Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཐོག་བོད་ནང་གི་གནས་སྟངས་གླེང་བ།

ཁ་སང་རྒྱལ་སྤྱིའི་ཆོས་དད་རང་དབང་མཐུན་སྒྲིལ་ལྷན་ཚོགས་ཐོག་བོད་ཀྱི་སྐུ་ཚབ་ཀྱིས་གཙོས་པའི་འཛམ་གླིང་རྒྱལ་ཁབ་འདྲ་མིན་ ༣༢ ཙམ་གྱི་སྐུ་ཚབ་ནས་མཉམ་ཞུགས་གནང་སྟེ་ རྒྱལ་ཁབ་སོ་སོའི་ནང་གི་ཆེས་ཞན་པའི་ཆོས་དད་རང་དབང་གི་གནས་སྟངས་གླེང་གནང་འདུགཁ་སང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་  Sam Brownback མཆོག་གིས་གཙོ་སྐྱོང་གནང་ཐོག་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གནས་སྟངས་ཐོག་རྒྱལ་སྤྱིའི་ཆོས་དད་རང་དབང་མཐུན་སྒྲིལ་ཚོགས་འདུ་ཐེངས་གསུམ་པ་ཚོགས་འདུག་པ་དང་། དེའི་ནང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཕྱག་བསྟར་ངེས་སྟོན་པ་དགའ་ལྡན་ཁྲི་ཐོག་གི་དྲུང་ཆེ་ཤར་རྩེ་མཁན་ཟུར་དགེ་བཤེས་བྱང་ཆུབ་ཆོས་ལྡན་ལགས་ཀྱིས་གཙོས་པའི་ཇིའུས་དང་ཁ་ཆེ། ཡི་ཤུ་ཆོས་ལུགས་སོགས་འཛམ་གླིང་རྒྱལ་ཁབ་འདྲ་མིན་ ༣༢ ཙམ་གྱི་སྐུ་ཚབ་ནས་མཉམ་ཞུགས་ཀྱིས་སྒེར་སོ་སོའི་ཉམས་ཞིབ་གནང་བའི་གཟིགས་ཕྱོགས་དང་མྱོང་བ་བརྒྱུད་གང་ཟག་གཅིག་གི་ཆོས་དད་རང་དབང་ལོངས་སུ་སྤྱོད་རྒྱུར་འགོག་རྐྱེན་གསར་པ་ཇི་ཡོད་པ་དང་དེ་འབྲེལ་འགོག་རྐྱེན་ཁག་མེད་པར་བཟོ་ཐབས་གང་དག་གནང་རྒྱུ་ཡོད་པ། དེར་རྒྱལ་སྤྱིའི་སྒྲིག་འཛུགས་དང་ཚོགས་པ་ཁག་གི་རྒྱབ་སྐྱོར་གནང་ཕྱོགས་བཅས་ཀྱི་དྲི་བ་གསུམ་ཆེད་འདོན་གནང་ཐོག་ཕན་ཚུན་དབར་བགྲོ་གླེང་གནང་འདུགསྐབས་དེར་དགེ་བཤེས་བྱང་ཆུབ་ཆོས་ལྡན་ལགས་ཀྱིས་བོད་ནང་གི་ཆེས་ཞན་པའི་ཆོས་དད་རང་དབང་གི་གནས་སྟངས་སྐོར་ངོ་སྤྲོད་དང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་བཞིན་པའི་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་བརྒྱུད་ནས་འཛམ་གླིང་ཡོངས་ལ་བྱམས་བརྩེ་གོང་འཕེལ་གནང་རྒྱུ་དང་། དེ་ནི་འཛམ་གླིང་ནང་འཕྲད་བཞིན་པའི་འགྲོ་བ་མིའི་དབར་དབྱེ་འབྱེད་ཀྱི་རྣམ་པ་ཡོངས་རྫོགས་དང་དམའ་འབེབས་སོགས་ཀྱི་ངལ་བ་སེལ་ཐབས་བཟང་ཤོས་དེ་རེད་སོགས་གསུངས་འདུག ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་ Samuel Brownback ལགས་ཀྱིས་ཐེངས་འདིར་མཉམ་ཞུགས་བ་ཡོངས་ནས་རང་ཉིད་ཀྱི་མྱོང་བ་ཁག་ལ་གཞིགས་པའི་དགོངས་ཚུལ་བརྗེ་རེས་ཀྱིས་རྒྱལ་སྤྱིའི་ཆོས་དད་རང་དབང་ཡར་རྒྱས་གཏོང་ཕྱོགས་ཐད་བགྲོ་གླེང་ལྷུག་པོ་གནང་བར་བསྔགས་བརྗོད་གནང་སྟེ། ཁོང་རིང་མིན་ལས་གནས་འདི་ནས་འཕོ་འགྱུར་རྗེས་དེ་འབྲེལ་སྐུ་ཚབ་གསར་པ་ཞིག་ཕེབས་ཀྱི་ཡོད་སྟབས་སྐུ་ཚབ་དེས་ཀྱང་རྒྱལ་སྤྱིའི་ཆོས་དད་རང་དབང་མཐུན་སྒྲིལ་ལྷན་ཚོགས་འདི་མུ་མཐུད་རྒྱུན་སྐྱོང་བའི་ཡིད་ཆེས་ཡོད་སྐོར་གསུངས་པ་དང་ཆབས་ཅིག ཚོགས་འདུ་འདི་ནི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གནས་བབ་ཡར་རྒྱས་གཏོང་ཕྱིར་གལ་གནད་ཆེན་པོ་ཆགས་ཡོད་པར་ནན་སྐུལ་གནང་ཡོད།རྩ་བའི་རྒྱལ་སྤྱིའི་ཆོས་དད་རང་དབང་མཐུན་སྒྲིལ་ལྷན་ཚོགས་འདི་སྐུ་ཞབས་ Sam Brownback མཆོག་གིས་སྣེ་ཁྲིད་པའི་འོག་ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༢ ནང་གསར་འཛུགས་གནང་བ་ཞིག་དང་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱི་ནུས་པ་མཉམ་དཔུང་ཐོག་ཆོས་དད་རང་དབང་ལ་དམ་དྲག་བྱེད་མཁན་དག་ལ་གདོང་ལེན་དང་གཉའ་གནོན་མྱོང་མཁན་རྣམས་ སྲུང་སྐྱོབ་དང་འཛམ་གླིང་ཁྱོན་ལ་ཆོས་དད་རང་དབང་གོང་འཕེལ་གཏང་ཕྱིར་གསར་འཛུགས་གནང་བ་ཞིག་རེད། ཕྱི་ལོ་ ༢༠༡༩ ལོར་མཐུན་སྒྲིལ་གསར་འཛུགས་དང་འབྲེལ་ཚོགས་འདུ་ཐེངས་དང་པོའི་ཐོག་ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Mike Pompeo མཆོག་ཆེད་ཕེབས་ཀྱིས་ཨ་རི་གཞུང་གིས་རྒྱལ་སྤྱིའི་ཆོས་དད་རང་དབང་མཐུན་སྒྲིལ་དེ་འཛམ་གླིང་ཁྱོན་ཡོངས་སུ་ཆོས་དད་རང་དབང་གོང་འཕེལ་ཐད་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པར་ངོས་འཛིན་གནང་བཞིན་ཡོད་པ་སོགས་གསུངས་ཡོད་པར་མ་ཟད། སྔ་ལོར་རྒྱལ་སྤྱིའི་ཆོས་དད་རང་དབང་མཐུན་སྒྲིལ་ལྷན་ཚོགས་ཐེངས་གཉིས་པའི་ཐོག་བོད་ནང་གི་ཆེས་ཞན་པའི་ཆོས་དད་རང་དབང་གི་གནས་སྟངས་གླེང་ཡོད་པ་རེད།

