Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

རྒྱ་གཞུང་གི་དཔོན་རིགས་ཤིག་གིས་རྒྱ་གཞུང་ནས་དྲ་རྒྱར་དམ་བསྒྲགས་བྱེད་བཞིན་པར་སྐྱོན་བརྗོད།

རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་འགན་འཛོན་གཞོན་པ་ Luo Fuhe ཡིས་རྒྱ་གཞུང་གིས་དྲ་རྒྱའི་ཐོག་དམ་བསྒྲགས་དང་ཚོད་འཛིན་བྱེད་བཞིན་པ་དེས་ཁུལ་དེའི་ནང་གི་ཞིབ་འཇུག་པ་ཚོའི་གྲུབ་དོན་དང་དཔལ་འབྱོལ་གོང་འཕེལ་གྱི་ལས་དོན་ཁག་ལ་འགོག་རྐྱེན་ཆེན་པོ་བཟོ་བཞིན་འདུག་ཅེས་སྐྱོན་བརྗོད་བྱས་འདུག དེ་ཡངཟླ་ ༣ ཚེས་ ༣ དང་ ༥ ཉིན་སོ་སོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱ་ནག་ཆབ་སྲིད་གྲོས་ཚོགས་འཚོགས་བཞིན་ཡོད་པ་དང་། ཟླ་བ་འདིའི་ཕྱི་ཚེས་ ༡ ཉིན་རྒྱ་ནག་གཞུང་འབྲེལ་གསར་ཁང་གིས་ད་ལན་པེ་ཅིང་གྱི་ཚོགས་འདུའི་ཐོག་སླེབས་པའི་མི་དམངས་ཀྱི་འཐུས་མི་ཁག་ཅིག་ལ་བཅར་འདྲི་ཞུས་པར་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་འགན་འཛོན་གཞོན་པ་ Luo Fuhe ཡིས་རང་ཉིད་ཀྱི་ཚོགས་འདུ་ཐོག་གླེང་རྒྱུའི་གནད་དོན་འགྲེལ་བརྗོད་དང་འབྲེལ། རྒྱ་རིགས་མང་ཚོགས་ཚོས་ཕྱིའི་རྒྱལ་ཁབ་ཁག་གི་ཤེས་ཡོན་དང་འབྲེལ་བའི་དྲ་རྒྱ་ཁག་རྒྱ་ནག་རང་གི་ནང་དུ་ལྟ་སྤྱོད་བྱེད་སྐབས་དྲ་རྒྱ་དེ་དག་ལ་རྒྱ་ནག་གཞུང་གིས་དམིགས་བསལ་གྱི་དམ་བསྒྲགས་དང་ཚོད་འཛིན་བྱེད་བཞིན་ཡོད་པར་སྐྱོན་བརྗོད་བྱས་པ་མ་ཟད། རྒྱ་གཞུང་གིས་དྲ་རྒྱའི་ཐོག་དམ་བསྒྲགས་དང་ཚོད་འཛིན་བྱེད་བཞིན་པ་དེས་ཁུལ་དེའི་ནང་གི་ཞིབ་འཇུག་པ་ཚོའི་གྲུབ་དོན་དང་དཔལ་འབྱོལ་གོང་འཕེལ་གྱི་ལས་དོན་ཁག་ལ་འགོག་རྐྱེན་ཆེན་པོ་བཟོ་བཞིན་འདུག་ཅེས་སྐྱོན་བརྗོད་བྱས་འདུག ཁོང་གིས་རྒྱ་གཞུང་གི་གཞུང་འབྲེལ་དཔོན་རིགས་མ་བྱེད་པའི་གོང་ལ་དེ་སྔ་རང་ཉིད་ཀྱིས་ཞིབ་འཇུག་བྱས་པའི་ལས་དོན་དང་འབྲེལ།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཟས་རིགས་དང་ཞིང་ལས་ལས་དོན་ཁང་གི་དྲ་རྒྱ་བསྔོག་ཚེ་ལམ་སེང་ཁ་ཕྱེ་མ་ཐུབ་པའི་དཀའ་ངལ་འཕྲད་ཡོད་པ་དང་། ཕྱིའི་རྒྱལ་ཁབ་ཁག་གི་འཚོལ་ཞིབ་བྱ་ཡུལ་གྱི་དྲ་རྒྱའི་མ་ལག་ཆེ་ཤོས་གྷུ་གལ་ Google ལ་སོགས་པ་མང་པོ་ཞིག་རྒྱ་ནག་རང་གི་ནང་ལྟ་སྔོག་ཐུབ་ཀྱི་མེད་པ་མ་ཟད། རྒྱ་ནག་གཞུང་གི་ངོས་ནས་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་བ་མེད་པའི་ཕྱིའི་རྒྱལ་ཁབ་ཁག་གི་དྲ་རྒྱ་རྣམས་རྒྱ་ནག་ནང་གི་མང་ཚོར་རང་དབང་ངང་ལྟ་ཀློག་བྱ་རྒྱུ་ཡོད་པ་བཟོ་དགོས་ཞེས་ནན་བརྗོད་བྱས་ཡོད། རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་འགན་འཛོན་གཞོན་པ་ Luo Fuhe ཡིས་བརྒྱུད་ལམ་ཐོག་ཏུ་རྒྱ་གཞུང་གིས་དྲ་རྒྱར་དམ་འཛིན་བྱེད་བཞིན་སྐོར་ཐེར་བཏོན་བྱས་པའི་གནས་ཚུལ་དེ་ཟླ་ ༣ ཚེས་ ༡ ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་སྤེལ་བ་དང་། ཕྱི་ཉིན་དེར་གནས་ཚུལ་དེ་ཕྱིར་འགྱར་བྱུང་སྟབས་ད་ལྟའི་ཆར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གི་ཐོག་ལ་ཁྱབ་སྤེལ་འགྲོ་བཞིན་འདུག གཞི་རྩའི་རྒྱ་ནག་གཞུང་གིས་དུས་རྒྱུན་དུ་དངོས་ཤུགས་བརྒྱུད་གསུམ་ནས་ཕྱིའི་རྒྱལ་ཁབ་ཁག་གི་དྲ་རྒྱར་དམ་བསྒྲགས་དང་ཚོད་འཛིན་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་བོད་དང་ཐེ་ཝན་སོགས་ཀྱི་ཆབ་སྲིད་གནད་དོན་དང་འབྲེལ་བའི་དྲ་རྒྱར་ཆེས་དམ་བསྒྲགས་བྱེད་མུས་ཡིན་པ་རེད། ཉེ་སྔོན་ཁེ་ན་ཊའི་ནང་ཡོད་པའི་ཊོ་རན་ཊོ་གཙུག་ལག་སློབ་གྲྭ་ཆེན་མོའི་ Munk School of Global Affairs ཞེས་པའི་སྡེ་ཚན་གྱི་ཞིབ་འཇུག་སྙན་ཐོ་ནང་ཏཱ་ལའི་བླ་མ་དང། དྲུག་བཞིའི་དོན་རྐྱེན། བོད་རང་བཙན། བོད་མིའི་རང་ལུས་མེར་སྲེག། རྒྱ་ནག་ནང་གི་ལྐོག་ས་རུལ་སུངས་གནད་དོན་གཙོས་པའི་ཚོར་བ་རྣོ་བའི་ཚིག་ཁྲི་གཉིས་ལྷག་མང་ཚོགས་ཚོས་ལྟ་སྔོག་བྱ་རྒྱུ་མེད་པ་བཟོས་ཡོད་སྐོར་གསལ་བཏོང་བྱས་ཡོད་པ་རེད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་གཞུང་གིས་ཁུལ་དེའི་ནང་གི་མང་ཚོགས་ཀྱི་དྲ་རྒྱའི་རང་དབང་ལ་དམ་བསྒྲགས་བྱེད་བཞིན་པར་སྐྱོན་བརྗོད་གནང་དོན་ལྟར། ཉེ་སྔོན་རྒྱ་གཞུང་གིས་མང་ཚོགས་ནས་དྲ་རྒྱ་སྔོག་བཤེར་བྱ་རྒྱུའི་རང་དབང་ཆེ་རུ་གཏོང་རྒྱུ་ལས་ལྡོག་སྟེ་དྲ་རྒྱའི་ཐོག་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཁྲིམས་སྒྲིག་གསར་པ་ཞིག་གཏན་འབེབས་བྱས་ཡོད་པ་རེད།

རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་གཏོང་བཞིན་པར་འདྲི་རྩད་གནང་དགོས་པའི་འབོད་སྐུལ།

