Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་བཅུ་པ་དབུ་འཛུགས་གནང་པ།

དེ་རིང་ཟླ་ ༩ ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་ཚོུད། ༩།༣༠ སྟེང་བཞུགས་སྒར་དུ་སྐབས་ ༡༥ བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་ཚེ་རིང་མཆོག་དབུ་བཞུགས་ཐོག་སྤྱི་འཐུས་རྣམ་པ་དང་། བོད་མིའི་སྒྲིག་ག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ་ལྷན་བཞུགས་ཐོག་གྲོས་ཚོགས་ཀྱི་ཚོགས་དུས་ ༡༠ དབུ་འཛུགས་གནང་སོང། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་འཐུས་མི་རྣམ་པར་ཟླ་བ་དྲུག་གི་རྗེས་སླར་ལྷན་འཛོམས་བྱུང་བར་འཚམས་འདྲི་དང་བཅས་ཐེངས་འདིའི་ལས་བསྡོམས་གྲོས་ཚོགས་ནང་རྐང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་འདས་པའི་ལོ་གཅིག་གི་ནང་ཕྱག་ལས་གནང་བཞག་པའི་ལས་བསྡོམས་སྙན་སྒྲོན་དང་དེ་ལ་དྲི་བ་དྲི་ལན་དང་བགྲོ་གླེང་བཅས་གནང་གི་ཡོད་པའི་སྐོར་གསུངས་པ་མ་ཟད། ཚོགས་གཙོ་མཆོག་གིས་དབུ་འབྱེད་གསུང་བཤད་གནང་པའི་ཁྲོད། བོད་ནང་གི་གནས་སྟངས་ད་དུང་ཡང་ཛ་དྲག་འགོ་ཡོད་པ འི་སྐོར་དང་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་གཙོས། བོད་མི་བློས་གཏོང་བའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་དང་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་ཆར་བཅས་ཡོད་པ་གསུངས་པ་དང་། ལྷན་ཅིག་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་ནག་ནང་སྤྱིར་འགྱུར་བ་ཤུགས་ཆེན་ཞིག་འགྲོ་བཞིན་པ་དང་། ལྷག་པར་དུ་དཔལ་འབྱོར་གྱི་འགྱུར་བ་འགྲོ་བཞིན་ཡོད་པ་དེས་སྤྱི་ཚོགས་དང་ཆབ་སྲིད་ལ་འགྱུར་བ་ཇི་ལྟར་ཡོང་སྲིད་པའི་ཐོག་ལ་དགོངས་པ་བཞེས་དགོས་གལ་ཡིན་པ་གསུངས་སོང། ལྷག་དོན་ཁོང་གིས་ད་ལྟ་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་དུས་མཚམས་འདིར་གྲོས་ཚོགས་འཐུས་མི་རྣམ་པས་བཀའ་མོལ་གསུང་སྟངས་ལ་ཁྱད་པར་འགྲོ་མི་སྲིད་པ་མིན་སྟབས་ཐུགས་གཟབ་གནང་དགོས་གལ་དང་། སྒོས་སུ་གྲོས་ཚོགས་ཀྱི་ལས་རིམ་ལ་བར་ཆད་མི་ཡོང་བའི་སླད་དགོངས་པ་རྒྱ་ཆེ་བཞེད་རོགས་གནང་བཅས་གསུངས་སོང་། སྤྱི་འཐུས་ཚོགས་གཙོ་མཆོག་གི་གསུང་བཤད་གྲུབ་བསྟུན་གྲོས་ཚོགས་ཀྱི་ལས་རིམ་ཐོག་མར་གྲོས་ཚོགས་སྐབས་སྔ་མ་ནས་ད་བར་འདས་པའི་ཟླ་བ་དྲུག་ནང་གཞིས་ལུས་བོད་མི་རང་ལུས་མེར་སྲེག་གནང་མཁན་དྲུག་བྱུང་ཡོད་པ་གཙོས་བཀའ་ཟུར་ས་འདུ་རིན་ཆེན་དོན་གྲུབ་མཆོག དགའ་གདོང་སྐུ་རྟེན་བསྟན་འཛིན་དབང་གྲགས་ལགས་དང་རྒྱ་གར་གྱི་སྲིད་འཛིན་ཟུར་པ་འབུམ་རམས་པ་ཨབ་དུལ་ཀ་ལམ་ Dr. APJ Abdul Kalam མཆོག་བཅས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་གནང་དོན་བཞིན་འཚོར་ཤུགས་ཆེན་པོ་དང་བཅས་སྤྱི་མོས་གཏན་འབེབས་གནང་སོང་། དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་དང་པོའི་དུས་ཡུན་མང་ཆེ་བ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོས་གྲོས་འཆར་ཐོག་བཏང་གནང་སོང་བ་དང། གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོག་གྲོས་འཆར་དེའི་གྲོས་ཆོད་དོན་ཆན་བཞི་འདུག་པ་དེ་ལྟར་ཡང། བོད་བསྟན་སྲིེད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་སྲེག་གནང་མཁན་གཙོས་པའི་བོད་མི་བློས་གཏོང་བ་ཀུན་ལ་གདུང་སེམས་མཉམ་སྐྱེད་དང་། རྒྱའི་བཙོན་འོག་ཏུ་མྱོང་བཞིན་པ་རྣམས་མགྱོགས་མྱུར་གློད་བཀྲོལ་ཡོང་རྒྱུ་དང་། རྒྱ་གཞུང་ནས་བོད་ཀྱི་གནད་དོན་སྤྱི་ཡོངས་ལ་བསམ་ཞིབ་ནན་ཏན་གྱིས་བོད་རྒྱ་ཕན་ཚུན་ཞི་འཇམ་ངང་འབྲེལ་མོལ་གྱི་ལམ་ནས་ཐག་གཅོད་གང་མྱུར་དགོས་རྒྱུ། དེ་བཞིན་རྒྱ་གཞུང་གི་འཁྱོག་བཤད་ཅན་གྱི་རྒྱ་གཞུང་གི་རྒྱབ་ཤ་དཀར་པོ་དང་ཉེ་ཆར་ཚོགས་པའི་བོད་སྐོར་བཞུགས་མོལ་ཚོགས་འདུ་སོགས་ནི་རྒྱལ་སྤྱིའི་ཐོག་རྒྱ་ནག་གིས་བོད་ལ་སེམས་འཁུར་བྱེད་ཀྱི་ཡོད་མདོག་མཚོན་བྱེད་ཙམ་ལས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་དོན་ཕན་ལྡན་པའི་དགེ་མཚན་གང་ཡང་མེད་པ་དང་། རྒྱལ་སྤྱིའི་ཚོགས་པ་སྒྲིག་འཛུགས་དང་གཞུང་དམངས་ནས་བོད་ནང་གི་དཀའ་སྡུག་སེལ་སླད་རྒྱབ་སྐྱོར་གནང་དགོས་པ་བཅས་རེད་འདུག