ཨ་རིས་ཤིན་ཅང་ས་ཁུལ་ནས་སྲིན་བལ་གྱིས་བཟོས་པའི་ཐོན་སྐྱེད་རྣམས་བཀག་སྡོམ།

ཁ་སང་ཨ་རིའི་ནང་སྲིད་བདེ་འཇགས་ལྷན་ཁང་གི་ཁྱབ་ཁོངས་ Customs and Border Protection ཞེས་ཕྱི་ཚོང་སྒོ་ཁྲལ་དང་མཐའ་མཚམས་སྲུང་སྐྱོབ་སྡེ་ཚན་གྱིས་ཨ་རི་རྒྱལ་ཡོངས་སུ་བཀོད་ཁྱབ་ཅིག་བཏང་ནས་ཤིན་ཅང་ས་ཁུལ་ནས་ སྲིན་བལ་གྱིས་བཟོས་པའི་ཐོན་སྐྱེད་སྤྱི་དང་སྒོས་བླ་མ་དམར་རི་འམ་ Tomato སོགས་བཟའ་ཆས་ཀྱི་ཐོན་སྐྱེད་ཁག་ཅིག་ཨ་རིར་ནང་འདྲེན་གནང་རྒྱུར་བཀག་སྡོམ་གནང་རྒྱུ་ཡིན་ཞེས་གསུངས་འདུག ཨ་རིའི་ཕྱི་ཚོང་སྒོ་ཁྲལ་དང་མཐའ་མཚམས་སྲུང་སྐྱོབ་སྡེ་ཚན་གྱིས་འདས་པའི་ཟླ་ཤས་ནང་ཤིན་ཅང་ཁུལ་གྱི་ངལ་རྩོལ་བའི་ཐོབ་ཐང་སོགས་ཀྱི་ཐོག་ཞིབ་འཇུག་གནང་སྐབས་རྒྱ་ནག་གཞུང་ནས་ཁུལ་དེར་འཛིན་བཟུང་བཀག་སྐྱིལ་བྱེད་བཞིན་པའི་ཁ་ཆེའི་གྲངས་ཉུང་མི་རིགས་རྣམས་ས་གནས་སུ་ཆེད་འཛུགས་བྱས་པའི་རྒྱ་ནག་གི་བཟོ་གྲྭ་དང་ཞིང་ལས་སོགས་ཀྱི་ལས་རིགས་འདྲ་མིན་ནང་བཙན་འདེད་དང་དབང་གནོན་ཐོག་ནས་ལས་ཀ་བྱེད་བཅུག་པ་མ་ཟད། ངལ་རྩོལ་བ་རྣམས་ལས་དགོས་ངེས་ཀྱི་མཐུན་རྐྱེན་དང་གླ་ཕོགས་སོགས་ཚད་ལྡན་སྤྲོད་ཀྱི་མེད་པ་ཤེས་རྟོགས་བྱུང་ཡོད་སྟབས་ཨ་རི་སྲིད་གཞུང་གིས་ཤིན་ཅང་ཁུལ་གྱི་ངལ་རྩོལ་བའི་རང་དབང་སྲུང་ཐུབ་ཐབས་ལ་དམིགས་ཏེ་ཁ་སང་ཕྱི་ཚེས་ ༡༣ ནས་དབུ་འཛུགས་ཀྱིས་ཨ་རིའི་ཚོང་ལས་སྡེ་ཚན་སྒེར་གཉེར་སུ་འདྲ་ཞིག་ནས་ཀྱང་ཤིན་ཅང་ནང་གི་བཟོ་གྲྭ་ཁག་ནས་སྲིན་བལ་གྱིས་བཟོས་པའི་རས་ཆ་དང་གྱོན་ཆས་སོགས་ཀྱི་ཐོན་སྐྱེད་སྤྱི་དང་སྒོས་བླ་མ་དམར་རི་འམ་ Tomato སོགས་བཟའ་ཆས་ཀྱི་ཐོན་སྐྱེད་ཁག་ཅིག་ཨ་རིར་ནང་འདྲེན་གནང་རྒྱུར་བཀག་སྡོམ་གནང་རྒྱུ་ཡིན་ཞེས་གསུངས་འདུག ལྷག་པར་དུ་ཁ་སང་གི་བཀའ་ཁྱབ་ནང་ཨ་མི་རི་ཀའི་ནང་སྲིད་བདེ་འཇགས་ལྷན་ཁང་གི་དྲུང་གཞོན་ Ken Cuccinelli ལགས་ཀྱིས་ཨ་རིའི་ངོས་ནས་ངལ་རྩོལ་བའི་རང་དབང་བརྩི་མེད་རྡོག་རོག་གཏོང་བཞིན་པའི་བྱ་སྤྱོད་ཁག་ལ་བཟོད་བསྲན་རྩ་བ་གནང་ཐབས་མེད་པས་ཨ་རིའི་བཟོ་གྲྭ་དང་ཚོང་གི་སྡེ་ཚན། དེ་བཞིན་གང་ཟག་སྒེར་གཉེར་ཚང་མས་ངལ་རྩོལ་བའི་རང་དབང་ལ་བརྩི་སྲུང་ཞུས་ཏེ་རྒྱ་གཞུང་གི་གནོན་ཤུགས་འོག་ཤིན་ཅང་ས་ཁུལ་ནས་བཟོ་སྐྲུན་བྱས་པའི་ཐོན་སྐྱེད་ཁག་ནང་འདྲེན་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པ་དང་། ང་ཚོས་ད་རེས་གོ་སྐབས་འདི་བརྒྱུད་རྒྱ་ནག་གཞུང་ནས་ཤིན་ཅང་ཁུལ་དུ་གསར་རྒྱག་བྱས་པའི་བཀག་སྐྱིལ་ཁང་རྣམས་སྒོ་རྒྱག་དགོས་ཞེས་གསུངས་འདུགདེ་བཞིན་ལྷན་ཁང་དེའི་ཁྱབ་ཁོངས་སུ་ཡོད་པའི་ཕྱི་ཚོང་སྒོ་ཁྲལ་དང་མཐའ་མཚམས་སྲུང་སྐྱོབ་སྡེ་ཚན་གྱི་འགན་འཛིན་ Mark  Morgan ལགས་ནས་རྒྱ་ནག་གཞུང་གིས་ངལ་རྩོལ་བ་རྣམས་བཙན་དབང་ཐོག་ལས་ཀ་བྱེད་བཅུག་པr་མ་ཟད་ཁོང་རྣམ་པས་བཟོས་པའི་ཐོན་སྐྱེད་དེ་དག་ཨ་རིས་གཙོས་པའི་ཕྱིའི་རྒྱལ་ཁབ་ནང་རིན་གོང་མདའ་པོར་ཚོང་འགྲེམ་བྱེད་བཞིན་པ་དེས་ངལ་རྩོལ་བའི་རང་དབང་དང་ཨ་རིས་གཙོས་པའི་རྒྱལ་སྤྱིའི་ཚོང་གི་གནས་བབ་ལ་དོ་ཕོག་དང་། མང་ཚོགས་ཅ་དངོས་ཉོ་མཁན་རྣམས་ལ་ཡང་མགོ་སྐོར་བཏང་བ་ཞིག་རེད་ཅེས་གསུངས་འདུག གཞི་རྩའི་ཨ་རིའི་ནང་སྲིད་དང་བདེ་འཇགས་ལྷན་ཁང་ནས་ཐག་གཅོད་གནང་་དེ་ནི་ད་རེས་གློ་བུར་དུ་གནང་བ་ཞིག་མིན་པར་ལྷན་ཁང་དེས་དེ་སྔ་ཕྱི་ཟླ་ ༧ དང་ ༡༢ བཅས་སུ་གནད་དོན་དེ་དང་འབྲེལ་ཨ་རིའི་ཚོང་གི་སྡེ་ཁག་དང་ཤིན་ཅང་ཁུལ་དུ་ཆེད་འཛུགས་བྱས་པའི་རྒྱ་ནག་གི་བཟོ་གྲྭ་ཁག་ལ་བརྡ་ལན་ཐེངས་གཉིས་བཏང་ཟིན་ཡོད་པ་དང་། སྔ་ལོའི་ཕྱི་ཟླ་ ༧ དང་ ༨ ནང་།  Department of the Treasury ཞེས་ཨ་རིའི་ནོར་སྲིད་སྤྱི་ཁྱབ་ལྷན་ཁང་གིས་ཀྱང་ཤིན་ཅང་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ཏེ་རྒྱ་ནག་གིས་ཤིན་ཅང་ནང་ཚོང་དང་དཔུང་དམག་གི་ལས་དོན་རྒྱ་སྐྱེད་སླད་ཆེད་འཛུགས་བྱས་པའི་ Xinjiang Production and Construction Corps ལྟེ་གནས་ཁང་དང་། Nanchang O-Film Tech དེ་བཞིན་ Esquel Textile Ltd སོགས་ཤིན་ཅང་ནང་ཡོད་པའི་རྒྱ་ནག་གི་ཚོང་ལས་སྡེ་ཚན་ ༡༡ དངོས་སུ་མིང་འདོན་གྱིས་དེ་དག་ཨ་རི་ནང་ཡོད་པའི་ཚོང་ལས་སྡེ་ཚན་ཁག་དང་འབྲེལ་བ་བྱེད་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པ་རེད། ཁ་ཉིན་རེས་གཟའ་མིག་དམར་ཉིན་དབྱིན་ཡུལ་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Dominic Raab ལགས་ཀྱིས་ཀྱང་ཡུལ་དེའི་གྲོས་ཚོགས་སུ་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ལྷག་པར་དུ་རྒྱ་གཞུང་གིས་ཁུལ་དེར་ཡོད་པའི་ཁ་ཆེས་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ལ་བཙན་འདེད་ཐོག་ངལ་རྩལ་གྱི་ལས་རིགས་བྱེད་བཅུག་པ་དང་འབྲེལ། དབྱིན་ཡུལ་གཞུང་གིས་དབྱིན་ཡུལ་གྱི་ཚོང་ལས་སྡེ་ཁག་རྣམས་ཤིན་ཅང་ནང་ཡོད་པའི་རྒྱ་ནག་གི་ཚོང་ལས་སྡེ་ཚན་ཁག་དང་ངན་པ་ལག་སྦྲེལ་གནང་རྒྱུ་མེད་པ་དང་། གལ་སྲིད་དེ་ལྟར་གནང་ཚེ་ཉེས་ཆད་བཀལ་རྒྱུ་ཡིན་ཞེས་གསུངས་འདུག  ཕྱི་སྲིད་བློན་ཆེན་མཆོག་གིས་རྒྱ་ནག་གཞུང་གིས་ཤིན་ཅང་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་དེར་ངོས་ལེན་གནང་ཐབས་མེད་ཅེས་གསུངས་པ་དང་ཆབས་ཅིག རྒྱལ་ཚོགས་ཀྱི་སྐུ་ཚབ་མི་སྣས་ཤིན་ཅང་ནང་གི་དངོས་ཡོད་གནས་སྟངས་གང་རྟོག་ཞིབ་སླད་ཕེབས་ཐབས་གནང་དགོས་པ་གསུངས་འདུག

གཉན་རིམས་ལ་ལྟོས་མེད་རྒྱལ་ཚོགས་མདུན་དུ་བོད་དོན་ལས་འགུལ་རྒྱུན་སྐྱོང་།

གཉན་རིམས་ལ་ལྟོས་མེད་འདི་ག་སུད་སུ་དུ་གནས་སྡོད་བོད་མི་ཁྱིམ་ཚང་ལྔས་ཇི་ནི་ཝའི་རྒྱལ་ཚོགས་མདུན་ཐང་དུ་དང་བླངས་ཐོག་སྤེལ་བཞིན་ཡོད་པའི་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་དང་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་དེ་མུ་མཐུད་རྒྱུན་སྐྱོང་གནང་ནས་ཁ་སང་ཕྱི་ཚེས་ ༡༣ སྟེ་རེས་གཟའ་ལྷག་པའི་ཉིན་ཁོང་རྣམས་ཀྱིས་ལས་འགུལ་ཐེངས་ ༡༠༨ དེ་སྤེལ་ཡོད་པ་རེད།ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་སུད་སི་གནས་སྡོད་བོད་མི་སྟག་ཚང་དཀོན་མཆོག་ལགས་དང་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ཁྱིམ་ཚང་གཉིས་ཀྱིས་བོད་དོན་ལས་འགུལ་དེ་དབུ་འཛུགས་གནང་ཡོད་པ་དང་། ད་ཆར་སྟག་ཚང་དཀོན་མཆོག་ལགས་ཀྱི་ཁྱིམ་ཚང་གཙོས་འདི་གར་གནས་སྡོད་མདུན་ཆུ་ཚེ་རིང་རྒྱལ་པོ་ལགས་དང་ངག་དབང་ཚང་ངག་དབང་དཔལ་ལྡན་ལགས། རྒྱལ་བ་ཚང་བཀྲིས་ལྷ་མོ་ལགས། དེ་བཞིན་ཡེ་ཤེས་ལྷ་མོ་ལགས་བཅས་་ད་མི་ཁྱིམ་ཚང་ལྔས་རྒྱལ་ཚོགས་མདུན་དུ་ཟླ་རེའི་རེས་གཟའ་ལྷག་པ་གཉིས་པ་ནམ་ཡིན་ལ་བོད་དོན་ཞུ་གཏུག་ལས་སྤེལ་མུས་ཡིན་པ་རེད། ཁོང་རྣམས་ཀྱིས་ཕྱི་ལོ་གསར་ཚེས་དང་བསྟུན་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་དང་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་དང་པོ་དེ་ཁ་སང་ནས་དབུ་འཛུགས་གནང་ཡོད།སྤྱིར་ཁོང་རྣམ་པའི་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་དེ་གཙོ་བོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་ད་བར་རྒྱལ་ཚོགས་ནང་བཞག་པའི་བོད་དོན་གྲོས་ཆོད་ཁག་དོན་འཁོལ་ལག་བསྟར་དགོས་པ་དང། བོད་མི་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱིས་གཙོས་པའི་གཞིས་བཞུགས་བོད་མིའི་པའི་མངོན་འདོད་རྒྱལ་སྤྱིའི་ཐོག་བརྒྱུད་བསྒྲགས་གནང་རྒྱུ། བོད་ཡུལ་དེ་སྔར་བཞིན་རང་དབང་ལྡན་པའི་ཞི་བདེ་བག་ཕེབས་ཀྱི་ཡུལ་ཞིག་ཏུ་བསྐྲུན་རྒྱུ། ༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་དགོས་པ། བོད་མིའི་སྒྲིག་འཛུགས་དང་རྒྱ་གཞུང་དབར་ཐད་ཀར་ཞི་མོལ་དབུ་འཛུགས་ཀྱིས་བོད་ཀྱི་བདེན་དོན་སེལ་ཐབས་གནང་གལ་ཡིན་པ་སོགས་ཀྱི་དགོས་འདུན་དོན་ཚན་བརྒྱད་ཐོག་ད་བར་ལས་འགུལ་སྤེལ་བཞིན་ཡོད་པ་རེད། ཁོང་རྣམས་ཀྱིས་ལས་འགུལ་ནམ་སྤེལ་ལ་ཕྱི་ནང་གི་མང་ཚོགས་འདུ་འཛོམས་ཆེ་བའི་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ད་བར་བོད་ཕྱི་ནང་གཉིས་སུ་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་རྣམ་པའི་སྐུ་པར་དང་ཞལ་ཆེམས། བོད་ནང་གི་དངོས་ཡོད་གནས་སྟངས་གསལ་བའི་པར་རིས། དེ་བཞིན་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་རྣམ་ཐར་སོགས་བོད་དོན་དང་འབྲེལ་བའི་ཡིག་ཆ་བཅས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བཤམ་སྟོན་གྱིས་མཐའ་དཀྱིལ་དུ་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་གནང་མཁན་རྣམས་མཚོན་ཆེད་དུ་བོད་ཀྱི་རྒྱལ་དར་ཆུང་ཆུང་སྒྲེང་འཛུགས་གནང་སྟེ་ཕྱི་ནང་གི་མང་ཚོགས་ལ་བོད་ནང་གི་དངོས་བོད་གནས་སྟངས་བརྒྱུད་བསྒྲགས་གནང་བཞིན་ཡོད་པ་རེད།རྩ་བའི་བོད་དོན་ལས་འགུལ་བ་རྣམས་ཀྱིས་ད་བར་རྒྱལ་ཚོགས་མདུན་དུ་བོད་དོན་ལས་འགུལ་ཐེངས་ ༡༠༨ སྤེལ་བར་མ་ཟད་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་མཚན་བྱང་འོག་ཕྱི་ལོ་ ༢༠༡༡༌༡༢ ལོ་བཅས་སུ་སུད་སིར་བོད་དོན་ཞི་བའི་གོམ་བགྲོད་ལས་འགུལ་ཐེངས་གཉིས་དང། སུད་སི་གཞུང་དང་གྲོས་ཚོགས་སུ་འཐུས་མི། ས་གནས་སུ་ཡོད་པའི་རྒྱལ་ཁབ་ཁག་གཞུང་ཚབ་ལས་ཁུངས། དེ་བཞིན་ཡོ་རོབ་གྲོས་ཚོགས་སོགས་ལ་བོད་དོན་ཞུ་གཏུག་ལས་འགུལ་མང་དག་ཅིག་སྤེལ་ཡོད།

བོད་རིགས་སློབ་མ་རྣམས་རྒྱ་ནག་སྐམ་སར་བཏང་ནས་དམར་ཤོག་ཚོགས་པར་དགའ་ཞེན་བྱེད་མཁན་གྱི་མི་རབས་ཤིག་བསྐྲུན་ཐབས་བྱེད་བཞིན་པ་ཐེར་འདོན།