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། Tibet Justice Center དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་བོད་དོན་རྒྱབ་སྐྱོར་ཚོགས་པ་བཞིས་གཙོས་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་འགྲོ་བ་མིའི་ཐོང་ཐང་ལྟ་ཞིབ་ཚོགས་པ། འཛམ་གླིང་ཡུ་གུར་ལྷན་ཚོགས་སོགས་ཁྱོན་རྒྱལ་སྤྱིའི་ཚོགས་སྡེ་ཁག་ ༡༨ ཙམ་ནས་མཉམ་རུབ་ཀྱིས་རྒྱ་གཞུང་གིས་རྒྱ་ནག་དང་བོད། ཤིན་ཅང་དང་ཧོང་ཀོང་སོགས་ཀྱི་ནང་ཆོས་དད་འདྲ་མིན་དང་གྲངས་ཉུང་མི་རིགས། སྤྱི་དམངས་ཀྱི་ཐོབ་ཐང་རྩོད་ལེན་པ་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་མུ་མཐུད་གཏོང་བཞིན་ཡོད་སྟབས། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྟེང་གནད་དོན་དེ་དག་གི་ཐོག་རྒྱ་གཞུང་ལ་འདྲི་རྩད་ནན་པོ་གནང་དགོས་པའི་ཞུ་འབོད་བྱས་འདུག དེ་ཡང་ཚོགས་པ་ ༡༨ དེ་དག་གི་ངོས་ནས་ཟླ་ ༢ ཚེས་ ༡༦ ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་མི་རྒྱལ་ཁབ་ཀྱི་སྐུ་ཚབ་རྣམ་པའི་མཚན་ཐོག་ལ་ཞུ་སྙན་ཕུལ་འདུག དེའི་ནང་ཚོགས་པ་དེ་དག་གིས་སྔར་ལོ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་གི་གཙོ་འཛིན་མཆོག་གིས་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་གླེང་སློང་གནང་པ་དང་འབྲེལ། རྒྱ་གཞུང་ལ་རང་རྒྱལ་ཁབ་ཀྱི་ཁྲིམས་རྣམས་ལག་བསྟར་བྱེད་དགོས་པ་དང། རྒྱལ་སྤྱིའི་ཐོག་ཁས་ལེན་ཞུས་པ་ཁག་ལག་བསྟར་དོན་འཁྱོལ་གནང་སྟེ་རྒྱ་གཞུང་གི་བཙོན་འཇུག་འོག་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་དང་ལས་འགུལ་བ་རྣམས་འཕྲལ་མར་གློད་བཀྲོལ་ཐོངས་དགོས་པའི་འབོད་སྐུལ་གནང་དོན་བཞིན། སྔ་ལོའི་ཕྱི་ཟླ་ ༣ པའི་ནང་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་ཚོགས་མི་རྒྱལ་ཁབ་ ༡༢ སྐུ་ཚབ་རྣམས་ཚོས་གཙོ་འཛིན་མཆོག་གིས་ཞུ་དོན་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་འཛིན་བཟུང་དང་གར་སོང་ཆ་མེད་དུ་བཏང་བ་མ་ཟད། མང་ཚོགས་ལ་ཁྲིམས་ཀྱི་འགྲོ་ལུགས་ཀྱི་ཐོབ་ཐང་མ་སྤྲད་པ་སོགས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་མུ་མཐུད་གཏོང་བཞིན་ཡོད་པ་ཐེར་བཏོན་དང་ཆབས་ཅིག རིང་མིན་ཟླ་ ༢ ཚེས་ ༢༧ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༤ པའི་ཐོག་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་གཞུང་ཚོགས་ཁག་གི་ལྷན་དུ་ཟུངའབྲེལ་གྱིས་རྒྱ་ནག་ནང་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རྒྱ་ནག་དང་མཉམ་དུ་གླེང་སློང་གནང་དགོས་པའི་ཞུ་འབོད་ཀྱང་གནང་འདུག ཞུ་སྙན་དེའི་ནང་གཞན་ཞིག་ལ་སྔར་ལོ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་བསྒྲགས་གཏམ་དེའི་བརྒྱུད་ནས་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་དང་དེ་དག་གི་ནང་མི་རྣམས་ལ་སེམས་འགུལ་ཤུགས་ཆེ་ཐེབས་ཡོད་ཀྱང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཡར་རྒྱས་གང་ཡང་ཕྱིན་མེད་པ་མ་ཟད། དོན་གནད་ཁ་ཤས་ཐོག་གནས་སྟངས་ད་དུང་སྡུག་ཏུ་ཕྱིན་ཡོད་སྐོར་གསུངས་ཏེ་རྒྱ་གཞུང་གིས་དོན་དག་དེར་སྣང་མེད་དུ་བཞག་པའི་རྣམ་པ་ཆེས་མངོན་གསལ་ཡིན་པ་ཐེར་བཏོན་གནང་འདུག དེ་བཞིན་རྒྱ་ནག་གཞུང་གི་བཙོན་འཇུག་འོག་ཡོད་པའི་རྒྱ་རིག་ཁྲིམས་རྩོད་པ་རྣམས་གློག་བཀྲོལ་བཏང་མེད་པ་དང། ལ་ལ་ཞིག་བཙོན་ གྲོལ་བཏང་ཡོད་ཀྱང་སྡིགས་ར་དང་སུན་གརྩེར་བཟོ་རྐྱེན་རང་གི་ཕྱག་ལས་མུ་མཐུད་གནང་མ་ཐུབ་པ་དང་། དེ་མིན་རྒྱལ་ཁབ་གཞན་གྱི་མི་སེར་ཡིན་པ་ཧོང་ཀོང་ནང་དུ་དཔེ་དེབ་ཚོང་འགྲེམས་པ་ཁག་གཅིག་འཛིན་བཟུང་གིས་ཟླ་བ་མང་པོ་གར་སོང་ཆ་མེད་དུ་ཕྱིན་པ། ཧོང་ཀོང་ནང་གི་མང་གཙོའི་ལས་དོན་ལ་རྒྱ་གཞུང་གི་ཐེ་བྱུས་བྱས་པ། བཙོན་འཇུག་འོག་ཡོད་པའི་ཁྲིམས་རྩོད་པ་རྣམས་ལ་ཁྲིམས་ལུགས་ལྟར་ཐོབ་ཐང་མ་སྤྲད་པ། ཡུ་གུར་ཤེས་ལྡན་མི་སྣ་ Ilham Tohti མུ་མཐུད་བཙོན་ཁང་ནང་ཚེ་བཙོན་མྱོང་བཞིན་ཡོད་པ་དང། བོད་མི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་མུ་མཐུད་བཀག་ཉར་བྱེད་བཞིན་པ་མ་ཟད། གསེར་རྟ་བླ་རུང་སྒར་དུ་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་མུ་མཐུད་གཏོང་བཞིན་ཡོད་སྐོར་སོགས་ཀྱི་གནད་དོན་མང་དག་ཞིག་ཐེར་བཏོན་གནང་འདུག ཚོགས་པ་དེ་དག་ནས་སྙན་ཞུ་དེའི་བརྒྱུད་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པར་མནར་གཅོད་གཏོང་བཞིན་པ་འཕྲལ་མར་མཚམས་འཇོག་དང་དོན་འཁྱོལ་གྱི་ལག་བསྟར་དགོས་པ། རྒྱ་ནག་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་འབྲེལ་བའི་སྲིད་བྱུས་དང། འཇིགས་སྐུལ་བར་གདོང་ལེན་གྱི་སྲིད་བྱུས་ལ་བསྐྱར་ཞིབ། དེ་བཞིན་རྒྱ་ནག་གི་ཆོས་དོན་དང་འབྲེལ་བའི་སྒྲིག་གཞི་ཁག་གིས་ཡུ་གུར་དང་བོད་མི་གྲངས་ཉུང་མི་རིགས་རྣམས་ཀྱི་ཐོག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པའི་གནད་དོན་ར་འཕྲོད་བྱེད་དགོས་པ་དང་། དེ་བཞིན་བོད་མི་དང་ཡུ་གུར་བ་དབུས་པའི་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་དང་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ལ་ལྷོད་ཡངས་དགོས་པ་སོགས་ཀྱི་གནོན་ཤུགས་སྤྲོད་དགོས་པའི་དོན་གནད་ཁག་ ༥ བཏོན་གནང་འདུག

རྒྱ་ནག་དེ་རྒྱལ་སྤྱི་ཐོག་ཆབ་སྲིད་དང་སྤྱི་དམངས་ཀྱི་ཐོབ་ཐང་བརྩི་མེད་གཏོང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཡིན་པར་ཐེར་བཏོན།