ཁྱད་པར་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེའི་ཐོག་བགྲོ་གླེང་གནང་སྐབས་སྤྱི་འཐུས་མང་ཆེ་བས་རྒྱ་གཞུང་གི་རྒྱབ་ཤ་དཀར་པོ་དེ་ནི་འཛམ་གླིང་མང་ཚོགས་མགོ་སྐོར་གཏོང་ཆེད་ཀྱི་འཁྱོག་བཤད་ཅིག་ཏུ་ངོས་འཛིན་གྱིས་དབུ་མའི་ལམ་ནི་ཐབས་ལམ་བཟང་ཤོས་ཡིན་པ་སོགས་འཚོར་ཤུགས་ཆེན་པོས་ཐོག་གསུངས་སོང།

༸གོང་ས་མཆོག་གིས་འགྲོ་བ་མིའི་རིགས་ཀྱི་གནད་དོན་དེ་གལ་འགངས་ཆེ་བ་ཡིན་པར་གསུངས་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད༌༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་ཁབ་དང་གླིང་ཕྲན་སོགས་སྒེར་གྱི་འཐབ་རྩོད་ཁག་ལས་འགྲོ་བ་མིའི་རིགས་གཅིག་གྱུར་གྱི་དཀའ་རྙོག་ཁག་སེལ་རྒྱུ་གནད་ཆེ་བ་ཡིན་སྐོར་གསུངས་འདུག ཁ་སང་ཟླ་ ༩ ཕྱི་ཚེས་ ༡༤ ཉིན་གྱི་སྔ་ཐོག་མགོན་པོ་མཆོག་ནས་དབྱིན་ཡུལ་ནང་གི་མཛད་འཕྲིན་དང་འབྲེལ། ཡུལ་དེའི་ནང་རྟེན་གཞི་བྱས་པའི་ Oxford ནང་གི་ Magdalen མཐོ་སློབ་ཀྱི་ཚོགས་ཁང་དུ་རྒྱལ་སྤྱིའི་གསར་འགོད་པ་རྣམས་ཀྱིས་བཅར་འདྲི་ཞུ་དོན་ལྟར་མགོན་པོ་མཆོག་ནས་ཉེ་ལམ་དབུས་ཤར་ཡུལ་གྲུ་ཁག་གི་ནང་དབང་ཆ་འཐབ་རྩོད་སོགས་ཀྱི་རྐྱེན་པས་དམག་འཁྲུག་བྱུང་བཞིན་ཡོད་པ་མ་ཟད། མི་སེར་མང་པོ་ཞིག་ཡུ་རོབ་ཁུལ་དུ་སྐྱབས་བཅོལ་ནང་ཡོང་བཞིན་པའི་གནད་དོན་དེ་དག་གཙོ་བོ་འགྲོ་བ་མིའི་རིགས་ཀྱི་གནད་དོན་ལས་རང་ཉིད་སྒེར་གྱི་རྒྱལ་ཁབ་དང་གླིང་ཕྲན་སོགས་གལ་འགངས་ཆེ་བར་འཛིན་པའི་རྐྱེན་གྱིས་ཡིན་སྐོར་བཀའ་སྩལ་འདུག དེ་བཞིན་མགོན་པོ་མཆོག་ནས་སྐྱབས་བཅོལ་གྱི་གནས་སྟངས་དེའི་ཁྲོད་འཇར་མ་ནི་དང་ཨོ་སི་ཊོ་ལི་ཡི་གཞུང་ནས་སྐྱབས་བཅོལ་དུ་ཡོང་མཁན་རྣམས་ལ་མཐུན་རྐྱེན་སྐྲུན་པར་བསྔགས་བརྗོད་གནང་པ་དང་། ཆབས་ཅིག་༸གང་ཉིད་མཆོག་ནས་དངོས་ཡོད་ལག་ལེན་གྱི་ཐོག་ནས་ཡུ་རོབ་གཅིག་པོས་སྐྱབས་བཅོལ་ པ་ཡོངས་རྫོགས་ལ་མཐུན་རྐྱེན་བསྐྲུན་ཐབས་མེད་པ་ཞིག་དང། སྐྱབས་བཅོལ་གྱི་དཀའ་ངལ་དེ་དག་གཙོ་བོ་དམག་དང་སྟོབས་ཤུགས་ཀྱི་དབང་ལས་བྱུང་བ་ཞིག་ཡིན་སྟབས། ང་ཚོས་ངེས་པར་དུ་དམག་འཁྲུག་རིགས་སེལ་ཐབས་གནང་དགོས་ཀྱི་རེད་ཅེས་བཀའ་སྩལ་ནན་པོ་ཕེབས་འདུག དེ་རྗེས་མགོན་པོ་མཆོག་ནས་ Oxford མཐོ་སློབ་ཁང་དུ་ཏཱ་ལའི་བླ་མའི་བྱམས་བརྩེ་ལྟེ་གནས་ ( Dalai Lama Centre for Compassion ) ཞེས་པར་དབུ་འབྱེད་རྟེན་འབྲེལ་གནང་ཡོད་པ་མ་ཟད། སློབ་ཁང་དེའི་ངེས་སྟོན་པ་ Alex Norman ལགས་གཙོས་པའི་ཚོགས་མི་ལས་བྱེད་དང་སློབ་ཕྲུག་རྣམས་ལ་མི་ཚེའི་བསླབ་བྱ་དང་། ཚན་རིག ལྟ་གྲུབ། དེ་བཞིན་ཆོས་ལུགས་སོགས་བརྗོད་གཞི་འདྲ་མིན་ཐོག་བཀའ་འདྲི་དགོངས་བསྐོར་གནང་ཡོད་པ་རེད། དེ་རིང་ཟླ་ ༩ ཕྱི་ཚེས་ ༡༥ ཉིན་མགོན་པོ་༸གང་ཉིད་མཆོག་ནས་ Magdalen སློབ་གཉེར་ཁང་དུ་རྩོམ་པ་པོ་Clare Harris ལགས་ཀྱིས་བོད་ཀྱི་གནས་སྟངས་སྐོར་ལ་བརྩམས་པའི་དཔེ་དེབ་ཐོག་བཀའ་བསྡུར་གནང་རྒྱུ་རེད་འདུག དེ་རྗེས་དབྱིན་ཡུལ་དང་ཕ་རན་སི་ནང་ཡོད་པའི་གསར་ཁང་ཁག་ཅིག་ནས་བཅར་འདྲི་ཞུས་པར་དགོངས་བཞེས་ཐོག་ཉིན་རྒྱབ་ཏུ་ཁུལ་དེར་ཡོད་པའི་རྒྱ་རིགས་སློབ་ཕྲུག་ཁག་ཅིག་ལ་བཀའ་སློབ་བཀའ་དྲིན་ཆེ་བ་གནང་གྲུབ་པ་དང། དབྱིན་ཡུལ་གྱི་གྲོང་ཁྱེར་ Cambridge ཕྱོགས་སུ་ཕེབས་ཐོན་གནང་རྒྱུ་ཡིན་འདུག སང་དང་གནངས་བཅས་སུ་མགོན་པོ་མཆོག་ནས་ཀེམ་བྷི་རིཇ་ (Cambridge University) གཙུག་ལག་སློབ་ཁང་དུ་ཡི་ཤུའི་བླ་ཆེན་ Lord Rowan Williams གཙོས་པའི་རྒྱལ་སྤྱིའི་ཚན་རིག་པ་དང་རྩོམ་པ་པོ་གྲགས་ཅན། དེ་བཞིན་དཔལ་འབྱོར་མཁས་པ་དང་གཞོན་སྐྱེས་སློབ་ཕྲུག་བཅས་ཀྱི་ལྷན་དུ་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམ་པའི་བརྗོད་གཞི་ཁག་ཅིག་གི་ཐད་ལ་བླང་དོར་གྱི་བཀའ་སློབ་དང་དེ་བཞིན་བཀའ་བསྡུར་སོགས་གནང་རྒྱུའི་མཛད་འཆར་ཡོད་པ་རེད་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་ནང་༸ཞབས་སོར་བདེ་བར་འཁོད་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༩ ཕྱི་ཚེས་ ༡༢ ཉིན་བཞུགས་སྒར་ནས་ཆིབས་ཐོན་གནང་སྟེ། ཁ་སང་ཕྱི་ཚེས་ ༡༣ ཉིན་གྱི་དགོང་དྲོ་ཚོུད་ ༥།༠༠ ཡས་མས་ཙམ་ལ་དབྱིན་ཡུལ་གྱི་ Oxford ནང་༸ཞབས་སོར་བདེ་བར་འཁོད་པ་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུའི་ཞུ་སླད་ཁུལ་དེའི་ནང་རྟེན་གཞི་བྱས་པའི་ Magdalen མཐོ་སློབ་ཁང་གི་ངེས་སྟོན་པ་སྐུ་ཞབས་ David Clary གཙོས་པའི་སློབ་དཔོན་ཆེན་པོ་ཁག་ཅིག་དང་། ཆིབས་སྒྱུར་གོ་སྒྲིག་གནང་མཁན་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་བོད་ཁང་ཐེབས་རྩ་དང་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ཀྱི་འབྲེལ་ཡོད་ལས་བྱེད་རྣམས་བཅར་འདུག དེ་རིང་སྔ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ད་ལན་གྱི་ཆིབས་སྒྱུར་འདིའི་མཛད་འཆར་ཁག་གི་ཐད་ལ་གསར་འགོད་ལྷན་ཚོགས་ཤིག་གནང་པ་དང། དེ་གྲུབ་རྗེས་མི་དམངས་རྣམས་ལ་འཚམས་འདྲིའི་བཀའ་སློབ་གནང་རྒྱུ་བཅས་ཚོུད་གསུམ་ལྷག་གི་མཛད་འཕྲིན་བསྐྱངས་ཡོད་པ་རེད། གཞི་རྩའི་ཐེངས་འདིའི་དབྱིན་ཡུལ་ནང་གི་ཆིབས་སྒྱུར་དང་འདི་བཞིན་ལོ་འདིའི་ནང་ཆིབས་སྒྱུར་གནང་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད། ཆིབས་སྒྱུར་གྱི་སྔ་རོལ་ཙམ་ལ་ཁུལ་དེར་སྡོད་བོད་རིགས་གཙོས་པའི་དད་ལྡན་མང་ཚོགས་རྣམས་ནས་སྤྱི་ཚོགས་ཀྱི་དྲ་རྒྱའི་ཐོག་མགོན་པོ་༸གང་ཉིད་མཆོག་ལ་འཚམས་འདྲིའི་ཕེབས་བསུ་ཞུ་འདུག

བོད་རྔ་པ་ནས་གྲྭ་ཨ་གྲགས་ལགས་དང་ལྷན་དུ་གྲྭ་བློ་བཟང་ལགས་གཙོས་བོད་མི་གཞན་ཁག་ཅིག་འཛིན་བཟུང་བྱས་འདུག

མདོ་སྨད་རྔ་པ་ཀརྟི་དགོན་པའི་གྲྭ་ཨ་གྲགས་ལགས་འཛིན་བཟུང་བྱས་པའི་ཉིན་དེར་གྲྭ་བློ་བཟང་ལགས་ཀྱིས་ཀྱང་རྒྱ་གཞུང་ལ་ཞི་རྒོལ་གནང་པས་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་འདུག ཟླ་ ༩ ཚེས་ ༡༠ ཉིན་གྱི་སྔ་དྲོ་རྔ་པ་ཀིརྟི་དགོན་གྱི་རང་ལོ་ ༢༠ ཙམ་སོན་པའི་གྲྭ་ཨ་གྲགས་ལགས་ཀྱིས་”བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་” ཅེས་རྒྱ་གཞུང་ལ་ཞི་རྒོལ་སྐད་འབོད་བྱེད་བཞིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་ཞི་བའི་གོམ་བགྲོད་བྱས་པར་དེ་མ་ཐག་ཉེན་རྟོག་པས་ཉེས་རྡུང་གཏོང་བཞིན་འཛིན་བཟུང་བྱས་འདུག