རྒྱ་ནག་གཞུང་གིས་བོད་ནང་གི་གནས་སྟངས་ཡར་རྒྱས་གཏང་རྒྱུར་ཁ་གཡར་ཏེ་ ༡༩༨༥ ལོ་ནས་བཟུང་བོད་རིགས་སློབ་མ་རྣམས་རྒྱ་ནག་སྐམ་ས་ཆེན་མོའི་གྲོང་ཁྱེར་ཆེ་ཁག་ཏུ་ཆེད་གཏོང་གིས་ཆབ་སྲིད་ཀྱི་སློབ་གསོ་སྤེལ་བ་བརྒྱུད་རྒྱ་ནག་དམར་ཤོག་གཞུང་ལ་དགའ་ཞེན་བྱེད་མཁན་གྱི་མི་རབས་ཤིག་བསྐྲུན་ཐབས་བྱེད་བཞིན་པ་ཡོད་པ་དང་། ད་ལྟའི་སྲིད་འཛིན་ཞི་ཅིན་ཕིང་གི་གཞུང་འཛིན་འོག་ལས་གཞི་དེ་སྔར་ལས་རྒྱ་སྐྱེད་གཏོང་བཞིན་པ་མངོན་གསལ་གནང་འདུག ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྙན་ཐོ་ཞིག་འདོན་སྤེལ་གནང་བར་རྒྱ་ནག་གཞུང་གིས་བོད་ནང་ཤེས་ཡོན་དང་དམིགས་བསལ་ལས་རིགས་ཀྱི་གནས་ཚད་ཞན་པོ་ཡོད་པ་དེ་དག་ཡར་རྒྱས་གཏང་རྒྱུ་དང་འབྲེལ། ཕྱི་ལོ་ ༡༩༨༥ ལོ་ནས་བཟུང་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་སྔོན་འགྲོའི་སློབ་མཐར་སོན་པའི་བོད་རིགས་སློབ་མ་ ༡༣༠༠ ཙམ་ལ་ལོ་ལྟར་རྒྱ་ནག་གི་ Tainjin དང་། Hubei དེ་བཞིན་ Henan དང་། Shanghai སོགས་རྒྱ་ནག་སྐམ་ས་ཆེན་མོའི་གྲོང་ཁྱེར་ཆེ་ཁག་ ༡༥ ཙམ་གྱི་ནང་སློབ་སྦྱོང་ཆེད་གཏོང་བཞིན་ཡོད་པ་དང་། ཕྱི་ལོ་ ༡༩༨༩ ལོར་གྲོང་ཁྱེར་དེ་དག་གི་འབྲིང་རིམ་སློབ་གྲྭ་ཁག་ཏུ་བོད་པའི་འཛིན་གྲྭ་གསར་འཛུགས་དང་། ཕྱི་ལོ་ ༢༠༠༢ ལོར་མཐོ་རིམ་སློབ་གྲྭ་དང་ ༢༠༡༠ ལོར་ལས་རིགས་འབྲིང་རིམ་སློབ་གྲྭ་ཁག་ ༤༨ ནང་བོད་ཡིག་འཛིན་གྲྭ་ཆེད་འཛུགས་ཀྱིས་སློབ་གྲྭ་དེ་དག་ཏུ་བོད་རིགས་སློབ་མ་ཆེད་གཏོང་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག ལས་འགུལ་ཁང་གིས་ ༢༠༢༠ ལོའི་ཟླ་ ༨ ནང་ཚོགས་པའི་བོད་ཐོག་གི་བཞུགས་མོལ་ཚོགས་འདུ་ཐེངས་ ༧ ཐོག་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་རིགས་གཞོན་སྐྱེས་རྣམས་ལ་ཆབ་སྲིད་ཀྱི་སློབ་གསོ་གོང་འཕེལ་གཏོང་དགོས་སྐོར་གཏམ་བཤད་སྤེལ་བ་དང་སྦྲགས། སློབ་ཁག་རིམ་པར་བོད་རིགས་སློབ་མ་རྣམས་ལ་ལྟ་གྲུབ་དང་ཆབ་སྲིད་ཀྱི་སློབ་གསོ་ཆེས་ཆེར་སྤེལ་དགོས་པ་དང་། རྒྱལ་ཞེན་གྱི་བློ་གོང་འཕེལ་བཏང་ནས་ཚང་མའི་སེམས་ནང་རྒྱལ་ཁབ་དང་དམར་ཤོག་ཚོགས་པར་དགའ་ཞེན་གྱི་ས་བོན་བསྐྲུན་དགོས་གལ་ཡིན་པའི་གཏམ་བཤད་བྱས་ཡོད་པ་ལྟར། ཉེ་ཆར་ཕྱི་ཟླ་ ༡༢ ནང་བོད་རང་སྐྱོང་ལྗོངས་ཟེར་བའི་དྲིལ་བསྒྲགས་རུ་ཁག་ཅིག་བོད་རིགས་སློབ་མ་ཡོད་སའི་རྒྱ་ནག་གི་གྲོང་ཁྱེར་ཁག་གི་སློབ་གྲྭར་བསྐྱོད་དེ་ཆིག་སྒྲིལ་དང་རྒྱལ་ཞེན་ཐོག་གོ་རྟོགས་ཀྱི་བྱ་འགུལ་སྤེལ་བའི་ཁྲོད་བོད་རིགས་སློབ་མ་རྣམས་ལ་དམར་ཤོག་ཚོགས་པའི་བྱམས་སྐྱོང་སྐོར་དང་དམར་ཤོག་ཚོགས་པར་ཡིད་ཆེས་བློ་འགེལ་དང་དགའ་ཞེན་བྱེད་དགོས་པའི་ཀུན་སློང་སྤེལ་བཞིན་ཡོད་པ་བཅས་མངོན་གསལ་གནང་སྟེ་དེང་སྐབས་རྒྱ་ནག་གཞུང་གིས་ལས་གཞི་དེ་དག་སྤེལ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་ཐེར་འདོན་གནང་ཡོད། རྩ་བའི་རྒྱ་ནག་གཞུང་གིས་བོད་ནང་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་ཆེད་དུ་བོད་རིགས་སློབ་མའི་ཐོག་ལས་རིམ་དེ་སྤེལ་བཞིན་ཡོད་སྐོར་བརྗོད་བཞིན་ཡོད་ཀྱང་། ཕྱི་ལོ་ ༡༩༩༢ ལོར་གཏན་འབེབས་བྱས་པའི་རྒྱ་ནག་སྐམ་ས་ཆེན་མོའི་འབྲིང་རིམ་སློབ་གྲྭ་ཁག་ཏུ་ལག་བསྟར་བྱེད་དགོས་པའི་སྒྲིག་ཁྲིམས་ཡིག་ཆར་བོད་རིགས་སློབ་མ་དང་འབྲེལ་བའི་ཐག་གཅོད་དེ་རྒྱ་ནག་དབུས་གཞུང་དང་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་ཐབས་བྱུས་གལ་ཆེན་ཞིག་ཡིན་པ་དང་། དེས་མེས་རྒྱལ་གོང་བུ་གཅིག་གྱུར་ལ་ཕན་ཐོགས་ཡོང་རྒྱུ་ཡིན་པ་དང་། ལས་གཞི་དེའི་དགོས་དམིགས་གཙོ་བོ་ནི་བོད་མི་མང་ཚོགས་ཁྲོད་དམར་ཤོག་ཚོགས་པར་དགའ་ཞེན་བྱེད་མཁན་གྱི་མི་རབས་ཤིག་བསྐྲུན་ཐབས་བྱེད་རྒྱུ་དེ་ཡིན་པ་གསལ་པོ་རེད་ཅེས་བཀོད་ཡོད།  

མང་གཙོ་དོན་གཉེར་བའི་ཚོགས་ཁག་ ༣༥ ལྷག་གིས་ཉིན་ཧོང་ཀོང་ནང་མང་གཙོ་ལས་འགུལ་བ་ ༥༠ འཛིན་བཟུང་བྱས་པར་སྐྱོན་བརྗོད་ཤུགས་ཆེ་གནང་བ།