སྲིད་འཛིན་ཞི་ཅིང་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་རྒྱལ་ཁབ་དེ་རྒྱལ་སྤྱི་ཐོག་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཆབ་སྲིད་ཀྱི་རང་དབང་དང་སྤྱི་དམངས་ཀྱི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཡིན་པར་ཐེར་བཏོན་གནང་འདུག དེ་ཡང་ཁ་སང་ཚེས་ ༣༡ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ནང་རྟེན་གཞི་བྱས་པའི་ Freedom House འམ་རང་དབང་ཁང་པས་སྤྱི་ལོ་ ༢༠༡༡༦ ལོའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག་པ་དང་། སྙན་ཐོ་དེའི་ནང་སྤྱི་ལོ་ ༢༠༡༢ ལོར་ཞི་ཅིང་ཕིང་གིས་རྒྱ་ནག་གི་སྲིད་འཛིན་བྱས་པ་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དབང་འཛིན་ལ་བརྩི་སྲུང་རྩ་བ་ནས་མ་བྱས་པར་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཆ་གཅིག་བསྡུས་ཀྱི་ལམ་ལུགས་འདི་བཞིན་སྔར་ལས་རྒྱ་སྐྱེད་ཆེད་གཏོང་གིས་རྒྱ་ནག་སྤྱི་དང་ལྷག་པར་དུ་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་རྣམས་ཀྱི་ཆབ་སྲིད་ཀྱི་རང་དབང་གཙོ་བོར་གྱུར་པའི་སྨྲ་བརྗོད་དང་འདུ་འཛོམས་ཀྱི་རང་དབང་། དེ་བཞིན་ཆོས་དད་ཀྱི་རང་དབང་སོགས་གཞི་རྩའི་འགྲོ་བ་མིར་དགོས་ངེས་ཀྱི་ཐོབ་ཐང་ཁག་སྔར་ལས་ཆེས་སྟུག་ཏུ་གཏོང་བཞིན་པ་ཐེར་བཏོན་གནང་འདུག ལྷག་པར་དུ་འདས་པའི་ལོ་དུས་དེའི་ནང་རྒྱ་ནག་གཞུང་གིས་ཆོས་ཕྱོགས་དང་འབྲེལ་བའི་ཚོགས་པ་ཁག་གི་ལས་དོན་ཁག་ལ་དམ་བསྒྲགས་སྔར་ལྷག་བྱ་རྒྱུའི་ཐག་གཅོད་བྱས་པ་མ་ཟད། བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་དབང་ལ་དམ་བསྒྲགས་ཚོད་འཛིན་ཤུགས་ཆེ་བྱས་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། གཞི་རྩའི་རང་དབང་ཁང་པའི་སྙན་ཐོ་དེའི་ནང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ ༡༨ ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གསལ་བཏོན་གནང་ཡོད་པ་དང་། ཁྱད་པར་དུ་དེའི་ནང་ལ་རྒྱ་ནག་དེ་སྤྱི་ཡོངས་ནས་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཨང་ ༡༥ ཡིན་པ་བཀོད་འདུག་ཀྱང་། ཆབ་སྲིད་ཀྱི་རང་དབང་དང་སྤྱི་དམངས་ཀྱི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཡིན་པར་ཐེར་བཏོན་གནང་འདུག སྙན་ཐོ་དེའི་ནང་གཞི་རིམ་མང་ཚོགས་ཀྱི་རང་དབང་དང་འབྲེལ་ཏེ་རྒྱ་གཞུང་གིས་དེ་སྔ་སྤྱི་ལོ་ ༢༠༡༥ ལོར་འཛིན་བཟུང་བྱས་པའི་རྒྱ་རིགས་འགྲོ་བ་མིའི་ཐོབ་སྲུང་སྐྱོབ་གནང་མཁན་ཁྲིམས་རྩོད་པ་དང་ཞི་རྒོལ་བ་ཁག་ཅིག་ལ་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་སྐོར་ཉེས་མིང་གཡོགས་ནས་བཙོན་འཇུགས་ཁྲིམས་ཐག་བཅད་པའི་གནས་ཚུལ་འགྲེལ་བརྗོད་གནང་འདུག རྒྱ་གཞུང་གི་བྱ་སྤྱོད་དེ་ནི་སྲིད་འཛིན་ཞི་ཅིང་ཕིང་གིས་རྒྱ་ནག་ནང་རྒྱལ་ཞེན་གྱི་བསམ་བློ་སྔར་ལྷག་གོང་སྤེལ་ཡོང་ཆེད་མང་ཚོགས་ཀྱི་བསམ་བརྗོད་རང་དབང་ལ་ཚོད་འཛིན་ཤུགས་ཆེ་བྱས་པ་ཞིག་རེད་ཅེས་བཀོད་འདུག གཞི་རྩའི་རང་དབང་ཁང་པ་ནི་སྤྱི་ལོ་ ༡༩༤༡ ལོར་གསར་འཛུགས་གནང་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན་པ་དང་། ཚོགས་པ་དེས་སྤྱི་ལོ་ ༡༩༧༢ ལོ་ནས་བཟུང་སྟེ་རྒྱལ་སྤྱིའི་ཡུལ་གྲུ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དཔྱད་ཞིབ་འདྲ་མིན་གནང་པའི་བརྒྱུད་ལོ་ལྟར་ Freedom in the world འམ་རྒྱལ་སྤྱིའི་རང་དབང་ཞེས་པའི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་གི་ཡོད་པ་རེད།

རྒྱ་རིགས་འགོ་ཁྲིད་ཚོས་གོང་ས་མཆོག་ཁ་བྲལ་བ་ཡིན་ལུགས་སོགས་བརྗོད་པ་ནི་བདེན་པ་མ་རེད་ཅེས་གསུངས་འདུག

