས་གང་སར་དཀའ་ངལ་གྱི་གནས་སུ་ལྷུང་བའི་མཆེད་གྲོགས་ཕོ་མོ་རྣམས་ལ་དེ་བས་གདུང་སེམས་མཉམ་བསྐྱེད་དང་། ནད་ཡམས་འདི་མྱུར་དུ་ཆད་ནས་འཛམ་གླིང་སྔར་བཞིན་བདེ་སྐྱིད་དང་ལྡན་པར་ཡོང་བའི་རེ་བ་དང་གསོལ་འདེབས་སྨོན་ལམ་རྟག་ཏུ་བྱེད་མུས་བཅས་ཏཱ་ལའི་བླ་མས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༣༠  ཉིན་ལ་ཞེས་གཉན་རིམས་དང་འབྲེལ་བའི་དམིགས་བསལ་གསུང་འཕྲིན་བསྩལ་ཡོད་པ་རེད།

Latest news