རྒྱལ་སྤྱིའི་ཡུལ་གྲུ་འདྲ་མིན་ཁག་ཅིག་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། ཤིན་ཅང་དང་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། དེ་བཞིན་རྒྱ་ནག་གི་མང་གཙོའི་དོན་གཉེར་བ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་ ༣༥ ལྷག་གིས་ཉེ་ལམ་རེས་གཟའ་ལྷག་པའི་ཉིན་ཧོང་ཀོང་ཉེན་རྟོག་པས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་གསར་པ་ཞེས་པའི་འོག་ཁུལ་དེའི་མང་གཙོའི་དོན་གཉེར་བ་ ༥༠ ལྷག་འཛིན་བཟུང་བྱས་པར་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་སྦྲགས། ཁྲིམས་གཞི་དེ་ནི་ཧོང་ཀོང་ནང་གི་མང་གཙོའི་མངོན་འདོད་དང་མི་མང་གི་རང་དབང་བཅས་པར་རྡོག་རོལ་བཏང་བའི་གོ་མཚོན་ལྟ་བུ་ཆགས་ཡོད་པ་མངོན་གསལ་གྱིས་སྐྱོན་བརྗོད་ཤུགས་ཆེ་གནང་འདུགཚོགས་པ་དེ་དག་གིས་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་ཏེ་ཞི་བདེ་ཐོག་ནས་རང་ཉིད་ལ་དབང་བའི་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་མཁན་རྣམས་ལ་ཧོང་ཀོང་ས་གནས་གཞུང་གིས་ཆབ་སྲིད་ཀྱི་གནོན་ཤུགས་འོག་ནས་དྲག་གནོན་དེ་ལྟར་བྱས་དང་བྱེད་བཞིན་པར་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ངོས་ནས་མུ་མཐུད་ནས་སྐྱོན་བརྗོད་ནན་པོ་གནང་དགོས་པའི་ཞུ་སྐུལ་གནང་བ་མ་ཟད། ཐེངས་འདིར་འཛིན་བཟུང་བྱས་པའི་མང་གཙོའི་དོན་གཉེར་བ་ ༥༠ ལྷག་ཙམ་དེ་དག་གི་ཁོངས་སུ་གྲོས་ཚོགས་འཐུས་མི་ཟུར་པ་དང་ཆབ་སྲིད་ལས་འགུལ་བ། སློབ་ཕྲུག ཁྲིམས་རྩོད་པ་སོགས་ཡོད་པ་དག་ལ་གདུང་སེམས་མཉམ་བསྐྱེད་ཞུས་འདུགཕྱོགས་མཚུངས་ད་ཐེངས་ཧོང་ཀོང་གཞུང་གི་བྱེད་ཕྱོགས་དེ་ནི་ཡུལ་དེའི་མང་ཚོགས་ལ་དབང་བའི་མང་གཙོའི་ཁེ་དབང་སྤྱིར་རྡོག་རོལ་བཏང་བ་ཙམ་མ་ཟད་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་སོགས་ཁྲིམས་འགལ་ཉེས་བརྗོད་བྱས་པ་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་པ་དང་འབྲེལ། ཧོང་ཀོང་གཞུང་གིས་ཡོངས་གྲགས་ཐོག་ད་རེས་འཛིན་བཟུང་བྱས་པའི་མང་ཚོགས་དེ་དག་ལ་ཁྲིམས་ཆད་གཏང་རྒྱུ་མིན་ཞེས་ངོས་བཞེས་གསལ་པོ་གནང་དགོས་པའི་ཞུ་སྐུལ་གནང་འདུགགཞན་ཡང་རྒྱལ་སྤྱིའི་མང་གཙོ་དོན་གཉེར་བའི་ཚོགས་སྡེ་དེ་དག་གིས་ཧོང་ཀོང་གི་སྤྱི་ཁྱབ་པ་ Carrie Lam ཡིས་དེ་སྔ་རྒྱལ་ཁབ་ཀྱི་ཁྲིམས་གཞི་གསར་པ་དེས་ཁྲིམས་ཐོག་ནས་ནག་ཉེས་ཆད་ཕོག་པའི་གང་ཟག་གམ་ཚོགས་སྡེ་ཆུང་ངུར་གདོང་ལེན་གནང་རྒྱུ་ལས་ཧོང་ཀོང་གི་མང་ཚོགས་དཀྱུས་མའི་འཚོ་བར་དོ་འགལ་མི་འགྲོ་བར་ཉེན་སྲུང་འགན་འཁུར་བྱས་ཡོད་པ་དེ་ལྟར་ཡང་། གཟའ་འཁོར་འདིའི་ནང་ཧོང་ཀོང་གཞུང་གི་ངོས་ནས་ལས་དོན་གཉེར་ཁག་ལ་གཞིགས་ན་དེ་སྔ་སྤྱི་ཁྱབ་པས་བཤད་པ་དེ་བདེན་པ་མིན་པ་དངོས་ར་འཕྲོད་པར་མ་ཟད། དོན་ལ་ཁྲིམས་གཞི་གསར་པ་དེས་ཧོང་ཀོང་ནང་དུ་མང་གཙོའི་ལམ་ལུགས་ཕྱག་བསྟར་གནང་བར་དམ་དྲག་བྱེད་རྒྱུའི་ལག་ཆ་ལྟ་བུར་གྱུར་ཡོད་པ་དང་དེ་བཞིན་ཧོང་ཀོང་ཉེན་རྟོག་པས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་གསར་པ་ཞེས་པའི་འོག་ཧོང་ཀོང་གི་མང་གཙོའི་དོན་གཉེར་བ་ ༥༠ ལྷག་ཟླ་ ༧ གྲོས་ཚོགས་ཀྱི་སྔོན་འགྲོའི་འོས་བསྡུའི་ལས་རིམ་དང་འབྲེལ་འཛིན་བཟུང་བྱས་པ་དེ་བརྒྱུད་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལམ་སྟོན་རྩ་ཚིག་ཁག་དང་ཡོངས་སུ་དངོས་འགལ་ཆགས་ཡོད་པར་ཐེར་འདོན་གནང་འདུག ཞི་བའི་ཐོག་ནས་མང་གཙོའི་ཁེ་དབང་ལོངས་སུ་སྤྱད་པ་ནི་ཁྲིམས་འགལ་མ་པ་རེད། དེས་ན་ང་ཚོས་ཧོང་ཀོང་དང་རྒྱ་ནག་གཉིས་ཀྱིས་ཆེད་མངགས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཞེས་པ་དེ་ཕྱི་འཐེན་བྱེད་དགོས་པའི་འབོད་སྐུལ་གནང་བ་དང་སྦྲགས། ཁྲིམས་གཞི་གསར་པ་དེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཁྲིམས་སྒྲིག་ཁག་དང་མཐུན་པར་བཟོ་དགོས་པ་དང་མང་ཚོགས་ཀྱི་རང་དབང་ལ་གུས་བརྩི་ཞུ་དགོས་གལ་ཡིན་པར་ནན་བརྗོད་གནང་འདུགདེ་མཚུངས་སུ་རྒྱལ་སྤྱིའི་ཚོགས་སྡེ་དེ་དག་གིས་ཧོང་ཀོང་ལ་ངོམས་སུ་ཆོག་པའི་རིག་གཞུང་ཡོད་པ་དང་དེའང་སྤྱི་ཚོགས་དང་རང་དབང་གི་ཁྲིམས་གཞི་དང་འབྲེལ་ནས་ཡོད་པ་དེ་ལྟར་ཡང་། ད་ཆ་འཛམ་གླིང་གི་མང་ཚོགས་རྣམ་པའི་སྤྱན་ལམ་དུ་རིག་གཞུང་དེ་དག་རྩ་གཏོར་འགྲོ་བཞིན་པ་མཇལ་རྒྱུ་ཡོད་སྟབས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ངེས་པར་དུ་ཚད་ལས་བརྒལ་བའི་བྱ་སྤྱོད་དེ་ལྟར་སྤེལ་ཁག་ལ་ཐུགས་འཁུར་ཆེ་བཞེས་གནང་སྐྱོང་ཡོང་བའི་རེ་སྐུལ་ཤུགས་དྲག་ཞུས་འདུག་པ་དང་ཆབས་ཅིག ལྷག་དོན་ཚོགས་སྡེ་དེ་དག་གི་ངོས་ནས་ཀྱང་རྒྱ་ནག་གཞུང་གི་ཐོག་ལ་གྲུབ་འབྲས་སོན་པའི་བཞེངས་ཕྱོགས་ངེས་བཟུང་གནང་དགོས་པའི་འབོད་སྐུལ་བསྐྱར་ནན་གནང་འདུགགཞི་རྩའི་ཕྱི་ཟླ་ ༡ ཚེས་ ༦ སྟེ་རེས་གཟའ་ལྷག་པའི་ཉིན་ཧོང་ཀོང་ཉེན་རྟོག་པས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་གསར་པ་ཞེས་པའི་འོག་ཧོང་ཀོང་གི་མང་གཙོའི་དོན་གཉེར་བ་ ༥༠ ལྷག་ཟླ་ ༧ པའི་གྲོས་ཚོགས་ཀྱི་སྔོན་འགྲོའི་འོས་བསྡུའི་ལས་རིམ་དང་འབྲེལ་འཛིན་བཟུང་བྱས་པའི་ཁོངས་སུ་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་ཁག་ཅིག་དང་རྗེས་མའི་གྲོས་ཚོགས་ཀྱི་འཐུས་མི། ཆབ་སྲིད་ཀྱི་དྲིལ་བསྒྲགས་བ། དེ་བཞིན་སློབ་ཕྲུག ཁྲིམས་རྩོད་པ་བཅས་ཚུད་ཡོད་པ་རྣམས་ལ་རྒྱལ་ཁབ་མགོ་རྟིང་ལོག་རྒྱུའི་ནག་ཉེས་གཡོག་པ་དང་ཕྱོགས་མཚུངས་སུ་ཚེ་བཙོན་གྱི་ཁྲིམས་ཆད་གཏང་རྒྱུ་ཡིན་པ་བཀོད་འདུག ཁྲིམས་གཞི་དེ་འདས་ལོའི་ཟླ་ ༦ ནང་གཏན་འབེབས་བྱས་པ་ནས་བཟུང་སྟེ་ད་བར་མང་གཙོའི་ལས་འགུལ་བ་མང་དག་ཅིག་འཛིན་བཟུང་བྱས་ཡོད་པ་དང་། ད་ལན་འོས་བསྡུ་དང་འབྲེལ་མང་གཙོའི་ལས་འགུལ་བ་ ༥༠ ལྷག་འཛིན་བཟུང་བྱས་པ་དེར་ཨ་རི་དང་དབྱིན་ཡུལ ཨོ་སི་ཊོ་ལི་ཡ། དེ་བཞིན་ཁེ་ན་ཌ་སོགས་ཀྱི་གཞུང་གིས་ཀྱང་ངོ་རྒོལ་གནང་ཡོད་པ་རེད།