རྒྱ་རིགས་ན་གཞོན་སློབ་ཕྲུག་ཚོགས་པ་དང་རྒྱ་ནག་མང་གཙོ་ཚོགས་པའི་གཞོན་སྐྱེས་ལྷན་ཚོགས་ཀྱི་ཚོགས་མི་ Rui Gong ལགས་ཀྱིས་འདས་པའི་ལོ་དུས་མང་པོ་ཞིག་གི་ནང་ལ་རྒྱ་རིགས་ཤེས་ཅན་དང་འགོ་ཁྲིད་མང་དག་ཞིག་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་རྒྱལ་ཁབ་ཁ་བྲལ་གཏོང་མཁན་ཞིག་ཡིན་ལུགས་སོགས་བརྗོད་བཞིན་པ་ནི་ཁས་ལེན་བྱེད་ཐབས་མེད་པའི་རྫུན་གཏམ་ཞིག་རེད་ཅེས་གསུངས་འདུག ཁ་ཉིན་ཚེས་ ༥ ཉིན་ Rui Gong ལགས་ཀྱིས་རྒྱ་ནག་གི་གྲོང་ཁྱེར་ཁྲན་ཏུ་ནས་ཉེ་ཆར་ཁོང་བཞུགས་སྒར་དུ་ཆེད་བཅར་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དངོས་སུ་མཇལ་འཕྲད་བྱུང་བའི་མྱོང་ཚོར་དང་། ལྷག་དོན་མགོན་པོ་༸གང་ཉིད་མཆོག་གི་དགོངས་བཞེས་སོགས་དང་འབྲེལ་ཡོད་ ’’ངའི་༸གོང་ས་མཆོག་ལ་མཐོང་ཚུལ་ངོ་མ་’’ ཞེས་པའི་སྒེར་གྱི་དཔྱད་རྩོམ་ཞིག་འདོན་སྤེལ་གནང་འདུག དེའི་ནང་ཁོང་རང་ཉིད་ཆུང་དུས་འཚར་ལོངས་བྱེད་བཞིན་པའི་སྐབས་ནས་རྒྱ་རིགས་ཤེས་ཡོན་ཅན་དང་འགོ་ཁྲིད་མང་དག་ཞིག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲོས་མཐུན་དོན་ཚན་ ༡༧ བརྩི་མེད་བཏང་པ་མ་ཟད། རྒྱ་གར་ནང་བྲོས་བྱོལ་དུ་ཕེབས་རྗེས་རང་ཉིད་ཀྱི་གཞུང་གསར་འཛུགས་གནང་པ་སོགས་འགྲེལ་བརྗོད་འདྲ་མིན་བྱེད་པའི་བརྒྱུད། མགོན་པོ་༸གང་ཉིད་མཆོག་ནི་རྒྱལ་ཁབ་ཁ་བྲལ་བ་ཞིག་ཡིན་ལུགས་སོགས་སྐྱོན་བརྗོད་བྱེད་བཞིན་པ་ཐོས་མྱོང་ཡོད་ཀྱང་། ད་ལྟའི་ཆར་༸གོང་ས་མཆོག་གི་མཛད་རྗེས་དང་། ལྷག་པར་དུ་༸གང་ཉིད་མཆོག་དང་དངོས་སུ་མཇལ་འཕྲད་བྱུང་སྐབས་རྒྱ་ནག་ཕྱོགས་ནས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་དེ་དག་དོན་དངོས་དང་ལྡོག་ཟླ་ཡིན་པ་མ་ཟད། དུས་ནམ་ཡང་ཁས་ལེན་བྱེད་ཐབས་མེད་པའི་རྫུན་གཏམ་ཁོ་ན་རེད་འདུག་ཅེས་བཀོད་ཡོད་པ་རེད། ཁོང་གིས་རྒྱ་ནག་ནང་དར་ཁྱབ་ཆེ་བའི་དྲ་རྒྱ་ Baidu སོགས་ཀྱི་ཐོག་༸གོང་ས་མཆོག་དང་འབྲེལ་བའི་གནས་ཚུལ་ངོ་མ་གཅིག་རང་གཅིག་མཇལ་རྒྱུ་ཡོད་པ་དེ་ནི་སྤྱི་ལོ་ ༡༩༨༩ ལོར་༸གང་ཉིད་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་གནས་ཚུལ་དེ་ཡིན་པ་མངོན་གསལ་གནང་འདུག ཁོང་གི་དཔྱད་རྩོམ་དེའི་ནང་ཁོང་རང་ཉིད་ཀྱི་ངོས་ནས་རྒྱུན་དུས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྗོད་དཀའ་བའི་ཚོར་སྣང་དང་སྦྲགས། ༸གང་ཉིད་མཆོག་གི་བཀའ་སློབ་དང་མཛད་རྗེས་ཁག་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་མིན་པའི་ཐོག་ནས་གསན་གཟིགས་གནང་མུས་ཡིན་སྐོར་གསུངས་པ་དང་འབྲེལ་༸གོང་ས་མཆོག་གི་རླབས་ཆེ་བའི་མཛད་རྗེས་ལས་ཁོང་རང་ཉིད་ལ་སེམས་འགུལ་ཆེ་ཤོས་གསུམ་ཐེབས་ཡོད་པ་བཀོད་འདུག དང་པོ་ཁོང་རང་ཉིད་ནས་འདི་ལོའི་ཟླ་བཞི་པའི་ནང་དབྱིན་ཇིའི་ BBC གསར་ཁང་གིས་༸གང་ཉིད་མཆོག་ལ་༸སྐུའི་ཡང་སྲིད་འཚོལ་ཞིབ་གནང་ཕྱོགས་དང་འབྲེལ་བའི་བཅར་འདྲི་ཞུས་པར་མགོན་པོ་མཆོག་གིས་ཡང་སྤྲུལ་གྱི་གནད་དོན་དེ་མང་གཙོ་དང་མཐུན་པར་གནང་དགོས་གལ་ཡིན་པ་བཀའ་བསྩལ་མཛད་པ་དེས་༸གོང་ས་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཡིན་མིན་ལ་མ་ལྟོས་པར་དམིགས་བསལ་གྱི་ཡིད་དབང་འཕྲོག་པ་ཞིག་དང་། མང་གཙོའི་འགན་དབང་ལ་ཆེ་མཐོང་གནང་མཁན་གྱི་སྐྱེས་བུ་ཞིག་ཡིན་པ་ཤེས་རྟོགས་བྱུང་བས་མགོན་པོ་མཆོག་གི་དགོངས་བཞེས་དེ་དག་ལ་གུས་བཀུར་ཆེན་པོ་ཞུ་བཞིན་ཡོད་ཅེས་གསུངས་འདུག ཁོང་རང་ཉིད་རྣམ་ཀུན་རྒྱལ་སྤྱིའི་གློག་བརྙན་ཁག་ལ་དོ་སྣང་ཆེན་པོ་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ་ཏེ་རྒྱ་གཞུང་གིས་རྒྱ་ནག་ཁྱོན་ཡོངས་སུ་བཀག་སྡོམ་བྱས་པའི་སྐུ་ཞབས་ Richard Gere ལགས་ཀྱི་གློག་བརྙན་ Red Corner དང་༸གོང་ས་མཆོག་དང་འབྲེལ་བའི་Seven Years In Tibet ཞེས་པའི་གློག་བརྙན་གཉིས་ཁོང་གི་གྲོགས་པོ་རྣམས་ནས་གཟིགས་ཚེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སུ་ཡིན་མིན་ངོ་མ་དེ་ཤེས་ཐུབ་ངེས་རེད་ཅེས་གསུངས་འདུག འདི་ལོའི་ཕྱི་ཟླ་ ༡༠ ནང་ང་ཚོ་རྒྱ་རིགས་ན་གཞོན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཁག་ཅིག་བཞུགས་སྒར་དུ་ཆེད་བཅར་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དངོས་སུ་མཇལ་རྒྱུའི་སྐལ་བཟང་གི་གོ་སྐབས་ཤིག་བྱུང་སོང་། ༸གང་ཉིད་མཆོག་གི་ཞལ་རས་མཇལ་སྐབས་རང་ཉིད་ཀྱི་གྲོགས་པོ་རྙིང་པ་ཞིག་དང་རང་གི་ཕ་སླར་ཡང་ཐུག་འཕྲད་བྱུང་བ་ལྟར་དགའ་སྤྲོའི་ཚོར་སྣང་ཆེན་པོ་བྱུང་ཞེས་གསུངས་འདུག ཁྱད་པར་དུ་སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་བའི་ཁྲོད་མགོན་པོ་༸གང་ཉིད་མཆོག་ནི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་མཐའ་ལ་རྒྱབ་སྐྱོར་གནང་མཁན་ཞིག་དང་། ལྷག་པར་དུ་སྲིད་འཛིན་ཞི་ཅིང་ཕིང་གི་ལྐོག་ཟ་རུལ་སུངས་གཙང་བཟོ་བྱེད་རྒྱུའི་སྲིད་བྱུད་དེས་རྒྱ་ནག་ནང་འགྱུར་བ་ཆེན་པོ་ཞིག་ཐེབས་རྒྱུར་ཐུགས་རེ་གནང་བཞིན་ཡོད་སྐོར་གསུངས་པ་དང་ཆབས་ཅིག  ཞི་ཅིང་ཕིང་གི་ངོས་ནས་ད་དུང་རྒྱ་ནག་ནང་འཚེ་བ་མེད་པའི་བྱམས་བརྩེའི་ཀུན་ནས་བླངས་ཏེ་རིག་གནས་གསར་བརྗེ་ཞིག་སྤེལ་དགོས་སྐོར་བཀའ་སྩལ་གནང་པ་དེ་ནི་རང་ཉིད་ཀྱི་ཡིད་ལ་ཆེས་ཐད་པོ་བྱུང་ཞེས་བཀོད་འདུག དཔྱད་རྩོམ་གྱི་མཇུག་མཐར་ Rui Gong ལགས་ནས་མཇའ་ཁ་དང་བཀའ་སློབ་གྲུབ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་སྐུ་པར་ལྷན་རྒྱས་སྒྲོན་སྐབས་ངའི་སེམས་ནང་ལ་༸གང་ཉིད་མཆོག་ལ་ཞུ་རྒྱུའི་ཚིག་མང་དག་ཞིག་ཡོད་ཀྱང་། གང་ཞུ་དགོས་མིན་བློ་ཐག་མ་ཆོད་པར་ལུས་སོང་། དེ་ནི་ངའི་མཇལ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ངོ་མ་དེ་རེད་ཅེས་བཀོད་ཡོད་པ་རེད།

Goa ནང་ཞི་ཅིང་ཕིང་བསླེབ་ཀྱི་ཡོད་པར་བརྟེན་རྒྱ་གར་ཉེན་རྟོག་པས་བོད་མི་ཐོག་དམིགས་བསལ་གྱི་དམ་དྲག་བྱེད་བཞིན་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་རྒྱ་གར་གྱི་གྲོང་ཁྱེར་ Goa ནང་ཚོགས་གཏན་འཁེལ་བའི་ BRICS ཚོགས་འདུ་ཐོག་བསླེབ་ཀྱི་ཡོད་སྟབས།  གྲོང་ཁྱེར་ Goa གཙོས་པའི་ཉེ་འཁོར་ས་གནས་ཁག་ནས་འགྲོ་འོང་བྱེད་མཁན་བོད་མི་དང་ལས་འགུལ་བའི་ཐོག་དམིགས་བསལ་གྱི་དམ་དྲག་བྱེད་བཞིན་འདུག་པ་མ་ཟད། ལྷག་པར་དུ་ཁ་སང་ཉེ་འཁོར་མངའ་སྡེ་ནས་ཡོང་མཁན་བོད་མི་ཁག་ཅིག་གྲོང་ཁྱེར་གྷོ་བའི་མཐའ་མཚམས་ནས་འཛིན་བཟུང་གིས་ས་གནས་སུ་ཕྱིར་སློག་བྱས་འདུག དེའང་ཟླ་ ༡༠ ཚེས་ ༡༥ དང་ ༡༦ བཅས་ཉིན་གྲངས་གཉིས་རིང་རྒྱ་གར་ནུབ་ཕྱོགས་མངའ་སྡེ་ Goa ནང་དུ་བཞུགས་མོལ་ཚོགས་འདུ་ཐེངས་ ༨ འམ་ 8th BRICS summit ཞེས་པ་བྷར་ཛིལ་དང་ཨུ་རུ་སུ། རྒྱ་གར། རྒྱ་ནག དེ་བཞིན་ལྷོ་ཨ་ཧྥི་རི་ཀ་བཅས་འཛམ་གླིང་ཐོག་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལྔའི་མགོ་ཁྲིད་ལྷན་ཞུགས་ཀྱིས་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཀྱི་ཡོད་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ད་རེས་ཀྱི་ཚོགས་འདུ་དེ་དང་བསྟུན། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལ་ཞི་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་འདུག འོན་ཀྱང་ད་ལྟའི་ཆར་མངའ་སྡེ་འབྲེལ་ཡོད་ལས་ཁུངས་ནས་ཆོག་མཆན་སྤྲད་མེད་པ་མ་ཟད། རྒྱ་གར་ཉེན་རྟོག་མི་སྣས་གྲོང་ཁྱེར་གྷོོ་བའི་ནང་གནས་སྡོད་བྱེད་མཁན་བོད་མི་རྣམས་ཀྱི་རང་ཁྱིམ་དུ་སླེབས་ནས་ངོ་སྤྲོད་ལག་འཁྱེར་ཞིབ་བཤེར་བྱེད་མུས་ཡིན་འདུག  ཉེ་འཁོར་ས་གནས་ཁག་ནས་འགྲོ་འོང་བྱེད་མཁན་བོད་མི་དང་ལས་འགུལ་བའི་ཐོག་དམིགས་བསལ་གྱི་དམ་དྲག་བྱེད་བཞིན་འདུག་པ་མ་ཟད། ལྷག་པར་དུ་ཁ་སང་ཉེ་འཁོར་མངའ་སྡེ་ནས་ཡོང་མཁན་བོད་མི་ཁག་ཅིག་གྲོང་ཁྱེར་གྷོ་བའི་མཐའ་མཚམས་ནས་འཛིན་བཟུང་གིས་ས་གནས་སུ་ཕྱིར་སློག་བྱས་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་གྷོ་བ་ནས་འགྲེལ་བརྗོད་གནང་དོན། ད་རེས་ Goa ས་གནས་ཉེན་རྟོག་པས་ཁུལ་དེའི་ནང་གི་བོད་མིའི་ཐོག་དམིགས་བསལ་གྱི་དམ་དྲག་དང། བོད་མི་རྣམས་ནས་ཞི་ཅིང་ཕིང་ལ་ཞི་རྒོལ་བྱ་རྒྱུར་ཆོག་མཆན་སྤྲད་མེད་སྐོར་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་ཡོད་པ་དང་། དེ་བཞིན་གྷོ་བའི་ས་གནས་ཀྱི་ཉེན་རྟོག་མགོ་དཔོན་  Vimal Gupta ལགས་ཀྱིས་ཉེ་སྔོན་ས་གནས་ཀྱི་ཉེན་རྟོག་མི་སྣ་ ༡༥༠༠ ལྷག་ལ་བདེ་འཇགས་དང་འབྲེལ་བའི་གནད་དོན་ཐད་བསྐོང་ཚོགས་ཤིག་གནང་སྐབས་བོད་མི་ལས་འགུལ་བའི་ཐོག་དམིགས་བསལ་གྱི་དོ་སྣང་དང་གཟབ་ནན་བྱེད་དགོས་པའི་ལམ་སྟོན་གནང་པ་དང་ཆབས་ཅིག བོད་མི་ཚོས་ཞི་རྒོལ་གྱི་ལས་འགུལ་སྤེལ་བ་དེ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཁྱབ་གདལ་དུ་སོང་ཚེ་རྒྱ་གར་གྱི་ཆེ་མཐོང་ལ་གནོད་ངེས་ཡིན་པས་དེར་གཟབ་ནན་བྱེད་དགོས་ཞེས་བརྗོད་སྐོར་གསུངས་སོང་། རྩ་བའི་དེ་སྔ་ཕྱི་ལོ་ ༢༠༡༢ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་པའི་ BRICS ཚོགས་འདུ་ཐེངས་བཞི་པ་ཚོགས་སྐབས་ལྡི་ལི་ནང་བོད་མིའི་ཚོས་རྒྱ་ནག་སྲིད་འཛིན་ཧོའུ་ཅིན་ཐོའི་ལ་ཞི་རྒོལ་ཤུགས་ཆེ་གནང་པ་མ་ཟད། སྐབས་དེར་བཙན་བྱོལ་ནང་བོད་མི་འཇམ་དཔལ་ཡེ་ཤེས་ལགས་དང། བོད་མདོ་སྨད་རྔ་བ་ཁུལ་ནས་གྲྭ་བློ་བཟང་ཤེས་རབ་ལགས་རྣམ་གཉིས་ཀྱིས་རྒྱ་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གྱི་རང་ལུས་མེར་བསྲེགས་གནང་སྟབས་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད།  

རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་ ༦༧ འཁོར་བའི་ཉིན་མོར་གཞུང་ཚབ་མདུན་དུ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་འདུག

རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་ ༦༧ འཁོར་བའི་ཉིན་མོ་དང་བསྟུན། བོད་མི་དང་ཡུ་གུར། སོག་པོ་བཅས་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་ཚབ་མདུན་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག དེ་ཡང་ཨ་རིའི་རྒྱལ་ས་ཝ་ཤིང་ཊན་ཌི་སིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ཤར་ཏུར་ཀིས་ཏན། ཡུ་གུར་ཚོགས་པ། དེ་བཞིན་རྒྱ་ནག་སྤྱི་དམངས་སྟོབས་ཤུགས་ཚོགས་པ་བཅས་ཀྱིས་གོ་སྒྲིག་འོག ཟླ་བ་སྔོན་མའི་ཚེས་ ༣༠ ཉིན་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་མདུན་དུ་རྒྱ་ནག་དམར་པོའི་སྲིད་གཞུང་བཙུགས་ནས་ལོ་ངོ་ ༦༧ འཁོར་བའི་ཉིན་མོར་རྒྱ་ནག་གཞུང་ལ་བོད་དང་ཤར་ཏུར་ཀིས་ཏན། ཤིན་ཅང་སོགས་ཀྱི་ནང་ལག་བསྟར་བྱེད་བཞིན་པའི་ཆེས་སྡུག་རྩུབ་ཅན་གྱི་སྲིད་བྱུས་འཕྲལ་དུ་མཚམས་འཇོག་དགོས་པའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག་པ་མ་ཟད། རྒྱ་གཞུང་གིས་བོད་དང་ཤར་ཏུར་ཀིས་ཏན། ནང་སོག་བཅས་ཀྱི་ནང་ཉིན་རེ་བཞིན་དམ་དྲག་བྱེད་ཤུགས་ཇེ་ཆེར་གཏོང་བཞིན་པ་དང་རྒྱ་གཞུང་གི་སྲིད་བྱུས་དེའི་འོག་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་ཁྲིམས་རྩོད་པ་དང་མང་གཙོ་ལས་འགུལ་བ་མང་དག་ཞིག་འདས་གྲོངས་སུ་གྱུར་བ་མ་ཟད། བཙོན་འཇུག་བྱས་པ། དེ་བཞིན་བོད་མི་ ༡༤༤ ཡིས་རྒྱ་གཞུང་ལ་ཞི་རྒོལ་གྱི་སྐུ་ལུས་མེར་བསྲེགས་བཏང་ཡོད་པ་སོགས་ཀྱི་གནས་ཚུལ་བརྒྱུད་བསྒྲགས་གནང་འདུག གཞི་རྩའི་ལས་འགུལ་དེ་རྒྱལ་ས་ DC ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་མདུན་དུ་ལས་འགུལ་སྤེལ་བ་དང་། དེ་རྗེས་རྒྱ་ནག་གཞུང་ཚབ་ལས་ཁུངས་ནས་འགོ་འཛུགས་ཀྱིས་ DuPont Circle ཞེས་པའི་ས་ཚིགས་བར་གོམ་བགྲོད་གནང་པ་མ་ཟད། སྐབས་དེར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཡུ་གུར་ཚོགས་པའི་ཚོགས་གཙོ། དེ་བཞིན་རྒྱ་ནག་ལས་འགུལ་ཚོགས་པའི་སྐུ་ཚབ་བཅས་ནས་གཏམ་བཤད་གནང་པའི་ནང་གཙོ་བོ་རྒྱ་ནག་དམར་པོའི་སྲིད་གཞུང་བོད་ནང་བཙན་འཛུལ་བྱས་པ་ནས་བཟུང་བོད་གཙོས་པའི་སོག་པོ་དང་ཡུ་གུར་མི་རིགས་བཅས་ཀྱི་ཐོག་ལ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་འོག་གྲངས་ཉུང་མི་རིགས་དུ་མའི་ཚེ་སྲོག་ཤོར་ཡོད་སྟབས་ཉིན་མོ་དེ་ནི་མུན་ནག་གི་ཉིར་མོར་ངོས་འཛིན་གྱིས་རྒྱ་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད། རྩ་བའི་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་མི་ལོ་ ༦༧ འཁོར་བའི་ཉིན་མོ་དེ་ཟླ་བ་འདིའི་ཚེས་༡ སྟེ་རེས་གཟའ་སྤེན་པ་ཉིན་ཡིན་པ་རེད། འོན་ཀྱང་ཉིན་དེར་རྒྱ་ནག་གཞུང་ཚབ་ལས་ཁུངས་སྒོ་རྒྱབ་སྲོལ་ཡོད་པར་བརྟེན་ནས་ལས་འགུལ་བ་ཚོས་ཉིན་གཅིག་གི་སྔ་རོལ་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