དབུས་སྨན་རྩིས་ཁང་གིས་ཕྱི་རྒྱལ་གྱི་སློབ་ཕྲུག་རྣམས་ལ་སྐབས་དང་པོའི་བཀའ་བཅུའི་འཛིན་གྲྭ་དབུ་འཛུགས།

དེ་རིང་སྔ་དྲོ་ཕྱག་ཚོད་༩ དང་ཕྱེད་ཀའི་སྟེང་། དབུས་སྨན་རྩིས་ཁང་གི་ཚོགས་ཁང་དུ།  རྒྱལ་ཁབ་མ་འདྲ་བ་དགུ་ལྷག་གི་སློབ་ཕྲུག་གྲངས་ཉེར་བདུན་ཙམ་ལ་སྐབས་དང་པོའི་བཀའ་བཅུའི་འཛིན་གྲྭ་དབུ་འཛུགས་ཀྱི་མཛད་སྒོ་ཞིག་ཚོགས་གནང་སོང་།

ཨ་རིའི་ཤེས་ཡོན་ལམ་ལུགས་ནང་རྒྱ་ནག་གི་ཤུགས་རྐྱེན་འགོག་ཐབས་ཀྱི་ཁྲིམས་གཞི་འཇོག་ཐབས།

དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་གཞུང་འཛིན་གསར་བ་བསླེབ་ལ་ཉེ་བའི་དུས་སྐབས་འདིར། Trump གཞུང་འཛིན་ཚོགས་པའི་ངོས་ནས་རྒྱ་ནག་སྲིད་གཞུང་གིས་མ་དངུལ་ཆེད་གཏོང་གིས་ཨ་རིའི་ཤེས་ཡོན་ལམ་ལུགས་ཀྱི་ནང་དུ་ཤུགས་རྐྱེན་སྤེལ་ཐབས་བྱེད་བཞིན་པ་འགོག་ཐབས་ཀྱི་ཁྲིམས་སྒྲིག་གསར་བ་ཞིག་གང་མགྱོགས་འཇོག་ཐབས་ལ་ཤུགས་སྣོན་རྒྱག་བཞིན་པ་རེད་འདུག ཐེངས་འདིའི་ཨ་རིའིི་རྒྱ་ནག་གི་ཤུགས་རྐྱེན་འགོག་ཐབས་ཀྱི་ཁྲིམས་སྒྲིག་དེར་མཚོན་ན། ཤེས་ཡོན་ལྟེ་གནས་ཡོངས་ཀྱིས་རྒྱ་ནག་དང་འབྲེལ་བའི་ཤེས་ཡོན་བརྗེ་ལེན་གྱི་གནས་ཚུལ་ཡོད་ཚད་གོང་རིམ་ལ་སྙན་གསེང་ཞུ་དགོས་བ་དང་། གལ་ཏེ་ཤེས་ཡོན་ལྟེ་གནས་ཁག་གིས་གནས་ཚུལ་དུས་ལྟར་སྙན་གསེང་མ་ཞུས་ཚེ་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་ཡོད་ཚད་བཀག་སྡོམ་བྱེད་རྒྱུ་ཡིན་པར་འཁོད་འདུག གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། རྒྱ་ནག་གཞུང་གིས་ཁུང་ཙི་སློབ་གླིང་བརྒྱུད་ནས་ཨ་རིའི་ཤེས་ཡོན་གྱི་ལམ་ལུགས་ནང་དུ་རྒྱ་སྐད་རྒྱ་ཡིག་གི་སློབ་ཁྲིད་ཀྱི་མཚོན་པའི་རྒྱ་ནག་གི་ཤུགས་རྐྱེན་སྤེལ་ཐབས་བྱེད་ཀྱི་ཡོད་པ་དེར་ཨ་རིའི་གྲོས་ཚོགས་འཐུས་མི་མང་པོས་སེམས་ཁྲེལ་ཆེན་པོ་བྱེད་ཀྱི་ཡོད་པ་དང་། Trump འཛིན་སྐྱོང་གིས་གནད་དོན་དེར་སྦ་གསང་མེད་པའི་སྒང་ནས་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། རྒྱ་ནག་གི་ཁུང་ཙི་སློབ་གླེང་དེ་ནི་རྒྱ་ནག་གི་གཞུང་ཚབ་ལྟ་བུ་ཡིན་པར་མིང་འདོགས་བྱས་ཡོད་པ་ལུང་འདྲེན་གནང་འདུག སྤྱིར་ཨ་རིའི་གྲོས་ཚོགས་གོང་མའི་གཏན་འཇགས་ཚོགས་ཆུང་གིས་ཞིབ་འཇུག་བྱས་པའི་གྲུབ་དོན་དུ། ཨ་རིའི་ནང་དུ་རྒྱ་ནག་སྲིད་གཞུང་ནས་མ་དངུལ་༢༥༠༠༠༠ ལྷག་ཐོབ་མཁན་གྱི་ཤེས་ཡོན་སྡེ་ཁག་ལས་བརྒྱ་ཆ་བདུན་ཅུ་ལྷག་ཙམ་གྱིས་འབྲེལ་ཡོད་ལས་ཁུངས་ལ་སྙན་གསེང་ཞུས་ཀྱི་མེད་པ་དང་། མཚན་གསལ་བོར་བརྗོད་འདོད་མེད་པའི་འབྲེལ་ཡོད་དཔོན་རིགས་ཞིག་གིས། གནད་དོན་དེའི་རྐྱེན་པས་ཨ་རིའི་གཞུང་གི་ངོས་ནས་ཡུལ་དེའི་ཤེས་ཡོན་ལམ་ལུགས་ཀྱི་ནང་དུ་རྒྱ་ནག་གི་ཤུགས་རྐྱེན་ཤུགས་ཐོག་གནས་ཚུལ་ཞིབ་ཕྲ་རྟོགས་ཁག་པོ་ཆགས་ཀྱི་ཡོད་པར་བརྗོད་འདུག  