༸གོང་ས་མཆོག་ལ་གདོང་ལེན་བྱ་རྒྱུ་ནི་གནད་དོན་གཙོ་གྲས་ཤིག་ཡིན་ཅེས་བརྗོད་འདུག

དེ་ཡང་ཁ་སང་བོད་རང་སྐྱོང་ལྗོངས་ཀྱི་འགོ་གཙོ་གསར་པ་ཝུ་ཡིང་ཇེས་གཏམ་བཤད་སྤེལ་བའི་གནས་ཚུལ་ཞིག་དེ་རིང་ Reuters གསར་སྤེལ་ཁང་ནས་སྤེལ་འདུག་པ་དང། ཁོ་པས་ཏཱ་ལའི་བླ་མའི་ཤུགས་རྐྱེན་ལ་གདོང་ལེན་བྱ་རྒྱུ་ནི་བོད་ནང་གི་ལས་དོན་གཙོ་གྲས་ཤིག་ཡིན་པ་བརྗོད་འདུག དེ་བཞིན་ཁོ་པས་ཏཱ་ལའི་རུ་ཚོགས་ཀྱི་ལས་དོན་ལ་གདོང་ལེན་བྱ་རྒྱུ་གཙོ་བཟུང་གིས་གྲངས་ཉུང་མི་རིགས་ཕན་ཚུན་དབར་གྱི་ཕུགས་རྒྱང་གི་ཆིག་སྒྲིལ་ནུས་ཤུགས་ཆེ་རུ་གཏོང་དགོས་པ་དང་། གཞན་ཡང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་ཁ་བྲལ་གྱི་ལས་དོན་ཡོངས་རྫོགས་མཐིལ་ཕྱིན་པར་བྱ་དགོས་པ་མ་ཟད། ཁ་བྲལ་གྱི་ལས་དོན་ཐོག་དམ་དྲག་གིས་དེ་དག་རྩ་མེད་གཏོང་དགོས་སྐོར་བརྗོད་འདུག རྩ་བའི་ཝུ་ཡིང་ཇེ་ནི་འདི་ལོའི་ཟླ་ ༨ ཚེས་ ༢༨ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དྲུང་ཆེ་ཁྲེན་ཆོན་གོའི་ཚབ་ཏུ་བསྐོ་གཞག་བྱས་པ་དང། ཁྲེན་ཆོན་གོ་ཤིན་ཅང་རང་སྐྱོང་ས་ཁུལ་གྱི་དམར་ཤོག་ཚོགས་པའི་དྲུང་ཆེར་གནས་སྤར་བཏང་ཡོད་པ་རེད། ད་ལྟ་རང་ལོ་ ༥༩ ཡིན་པའི་ཝུ་ཡིང་ཇེ་ནི་ཕྱི་ལོ་ ༡༩༧༤ ཙམ་ནས་བོད་དུ་བསླེབས་ཏེ་མི་ཚེ་ཧྲིལ་པོ་ཁུལ་དེའི་ནང་བསྐྱལ་པ་མ་ཟད། ཕྱི་ལོ་ ༡༩༩༨ ལོར་བོད་རང་སྐྱོང་ལྗོངས་སློབ་གསོ་ལྷན་ཁང་གི་དྲུང་ཆེ་གཞོན་པ་དང་། ཕྱི་ལོ་ ༢༠༠༥ ལོར་དྲིལ་བསྒྲགས་ལྷན་ཁང་གི་འགན་འཛིན། ཕྱི་ལོ་ ༢༠༠༦ ལོར་བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གཞོན་པ་དང་། ཕྱི་ལོ་ ༢༠༡༣ ལོར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་གཙོ་འཛིན་གཞོན་པ་བཅས་བྱས་ཡོད་པ་རེད། སྐབས་དེར་བརྒྱུད་ལམ་ཁག་ཏུ་ཝུ་ཡིང་ཇེ་དང་འབྲེལ་བའི་དཔྱད་རྩོམ་དང་བསལ་ཚུལ་འདྲ་མིན་སྤེལ་མཁན་བྱུང་པའི་ཁྲོད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་ཉེ་ཆར་རྩོམ་ཡིག་ཞིག་སྤེལ་བའི་ནང། དེ་ནི་རྒྱ་ནག་གཞུང་ལ་བོད་རང་སྐྱོང་ལྗོངས་ཀྱི་འགོ་གཙོར་བོད་མི་བསྐོ་གཞག་བྱ་རྒྱུར་བློ་ཁོག་མེད་པ་དང་། བོད་མིར་ཡིད་ཆེས་མེད་པ་མ་ཟད། དོན་དངོས་ཐོག་རྒྱ་གཞུང་གིས་ཕྱི་ལོ་ ༡༩༥༠ ལོ་ནས་བཟུང་ད་བར་བོད་མིའི་ཐོག་ལྟ་སྟངས་ལ་འགྱུར་བ་གང་ཡང་ཕྱིན་མེད་ཅེས་གསུངས་འདུག ད་དུང་བུ་ཆུང་ཚེ་རིང་ལགས་ཀྱིས་ད་རེས་ཝུ་ཡིང་ཇེ་ལ་ཐོབ་པའི་གོ་གནས་དེ་ནི་ཁོ་པས་བོད་མིའི་བདེ་སྡུག་ལ་སེམས་བཟང་དང་ཡ་ལན་གནང་རྒྱུའི་གོ་སྐབས་ཤིག་ཐོབ་པ་རེད་ཅེས་དང། ལྷག་དོན་ཁོང་གིས་རྒྱ་ནག་གཞུང་ནས་ད་བར་བོད་ནང་བོད་མི་རྣམས་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད་པ་བརྗོད་ཀྱང། དོན་དངོས་ཐོག་བོད་མི་ཚོ་རྒྱ་གཞུང་ལ་བློ་གཏད་ཡིད་ཆེས་མེད་པའི་གནས་སྟངས་འོག་གནས་བཞིན་ཡོད་སྟབས། གལ་སྲིད་ཝུ་ཡིང་ཇེས་ཁོ་པ་རང་ཉིད་ཆུང་དུས་ནས་བོད་ལ་འཚོ་བ་བསྐྱལ་བའི་རྒྱ་རིགས་མི་ཐོག་གཉིས་པར་དངོས་འབྲེལ་ངོས་འཛིན་བྱེད་བཞིན་ཡོད་ན། བོད་མིའི་མངོན་འདོད་ཤེས་པའི་ཐོག་ནས་ལས་དོན་གཉེར་དགོས་པ་བརྗོད་འདུག

རྒྱ་ནག་ནང་ལ་རྒྱ་ནག་དང་ཡོ་རོབ་དབར་གྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཤིག་ཚོགས་པ།

ཁ་སང་ཟླ་ ༩ ཚེས་ ༢༨ ཉིན་རྒྱ་ནག་གི་གྲོང་ཁྱེར་ Chongqing ནང་དུ་གྲངས་ཉུང་མི་རིགས་ཀྱི་རང་དབང་སྲུང་སྐྱོབ་གནང་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་རྒྱ་ནག་དང་ཡོ་རོབ་རྒྱལ་ཁབ་དབར་གྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཤིག་ཚོགས་འདུག དེ་ཡང་ལྷན་ཚོགས་དེ་ཁ་སང་ནས་འགོ་འཛུགས་ཀྱིས་དེ་རིང་བར་ཉིན་གྲངས་གཉིས་རིང་ཚོགས་ཡོད་པ་དང་། ལྷན་ཚོགས་ཀྱི་འགོ་འབྱེད་གཏམ་བཤད་ཐོག་རྒྱ་ནག་དབུས་གཞུང་གི་དྲིལ་བསྒྲགས་ལྷན་ཁང་གི་འགན་འཛིན་གཞོན་པ་ Cui Yuying ནས་ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ལ་འགྱུར་བ་ཕྱིན་པ་ནས་བཟུང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་འགྲོ་བཞིན་ཡོད་སྐོར་བརྗོད་པ་མ་ཟད། ལྷག་པར་དུ་རྒྱ་ནག་གཞུང་ནས་གྲངས་ཉུང་མི་རིགས་རྣམས་ལ་ཐོབ་ཐང་འདྲ་མཉམ་ཐོབ་ཐབས་ཀྱི་སྲིད་བྱུས་ཤིག་གཏན་འབེབས་ཀྱིས་གྲངས་ཉུང་མི་རིགས་རྣམས་ལ་རྒྱལ་ཁབ་ཀྱི་ཆབ་སྲིད་ལས་དོན་དང་། ཁྲིམས་དོན་གྱི་ལས་གནས། དེ་བཞིན་ཚོགས་སྡེ་དང་སློབ་གྲྭ་སོགས་སྒྲིག་འཛུགས་ལྟེ་ཁག་གི་ཐོབ་ཐང་སོགས་རྒྱ་རིགས་མང་ཚོགས་དང་གཅིག་མཚུངས་སྤྲོད་བཞིན་ཡོད་པ་བརྗོད་འདུག ཁོང་གིས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཁག་གི་ཐུན་མོང་མ་ཡིན་པའི་རིག་གཞུང་། སྐད་ཡིག་དང་ཆོས་སོགས་མི་ཉམས་རྒྱུན་འཛིན་ཐུབ་པར་ལས་འཆར་འདྲ་མིན་སྤེལ་མུས་ཡིན་སྐོར་དང་འབྲེལ། སྐབས་དེར་བཅར་བའི་ཡོ་རོབ་རྒྱལ་ཁབ་ཁག་གི་སྐུ་ཚབ་རྣམས་ནས་ལྷན་ཚོགས་དེའི་བརྒྱུད་ཕྱོགས་གཉིས་ཀྱི་འབྲེལ་ལམ་གོང་མཐོར་གཏོང་བའི་རེ་བ་ཡོད་ཅེས་བརྗོད་འདུག འོན་ཀྱང་སྐབས་དེར་ཧྥ་རན་སི་ནས་བཅར་བའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Pierre Bercis ལགས་ཀྱིས་གྲངས་ཉུང་མི་རིགས་རྣམས་ཀྱི་རིག་གཞུང་། སྐད་ཡིག་དང་ཆོས་བཅས་ལ་གུས་བརྩི་དང་སྲུང་སྐྱོབ་གནང་རྒྱུ་གལ་ཆེ་ཡིན་པ་མ་ཟད། ཁྱད་པར་དུ་གྲངས་ཉུང་མི་རིགས་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་བརྩི་སྲུང་དང་སྲུང་སྐྱོབ་གནང་རྒྱུ་དེ་བས་ཀྱང་གལ་ཆེ་ཡིན་པ་གསུངས་ཡོད་པ་རེད། དེ་རིང་སྔ་དྲོ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་རྒྱ་ནག་རྒྱལ་ཁབ་ཀྱི་ ༢༠༡༦ ནས་ ༢༠༢༠ ལོའི་བར་གྱི་འགྲོ་བ་མིའི་ཐོབ་ཐང་ལག་བསྟར་བྱེད་ཕྱོགས་ཀྱི་འཆར་གཞི་ཞིག་ཕྱིར་བསྒྲགས་བྱས་འདུག་པ་དང་། འཆར་གཞི་དེའི་ནང་མང་ཚོགས་རྣམས་ལ་གཞུང་གི་ལས་གནས་གོ་སྐབས་དང་། ཆབ་སྲིད། དཔལ་འབྱོར། དེ་བཞིན་སྤྱི་ཚོགས་དང་རིག་གཞུང་གི་ཐོབ་ཐང་ཁག་གཅིག་མཚུངས་ཐོབ་ཐབས་སུ་ཤུགས་སྣོན་འཕར་མ་བརྒྱབ་རྒྱུ་ཡིན་པ་བཀོད་འདུག རྒྱ་ནག་གཞུང་ནས་ཁུལ་དེའི་ནང་གི་ཉམ་ཐག་དབུལ་ཕོངས་ཀྱི་དཀའ་ངལ་ཁག་སེལ་ཐབས་སུ་གཞི་རྩའི་ས་གནས་མི་མང་གི་སྡོད་ཁང་དང་ཆུ། གློག་ དེ་བཞིན་ཟས་རིགས་ལ་ཡར་རྒྱས་འཕར་མ་གཏོང་ཐོག་ ༢༠༢༠ ལོར་ས་གནས་མི་མང་ས་ཡ་སུམ་ཅུ་ལྷག་ཉམ་ཐག་དབུལ་ཕོངས་ཀྱི་དཀའ་ངལ་ལས་གྲོལ་ཐབས་བྱེད་རྒྱུ་ཡིན་པ་གསལ་འདུག འདི་ག་རླུང་འཕྲིན་ཁང་ནས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་ཆོས་སྒྲོན་ལགས་སུ་རྒྱ་གཞུང་གིས་ཕྱིར་བསྒྲགས་ཟིན་པའི་ཕྱི་་ལོ་ ༢༠༡༦ ནས་ ༢༠༢༠ ལོའི་བར་གྱི་འགྲོ་བ་མིའི་ཐོབ་ཐང་ལག་བསྟར་བྱེད་ཕྱོགས་ཀྱི་འཆར་གཞི་དེར་བསམ་ཚུལ་གང་ཡོད་བཅར་འདྲི་ཞུས་པར་ཁོང་གིས་ད་བར་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུའི་འཆར་གཞི་མང་པོ་ཞིག་འདོན་སྤེལ་བྱས་ཡོད་ཀྱང་དོན་དངོས་ཐོག་རྒྱ་གཞུང་གི་བྱ་སྤྱོད་དེ་ནི་དུས་རྒྱུན་གྱི་འགྲོ་སྟངས་འགྲོ་ལུགས་ཙམ་ལས་འགྲོ་བ་མིའི་ཐོབ་ཐང་གྱི་གནས་སྟངས་ལ་ཡར་རྒྱས་ཕྲན་བུ་ཙམ་ཡང་བཏང་མེད་སྐོར་གསུངས་ཀྱི་འདུག རྩ་བའི་རྒྱ་ནག་གཞུང་གིས་ ༢༠༠༩ ལོ་ནས་བཟུང་ད་བར་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏང་ཕྱོགས་དང་འབྲེལ་བའི་འཆར་གཞིའི་ཡིག་ཆ་ཐེངས་གསུམ་འདོན་སྤེལ་ཟིན་ཀྱང་།  ཐོག་མར་ཡིག་ཆ་དེ་དག་འདོན་སྤེལ་སྐབས་རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་ཞིག་ནས་དོ་སྣང་ཆེན་པོ་གནང་པ་མ་ཟད། རྒྱ་གཞུང་ནས་དོན་དངོས་ཐོག་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཡོང་བར་དོན་སྨིན་སོན་པའི་ལས་དོན་གང་ཡང་བྱེད་མེད་སྟབས། རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་ཞིག་ནས་རྒྱ་གཞུང་ལ་སྐྱོན་བརྗོད་མང་དག་ཞིག་བསྟུད་མར་གནང་ཡོད་པ་རེད།