ཐེ་ཝན་གྱི་ཕྱིར་སྐྱོད་ལག་དེབ་གསར་པ་བཟོས་པའི་ནང་དུ་ཐེ་ཝན་ཞེས་འབུར་དུ་བཏོན་འདུག

རྒྱ་ནག་གཞུང་གིས་ཐེ་ཝན་ཐོག་བདག་དབང་རྩོད་ཤུགས་ཆེ་རུ་གཏོང་བཞིན་པ་དང་། ལྷག་པར་ཏོག་དབྱིབས་ ༡༩ འི་ཁྲོད་རྒྱ་ནག་དང་ཐེ་ཝན་གཉིས་ཀྱི་ཡུལ་མིང་ཐད་མགོ་རྙོག་རིམ་པ་བྱུང་བཞིན་པའི་ཁྲོད། ཐེ་ཝན་གཞུང་ངོས་ནས་ཁ་སང་རེས་གཟའ་ཟླ་བའི་ཉིན་ཡུལ་དེའི་ཕྱིར་སྐྱོད་ལག་ཁྱེར་གསར་པ་འདོན་སྤེལ་དང་འབྲེལ། དེའི་ཐོག་དེ་སྔ་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཅེས་བྲིས་པ་དེ་མངོན་པར་མི་གསལ་བ་བཟོས་པ་དང་ཆབས་ཅིག་ཐེ་ཝན་ཞེས་པ་འབུར་དུ་འདོན་བྱས་འདུགདེའང་སྔར་ལོ་རྒྱ་ནག་ནས་ COVID 19 འམ་ཏོག་དབྱིབས་གཉན་རིམས་ ༡༩ བའི་རིམས་ནད་ཁྱབ་བརྡལ་དང་འབྲེལ་རྒྱལ་སྤྱིའི་ཁྱོན་གྱི་མི་རྒྱུ་གཉིས་ལ་གོད་ཆགས་ཤུགས་ཆེན་ཕོག་པའི་ཁྲོད། ཐེ་ཝན་གྱིས་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲགས་གནས་སྟངས་དུས་ཐོག་ཏུ་ངོས་འཛིན་ཐུབ་མཁན་དང་རིམས་ནད་དེར་གདོང་ལེན་ཚགས་ཚུལ་བྱེད་ཐུབ་མཁན་གྱི་རྒྱལ་ཁབ་ཆེས་ཐོག་མའི་གྲས་སུ་ཡིན་པ་རེད། ཡིན་ནའང་སྐབས་དེར་རྒྱལ་ཁབ་གཞན་རྣམས་ཀྱིས་རིམས་ནད་སྔོན་འགོག་དང་འབྲེལ་རྒྱ་ནག་ནས་སླེབས་མཁན་རྣམས་ལ་བཀག་སྡོམ་ཤུགས་ཆེར་བྱེད་བཞིན་པའི་ཁྲོད། ཐེ་ཝན་མང་ཚོགས་ཀྱི་ཕྱིར་སྐྱོད་ལག་དེབ་ཐོག་ Republic of China འམ་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཅེས་ཡིག་གཟུགས་ཆེན་པོའི་ཐོག་བྲིས་ཡོད་པའི་རྐྱེན་གྱིས། ཐེ་ཝན་མི་སེར་མང་དག་ཅིག་རྒྱལ་ཁབ་གཞན་ནང་འཛུལ་ཞུགས་བྱེད་པར་བཀག་སྡོམས་ཀྱིས་གནས་ཚུལ་རིམ་པ་ཐོན་པ་དང་འབྲེལ། ཐེ་ཝན་གཞུང་གི་ངོས་ནས་ད་རེས་ཕྱིར་སྐྱོད་ལག་དེབ་གསར་པ་འདོན་སྤེལ་གནང་བའི་སྟེང་། Taiwan ཞེས་པ་དེ་ཡིག་གཟུགས་ཆེན་པོའི་ཐོག་འབུར་དུ་བཏོན་པ་དང་།  Republic of China འམ་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཅེས་པ་དེ་དེ་གའི་རྒྱལ་རྟགས་ཀྱི་མཐའ་སྐོར་དུ་རྒྱ་ཡིག་ཐོག་ཡིག་ཆུང་ནང་དུ་མ་གཏོགས་བཞག་མེད་པ་རེད་འདུག ཁ་སང་ཐེ་ཝན་གྱི་ཕྱིར་སྐྱོད་ལག་དེབ་གསར་པ་འདོན་སྤེལ་དང་འབྲེལ། སྲིད་འཛིན་ Tsai IngWen མཆོག་གིས། ཐེ་ཝན་གྱིས་འདས་པའི་ལོའི་ནང་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་ལ་གདོང་ལེན་བྱས་ཏེ་དེ་གའི་དཔལ་འབྱོར་གྱི་གནས་བབས་སྔར་བཞིན་གོང་འཕེལ་བཏང་ཡོད་སྐོར་དང་། ལྷག་པར་དུ་ཉི་མ་དེ་རིང་ནས་ཐེ་ཝན་མང་ཚོགས་རྣམས་རྒྱལ་ཁབ་གཞན་གྱི་ནང་དུ་སྐྱོད་སྐབས་དེ་དག་གི་ཕྱིར་བསྐྱོད་ལག་དེབ་ཐོག་ Taiwan ཞེས་ཡི་གེ་ཆེན་པོའི་ནང་དུ་འཁོད་རྒྱུ་ཡིན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཐེ་ཝན་གྱི་ངོ་བོ་སྣང་མེད་གཏོང་ཐབས་མེད་པར་གསུངས་འདུགགནས་ཚུལ་ཐོན་ཁག་ལ་གཞིགས་ན། ཁ་སང་ཐེ་ཝན་གྱི་ཕྱིར་སྐྱོད་ལག་འཁྱེར་གསར་དུ་འདོན་སྤེལ་གནང་མ་ཐག ཡུལ་དེའི་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་དཔོན་རིགས་ཁག་ཅིག་གཙོ་བྱས་པའི་མང་ཚོགས་༧༠༠ལྷག་ནས་ལག་ཁྱེར་གསར་པ་དེ་ཞུ་རྒྱུར་སྙན་ཞུ་ཕུལ་ཡོད་པ་རེད་འདུག རྩ་བའི་རྒྱ་ནག་གི་ངོས་ནས་ཐེ་ཝན་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་སུ་ངོས་འཛིན་བྱས་པ་དང་འབྲེལ། ནམ་ཞིག་ཐེ་ཝན་དེ་རྒྱ་ནག་མེས་རྒྱལ་གྱི་ནང་དུ་ཟླ་སྒྲིལ་གཏོང་རྒྱུའི་དམིགས་ཡུལ་བཅངས་བཞིན་ཡོད་སྟབས། ཉེ་ཆར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ཐེ་ཝན་དང་ལྷན་དུ་བཀག་སྡོམ་མེད་པའི་ཐོག་ནས་འབྲེལ་ལམ་བསྐྱར་གསོ་གནང་རྒྱུའི་ཐག་གཅོད་ལ་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཤུགས་ཆེར་བྱས་པ་དང་འབྲེལ། ཨ་རིའི་གཞུང་གི་བྱེད་ཕྱོགས་ལ་ངན་ལན་སློག་རྒྱུའི་ཉེན་བརྡ་བཏང་ཡོད་པ་མ་ཟད། ཁ་སང་ཐེ་ཝན་གྱི་ཕྱིར་སྐྱོད་ལག་དེབ་གསར་པ་འདོན་སྤེལ་ཐད། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Hua Chunying ཡིས་ཐེ་ཝན་གྱི་ངོས་ནས་ཐབས་བྱུས་འདྲ་མིན་གང་བཏོན་ཡང་། ཐེ་ཝན་དེ་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ས་ཁོངས་ཡིན་པ་དེར་འགྱུར་བ་གཏང་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུག དེའི་བར་ན་ཁ་སང་ཡུ་རོབ་མཐུན་ཚོགས་གྱི་ Visa འམ་མཐོང་མཆན་ལས་ཁུངས་ཀྱི་དྲ་གནས་ཐོག ཡུ་རོབ་མཐུན་ཚོགས་དང་ཐེ་ཝན་དབར་མཐོང་མཆན་ཞུ་མི་དགོས་པའི་ཐོག་ནས་ཕན་ཚུན་འགྲུལ་བསྐྱོད་ཆོག་པ་བཟོས་ཏེ་ལོ་བཅུའི་དུས་ཚིགས་སྲུང་བརྩི་ཞུས་པའི་སྐོར་འཁོད་འདུག དེ་དོན་ཐེ་ཝན་གྱི་སྲིད་འཛིན་ Tsai Ingwen གྱི་བརྙན་ཐུང་ཞིག་འདོན་སྤེལ་གནང་བའི་ནང་དུ། ཐེ་ཝན་དང་ཡུ་རོབ་མཐུན་ཚོགས་གཉིས་དབར་ཕན་ཚུན་མཐོང་མཆན་མི་དགོས་པའི་ཐོག་ནས་འགྲུལ་བསྐྱོད་ཆོག་པའི་གྲོས་མཐུན་གཙོས་པའི་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཁྲོད་ཀྱི་བཟང་ཕྱོགས་ཀྱི་གྲུབ་འབྲས་རྣམས་འབུར་འདོན་དང་སྦྲགས། ཡུ་རུབ་མཐུན་ཚོགས་དང་ཐེ་ཝན་གཉིས་དབར་སྤྱི་ཚོགས་འཕྲོད་བསྟེན་དང་དཔལ་འབྱོར། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་མཉམ་ལས་ཐོག་མུ་མཐུད་བསྐྱོད་དགོས་སྐོར་དང་འབྲེལ། ཕྱོགས་གཉིས་ཀྱི་ངོས་ནས་གང་མགྱོགས་ཚོང་འབྲེལ་གྱི་གན་རྒྱའི་ཐོག་མཚན་རྟགས་བཀོད་རྒྱུ་དེ་གོམ་པ་དང་པོ་དེ་ཡིན་པར་གསུངས་འདུག དེའི་བར་ན་རྒྱལ་ཚོགས་སུ་ཡོད་པའི་ཨ་རིའི་གཞུང་ཚབ་པ Kelly Craft ལགས་སང་ཉིན་ཉིན་གྲངས་གསུམ་རིང་གི་གཞུང་འབྲེལ་ལས་དོན་ཆེད་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་རུ་འབྱོར་གྱི་ཡོད་པ་ལྟར། རྒྱ་ནག་གཞུང་གི་ངོས་ནས་དེར་སྐྱོན་བརྗོད་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད།    