བོད་མི་ཚོས་རྒྱལ་མཚན་ནོར་བུ་པཎ་ཆེན་ལ་ངོས་ལེན་ཞུ་ཐབས་དཀའ་བའི་གནས་ཡིན་པ་ཐེར་བཏོན།

རྒྱ་ནག་གཞུང་གི་ངོས་ནས་མ་འོངས་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འཚོ་བཞུགས་མེད་པའི་དུས་སྐབས་ཀྱི་སྟ་གོན་ཚུལ་དུ། ༸གང་ཉིད་ཀྱི་༸སྐུ་ཚབ་ཏུ་རྒྱ་གཞུང་གིས་བདམས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ལ་བོད་མི་མང་ཚོགས་ནས་ངོས་ལེན་ཐོབ་ཐབས་ཀྱི་ལས་དོན་ཤུགས་ཆེ་རུ་གཏོང་བཞིན་པ་དང་། དེར་བོད་མིའི་ངོས་ནས་༸གོང་ས་མཆོག་༸སྐུ་འཚོ་བཞུགས་མེད་པའི་དུས་སྐབས་སུའང་རྒྱལ་མཚན་ནོར་བུ་པཎ་ཆེན་ལ་ངོས་ལེན་བྱེད་རྒྱུ་ཆེས་དཀའ་བའི་གནས་ཡིན་པ་ཐེར་བཏོན་གནང་འདུག དེ་ཡང་ཨ་རིའི་ Washington Post གསར་འགོད་པ་ Simon Denyer ལགས་ཀྱིས་ཁ་སང་བརྒྱུད་ལམ་དེའི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལྟ་དགུང་གྲངས་ ༨༡ ཕེབས་ཡོད་པའི་ཁྲོད། བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་གསར་པ་ཞིག་ལ་གཏོད་པ་དང་ཆབས་ཅིག རྒྱ་གཞུང་གི་ངོས་ནས་ལོ་ངོ་བཅུ་ཕྲག་མང་པོའི་སྔོན་ནས་༸གོང་ས་མཆོག་༸སྐུ་འཚོ་བཞུགས་མེད་པའི་དུས་སྐབས་ཆེད་སྟ་གོན་གྱི་ལས་དོན་སྤེལ་བཞིན་པ་དེ་ད་ཆ་སྤེལ་ཤུགས་ཆེ་རུ་གཏོང་བཞིན་ཡོད་སྐོར་གསུངས་འདུག ལོ་རྒྱུས་ཀྱི་ཐོག་ནས་༸གོང་ས་མཆོག་༸སྐུ་འཚོ་བཞུགས་མེད་པའི་སྐབས་སུ་པཎ་ཆེན་རིན་པོ་ཆེ་དེ་ཉིད་ཧ་ཅང་གི་གནད་དགག་ཆེན་པོ་ཆགས་ཡོད་པ་མ་ཟད། མ་འོངས་པར་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་གྱི་ལས་དོན་གནང་ཕྱོགས་ཐད་ལ་པཎ་ཆེན་རིན་པོ་ཆེ་དེ་ཉིད་ནས་རྒྱ་གཞུང་ལ་ཕན་རླབས་ཆེན་པོ་བསྒྲུབ་ངེས་ཡིན་པར་བརྟེན། རྒྱ་གཞུང་ནས་རང་ཉིད་ཀྱིས་བདམས་པའི་རྒྱལ་མཚན་ནོར་བུ་བོད་ཀྱི་དགོན་སྡེ་ཁག་ཏུ་འཚམས་གཟིགས་སུ་བཏང་བ་དང་། དུས་འཁོར་དབང་ཆེན་གནང་བཅུག་པ་སོགས་ཀྱི་བརྒྱུད་ཁོ་པར་བོད་མི་མང་ཚོགས་ནས་ངོས་ལེན་ཐོབ་ཐབས་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་གསུངས་འདུག དེ་བཞིན་ཟླ་བ་སྔོན་མར་ Global Times ཟེར་བའི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་ད་སྐབས་མཛད་འཕྲིན་ཧ་ཅང་རྒྱལ་བའི་པཎ་ཆེན་རྒྱལ་མཚན་ནོར་བུས་ཏཱ་ལའི་བླ་མའི་ཤུགས་རྐྱེན་ཉུང་ངུ་གཏོང་རྒྱུའི་རེ་བ་ཡོད་པ་དང། རྒྱ་གཞུང་གི་ངོས་ནས་༸གོང་ས་མཆོག་མེད་པའི་སྐབས་ཀྱི་གྲ་སྒྲིག་ཚུལ་དུ་ཁོང་གི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་བྱེད་བཞིན་པ། དེ་བཞིན་ཉེ་ཆར་པཎ་ཆེན་རྒྱལ་མཚན་ནོར་བུས་དུས་འཁོར་དབང་ཆེན་གནང་བའི་སྐབས་མི་གྲངས་འབུམ་གཅིག་ཙམ་ཆོས་ཞུར་བཅར་ཡོད་པ་དང། དགེ་འདུན་པ་རྣམས་ནས་ཀྱང་ཁོང་གི་ཤེས་ཡོན་ལ་བསྔགས་བརྗོད་བྱེད་བཞིན་ཡོད་སྐོར་འཁོད་པ་སོགས་ལུང་འདྲེན་གནང་འདུག འོན་ཀྱང་གསར་འགོད་པ་ Denyer ལགས་ཉེ་ཆར་བོད་ནང་དུ་བསྐྱོད་སྐབས་རྒྱ་གཞུང་གིས་བདམས་པའི་པཎ་ཆེན་རྒྱལ་མཚན་ནོར་བུར་མང་ཚོགས་ནས་དད་གུས་དང་ངོས་ལེན་ཡོད་པའི་རྣམ་པ་མངོན་རྒྱུ་མེད་པ་མ་ཟད། པཎ་ཆེན་རིན་པ་ཆེའི་སྐོར་གླེང་སློང་སྐབས་བོད་མི་རྣམས་ནས་པཎ་ཆེན་སྐུ་ཐོག་གོང་མ་དང། ༸གོང་ས་མཆོག་གི་ངོས་འཛིན་གནང་པའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྣམ་གཉིས་ཀྱི་སྐོར་ལ་མ་གཏོགས་བཤད་མཁན་མེད་པ་མ་ཟད། ལྷ་ས་ཁུལ་དུ་བླ་ཆེན་ཁག་གི་སྐུ་པར་ཉོ་སའི་ཚོང་ཁང་ཁག་གི་ནང་དུའང་པཎ་ཆེན་སྐུ་ཐོག་གོང་མ་སྐུ་འཕྲེང་བཅུ་པ་མཆོག་དང་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་སྐུ་པར་མ་གཏོགས་རྒྱལ་མཚན་ནོར་བུའི་སྐུ་པར་ཐོང་རྒྱུ་མེད་སྐོར་གསུངས་འདུག དེ་དང་ཕྱོགས་མཚུངས་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེན་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཉེ་སྔོན་པཎ་ཆེན་རྒྱལ་མཚན་ནོར་བུས་དུས་འཁོར་དབང་ཆེན་བསྩལ་བའི་གནད་དོན་སྐོར་འགྲེལ་བརྗོད་གནང་པར་རྒྱ་གཞུང་གིས་བོད་མི་རྣམས་ལ་དུས་འཁོར་དབང་ཆེན་དེའི་ཐོག་ངེས་པར་དུ་འགྲོ་དགོས་པའི་བཙན་བཀའ་བཏང་བ་དང་དེར་མི་འགྲོ་མཁན་ལ་ཉེས་ཆད་ཕོག་རྒྱུའི་ཉེས་བརྡ་བཏང་ཡོད་པ་རེད། དེ་ནི་རྒྱ་གཞུང་གི་ཆབ་སྲིད་ཀྱི་ཐབས་བྱུས་ཤིག་ཡིན་པ་མ་ཟད། ཆོས་ཁས་མི་ལེན་མཁན་དམར་པོའི་གཞུང་གིས་དེ་ལྟར་གོ་སྒྲིག་བྱས་པ་དེའང་ཟུར་ཟའི་གནད་དོན་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་ཡོད་པ་ལུང་འདྲེན་གནང་འདུག དེ་བཞིན་ཡང་ཨ་རིའི་ Indiana གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་བོད་རིགས་པའི་ཐོག་མཁས་པ་སྐུ་ཞབས་ Elliot Sperling ལགས་ཀྱིས་འདས་པའི་ལོ་རྒྱུས་ཁྲོད་རྒྱལ་བ་རིན་པོ་ཆེ་དང་པཎ་ཆེན་རིན་པོ་ཆེ་གཉིས་དབར་ཕན་ཚུན་ཡང་སྲིད་ངོས་འཛིན་གནང་རྒྱུའི་ལམ་སྲོལ་ཡོད་པ་ལྟར། རྒྱ་ནག་གཞུང་གི་ངོས་ནས་མ་འོངས་པར་༸གོང་ས་སྐུ་ཕྲེང་ ༡༤ ༸སྐུ་གཞན་དོན་དུ་གཤེགས་རྗེས་ཡང་སྤྲུལ་ངེས་འཛིན་བྱ་རྒྱུའི་སྟ་གོན་བྱས་ཟིན་ཡོད་པ་དང་། རྒྱལ་མཚན་ནོར་བུ་དེ་གནད་ཆེ་ཞིག་ཆགས་ངེས་ཡིན་སྐོར་གསུངས་པ་མ་ཟད། རྒྱ་ནག་གཞུང་ནས་པཎ་ཆེན་རྒྱལ་མཚན་ནོར་བུའི་གནད་དོན་བརྒྱུད་བཙན་དབང་དང་སྟོབས་ཤུགས་ཐོག་ནས་མང་ཚོགས་ཀྱི་འདོད་མོས་ལ་ལྟོས་མེད། བླ་ཆེན་ཞིག་བདམ་རྒྱུའི་གོ་སྐབས་ཡོད་པའི་ལམ་ཁ་རྙེད་ཟིན་སྟབས། མ་འོངས་པར་རྒྱ་གཞུང་གིས་བདམ་པའི་༸རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ལ་མང་ཚོགས་ནས་ངོས་ལེན་མེད་ཀྱང་རྒྱ་གཞུང་གིས་ངེས་པར་དུ་བདམ་རྒྱུ་ཡིན་པ་ཐེར་བཏོན་གནང་འདུག དེ་བཞིན་ཡང་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚེ་རིང་ཤྭཀྱ་ལགས་ཀྱིས་ཀྱང་རྒྱ་གཞུང་གིས་པཎ་ཆེན་ཡང་སྲིད་དུ་བདམས་པའི་རྒྱལ་མཚན་ནོར་བུ་དེ་ཉིད་པཎ་ཆེན་རིན་པོ་ཆེའི་གདན་ས་བཀྲིས་ལྷུན་པོར་བཞུགས་ཀྱི་མེད་པ་དེས་དགོན་པའི་དགེ་འདུན་པ་རྣམས་ནས་ཁོང་ལ་དེ་ལྟར་ངོས་ལེན་བྱེད་ཀྱི་མེད་པ་དེ་གསལ་པོ་ཆགས་ཀྱི་ཡོད་སྐོར་གསུངས་འདུག

Latest news