ཨ་རི་གཞུང་གིས་ཐེ་ཝན་དང་ལྷན་དུ་ཕྱི་འབྲེལ་སླར་གསོ་གནང་རྒྱུ།

ཨ་རི་གཞུང་གིས་ད་བར་རྒྱ་ནག་ལ་བསྟུན་མཁས་གནང་སྟེ་ཐེ་ཝན་དང་ཕྱི་འབྲེལ་ཐད་རང་གིས་རང་ལ་དམ་དྲག་ཤུགས་ཆེ་གནང་བཞིན་པ་ཡོངས་རྫོགས་དོར་ཏེ་ད་ནས་བཟུང་བཀག་སྡོམ་གང་ཡང་མེད་པར་ཐེ་ཝན་ལྷན་དུ་ཕྱི་འབྲེལ་སླར་གསོ་གནང་རྒྱུ་ཡིན་པ་གསུངས་འདུགཨ་རིིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲ་གནས་ཐོག་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བར་ཐེ་ཝན་དེ་མང་གཙོ་དར་ཞིང་རྒྱས་པ་དང་ཨ་རི་ངོས་ནས་བློ་འཁེལ་བའི་ཕྱག་སྦྲེལ་རྒྱལ་ཁབ་ཅིག་ཡིན་པ་དེ་ལྟར་ཡང་། ཨ་རི་གཞུང་གི་ངོས་ནས་རྒྱ་ནག་དམར་ཤོག་གཞུང་འཛིན་ལ་བསྟུན་མཁས་གནང་སྟེ་འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་ཐེ་ཝན་དང་ལྷན་དུ་གཞུང་འབྲེལ་ཕྱོགས་སྐྱོད་དང་མི་སྣ་ཐུགསའཕྲད་སོགས་ཕྱི་འབྲེལ་གྱི་འབྲེལ་ལམ་མེད་པར་མ་ཟད་ཐེ་ཝན་ལ་རྒྱལ་ཁབ་དང་ཐེ་ཝན་གཞུང་ཞེས་འབོད་མི་ཆོག་པ་སོགས་ རང་གིས་རང་ལ་དམ་དྲག་མང་པོ་གནང་ཡོད་སྐོར་གསུངས་པ་དང་ཆབས་ཅིག་ཏུ་ད་ནས་བཟུང་ལམ་ལུགས་དེ་མཚམས་འཇོག་གནང་རྒྱུ་ཡིན་པ་གསུངས་འདུག དེའང་དུས་དེ་རིང་ནས་བཟུང་ཨ་རིས་ཐེ་ཝན་དང་ལྷན་དུ་འབྲེལ་ལམ་ཐོག་དམ་དྲག་གནང་བ་ཡོངས་རྫོགས་ཕྱིར་འཐེན་གནང་བཞིན་ཡོད་པ་དང་། དེའི་ཁྲོད་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དེ་གའི་གཞུང་འབྲེལ་ཡན་ལག་ལས་ཁུངས་ལ་དེ་སྔ་ཐེ་ཝན་དང་ལྷན་དུ་འབྲེལ་ལམ་གྱི་རྩ་འཛིན་ལམ་སྟོན་ཡོད་པ་རྣམས་ནུས་མེད་ཆགས་རྒྱུ་ཡིན་པ་དང་། ལྷག་པར་དུ་དེ་སྔ་ཐེ་ཝན་དང་ལྷན་དུ་ཕྱི་འབྲེལ་ཐད་ཀྱི་ཁྲིམས་ཡིག་ནང་དུ་ American Institute of Taiwan ཞེས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་བརྒྱུད་ནས་མ་གཏོགས་ཐེ་ཝན་དང་གཞུང་འབྲེལ་ཐོག་འབྲེལ་ལམ་གནང་མི་ཆོག་པའི་ལམ་སྟོན་གྱི་ཡིག་ཆ་ཡོངས་རྫོག་ནུས་མེད་ཆགས་རྒྱུ་ཡིན་སྐོར་གསུངས་འདུག ལྷག་པར་དུ་སྐུ་ཞབས་ Pompeo མཆོག་གིས་ཨ་རི་གཞུང་གི་ངོས་ནས་རྒྱལ་སྤྱིའི་ཁྲོད་གཞུང་འབྲེལ་མིན་པའི་སྡེ་ཁག་དང་ལྷན་དུ་འབྲེལ་ལམ་གནང་སྲོལ་ཡོད་པ་བཞིན། ཐེ་ཝན་ལ་དམིགས་བསལ་དམ་དྲག་གནང་རྒྱུ་མིན་པ་གསུངས་འདུག ཐེ་ཝན་དང་ཨ་རིའི་མང་གཙོའི་གཞུང་འཛིན་གཉིས་ནས་རང་དབང་དང་ཁྲིམས་ཀྱི་དབང་སྒྱུར། འགྲོ་བ་མིའི་རིགས་ཀྱི་ཆེ་མཐོང་བཅས་ལ་རིན་ཐང་གཅིག་པ་ངོས་འཛིན། ཨ་རི་དང་ཐེ་ཝན་གཉིས་དབར་གྱི་འབྲེལ་ལམ་ཐད་རང་གིས་རང་ལ་དམ་དྲག་གནང་རྒྱུ་མིན་པ་ཡོངས་གྲགས་བཟོ་ཡི་ཡོད་པ་གསུངས་འདུག ཁ་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་བསྒྲགས་གཏམ་དེ་སྤེལ་རྗེས་ཁ་སང་རྒྱལ་ས་ Washington DC ནང་དུ་ཡོད་པའི་ Taipei Economic and Cultural Representative Office ཞེས་ཐེ་ཝན་གྱི་གཞུང་འབྲེལ་མིན་པའི་སྐུ་ཚབ་ལས་ཁུངས་ཀྱི་ངོས་ནས་ཕྱི་སྲིད་དྲུང་ཆེ་མཆོག་གིས་ཐག་གཅོད་དེ་ལྟར་གནང་བར་དགའ་བསུ་དང་འབྲེལ། ཨ་རི་གཞུང་གི་གནང་ཕྱོགས་དེས་ཨ་རི་དང་ཐེ་ཝན་གཉིས་དབར་གྱི་འབྲེལ་ལམ་དེ་ཇི་ཙམ་ལེགས་པོ་ཡོད་པ་མངོན་གསལ་གནང་ཡོད་པ་གསུངས་འདུག དེ་བཞུང་ཐེ་ཝན་གཞུང་ཚབ་པ་ Bi-Khim Hsiao ལགས་ཀྱིས་རང་ཉིད་ཀྱི་ Twitter དྲ་ལམ་བརྒྱུད་ཨ་རིའི་ཐག་གཅོད་དེས་ལོ་ངོ་བཅུ་ཕྲག་མང་པོའི་རིང་དབྱེ་འབྱེད་མེད་པ་བཟོ་ཡོད་པ་དང་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཁྲོད་ཉི་མ་གལ་ཆེ་ཞིག་ཆགས་ཡོད་པ་གསུངས་འདུག དེ་བཞིན་ཐེ་ཝན་ཕྱི་སྲིད་བློན་ཆེན་ Juseph Wu མཆོག་གིས་སྐུ་ཞབས་ Pompeo ལགས་ཀྱིས་ཐེ་ཝན་ཐོག་དགོས་མེད་ཀྱི་དམ་དྲག་དེ་དག་མེད་པ་བཟོ་ཡི་ཡོད་པ་གསུངས་པར་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་སྦྲགས། ཐེ་ཝན་དང་ཨ་རི་གཉིས་དབར་གྱི་འབྲེལ་ལམ་དེ་བཞིན་ཕྱོགས་གཉིས་ཀྱི་རིན་ཐང་དང་དགོངས་པ་བཞེས་ཕྱོགས་གཅིག་པ་ཡིན་པའི་ཁར་མང་གཙོ་དང་རང་དབང་ཐོག་ཡིད་ཆེས་ལྷད་མེད་ཡོད་པ་དེ་དག་ཐོག་གནས་ངེས་ཡིན་པ་གསུངས་འདུག ཁ་སང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ཐག་གཅོད་གནང་བ་དེར་སྐྱོན་བརྗོད་ཤུགས་ཆེ་དང་འབྲེལ། དེ་ནི་ཊམ་གཞུང་འཛིན་འཁྱུར་བའི་མཚམས་འདིར་ཨ་རིའི་སྲིད་འཛིན་གསར་པའི་གཞུང་ལ་མཛད་དཀའ་བཟོ་རྒྱུར་དམིགས་ཏེ་དེ་ལྟར་སྤེལ་བཞིན་ཡོད་པ་དང་། བྱེད་ཕྱོགས་དེས་རྒྱ་ནག་དང་ཨ་རི་གཉིས་དབར་གྱི་འབྲེལ་ལམ་ལ་དོ་ཕོག་ཤུགས་ཆེ་འགྲོ་ཉེན་ཡིན་པར་བརྗོད་འདུག གནས་ཚུལ་ཐོན་ཁག་ལ་གཞིགས་ན། རྒྱལ་ཚོགས་སུ་ཡོད་པའི་ཨ་རིའི་གཞུང་ཚབ་པ་ Kelly Craft ལགས་གཟའ་ཁོར་འདིའི་རེས་གཟའ་ལྷག་པའི་ཉིན་ཐེ་ཝན་གྱི་གཞུང་འབྲེལ་ལས་དོན་ཆེད་འབྱོར་གྱི་ཡོད་པ་དང་། རྒྱ་ནག་གཞུང་གི་ངོས་ནས་དེར་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།

Latest news