སྐབས་དེར་ཡོད་པའི་ཉེ་འཁོར་གྱི་བོད་མི་མང་པོས་སྐད་འབོད་སྣ་ཚོགས་བྱེད་སྐབས་ཉེན་རྟོག་པས་མི་མང་རྣམས་ལ་གང་བྱུང་གཅར་རྡུང་གཏོང་བཞིན་མང་པོ་ཞིག་འཛིན་བཟུང་བྱས་ཡོད་ནའང་ད་བར་མི་དེ་དག་གི་མིང་དང་ས་གནས་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད། འོན་ཀྱང་གོང་ཚེས་ཉིན་ཕྱི་དྲོ་ཚོུད། ༦ ཙམ་ལ་མདོ་སྨད་རྔ་པ་ཀིརྟི་དགོན་པའི་རང་ལོ་ ༢༢ སོན་པའི་གྲྭ་བློ་བཟང་ལགས་ཀྱིས་”བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་”ཅེས་རྒྱ་གཞུང་ལ་ཞི་རྒོལ་སྐད་འབོད་བྱེད་བཞིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་ཞི་རྒོལ་བྱས་པར་རྒྱ་གཞུང་དྲག་ཆས་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་རྗེས་བཙོན་ཁང་གང་དུ་བཙོན་འཇུག་བྱེད་མིན་དང་གནས་སྟངས་ཇི་ཆགས་སོགས་ཟུར་ཙམ་ཤེས་རྟོགས་མེད་པ་གྱུར་ཡོད་པ་རེད། དེ་བཞིན་མི་སྐྱ་སྐོར་ཞིག་གིས་ཀྱང་ཁ་སང་བོད་ནང་གི་ཉིན་གུང་ཙམ་ལ་རྔ་པ་རྫོང་མཁར་གྱི་ཁྲོམ་གཞུང་དུ་ཞི་རྒོལ་སྐད་འབོད་གནང་ཡོད་སྐོར་གནས་ཚུལ་ཐོན་འདུག གཞི་རྩའི་ཀིརྟི་དགོན་པའི་གྲྭ་བློ་བཟང་ལགས་ནི་རྔ་པ་རྫོང་ཕྱུགས་ལས་འགབ་མའི་ཕ་སྒ་ཚེ་དང་མ་གནས་སྐྱིད་གཉིས་ལ་བུ་བུ་མོ་ལྔ་ལྷག་ཡོད་པ་ལས་ཁོང་ནི་བཞི་པ་དེ་ཡིན་ཞིང་། ཁོང་ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ནས་ད་ཆར་བློ་རིག་འཛིན་གྲྭར་སློབ་སྦྱོང་གནང་མུས་ཡིན་འདུག ཤེས་རྟོགས་བྱུང་བར་གཞིགས་ན། ད་ལན་མདོ་སྨད་སྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ལགས་ཀྱི་གནས་ཚུལ་དེ་རྩིས་པའི། འདས་པའི་གཟའ་འཁོར་འདིའི་ནང་རྒྱ་གཞུང་ལ་ཞི་རྒོལ་སྐད་འབོད་གནང་མཁན་བོད་མི་བཞི་བྱུང་ཡོད་པ་དེ་དག་རྒྱའི་བཙོན་ཁང་གང་དུ་བཀག་ཉར་བྱས་ཡོད་མེད་དང་གནས་སྟངས་ཇི་ཆགས་སོགས་ཤེས་རྟོགས་ཐུབ་དཀའ་བ་གྱུར་པ་མ་ཟད། སྤྱི་ཚོགས་དྲ་ལམ་ཡོངས་རྫོགས་བཀག་འགོག་བྱས་པ་དང་། ལྷག་པར་རྒྱ་ལམ་གཙོས་པའི་ལམ་གྱི་བཞི་མདོ་ཁག་ལ་དྲག་ཆས་ཉེན་རྟོག་པའི་སྒྲིག་ཆས་སྤྲས་པ་དང་མ་སྤྲས་པའི་དམག་མི་སོགས་ཕོན་ཆེ་འགྲེམས་འཇོག་གིས་མང་ཚོགས་ལ་ཉུལ་བལྟ་བྱས་པ་དང་དེ་བཞིན་སྤྱི་སྤྱོད་རླངས་འཁོར་སོགས་གྲངས་མང་དུ་བཏང་ནས་ས་གནས་སུ་དམ་བསྒྲགས་སྔར་ལྷག་ཤུགས་ཆེ་བྱས་བཞིན་འདུག

བོད་རྔ་པ་ནང་དུ་སླར་ཞི་བའི་ཁྲོམ་སྐོར་བྱེད་པའི་གནས་ཚུལ་ཐོན་བཞིན་འདུག

ཟླ་འདིའི་ཕྱི་ཚེས་ ༧ དང་ ༩ གཉིས་ལ་བོད་མདོ་སྨད་རྔ་པའི་རྫོང་ཐོག་ཏུ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་ལགས་དང། གྲྭ་འཇམ་དཔལ་རྒྱ་ཚོ་ལགས་རྣམ་གཉིས་ཀྱིས་ལག་ཏུ་༸གོང་ས་མཆོག་གི་སྐུ་པར་བསྣམས་ཞིང་༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག བོད་ལ་རང་དབང་དགོས་ཞེས་སྐད་འབོད་གནང་བཞིན་གཞུང་ལམ་ཐོག་རྒྱ་གཞུང་ལ་ཞི་རྒོལ་སྐད་འབོད་གནང་རྗེས་འཛིན་བཟུང་བྱེད་པའི་གནས་ཚུལ་ཐོན་ཟིན་པའི་དུས་ཚམས་འདིར། ཁ་སང་ཡང་སྐྱར་ཀིརྟི་དགོན་པའི་གྲྭ་ཨ་གྲགས་ཞུ་བ་ཞིག་གིས་རྒྱ་གཞུང་ལ་ཞི་རྒོལ་ཁྲོམ་སྐོར་བྱས་པའི་གནས་ཚུལ་ཞིག་ཐོན་བཞིན་འདུག དེ་རིང་ཟླ་ ༩ ཕྱི་ཚེས་ ༡༡ ཉིན་སྤྱི་ཚོགས་དྲ་ལམ་ཐོག་གནས་ཚུལ་ཐོན་པར་གཞིགས་ན། ཕ་ཡུལ་རྔ་བ་སོ་རུ་མ་ནས་ཡིན་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་ཨ་གྲགས་ལགས་ཀྱི་འདྲ་པར་དང་ལྷན་དུ་ཁོང་གི་ཁ་སང་རྔ་བ་རྫོང་ཐོག་ཏུ་རྒྱ་གཞུང་ལ་ཞི་རྒོལ་ཁྲོམ་སྐོར་བྱེད་པའི་གནས་ཚུལ་ཞིག་དང། སྤྱིར་ས་གནས་དེར་དམ་དྲག་དང་བོད་མི་གཞན་ཁག་ཅིག་ཀྱང་འཛིན་བཟུང་བྱེད་ཡོད་པའི་གནས་ཚུལ་ཐོན་བཞིན་འདུག་ཀྱང། ད་ལྟའི་ཆར་དེའི་སྐོར་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག དེའི་སྐོར་བཞུགས་སྒར་དུ་རྟེན་གཞི་བྱས་་པའི་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་སྐུ་བློ་བཟང་ཡེ་ཤེས་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་གནས་ཚུལ་དེ་འདྲ་ཞིག་མཐོང་རྒྱུ་འདུག་ཀྱང་། ད་ལྟ་ཁུལ་དེར་དྲ་རྒྱ་ཆ་ཚང་བཀག་ཟིན་པའི་གནས་སྟངས་འོག་གནས་ཚུལ་ཁ་གསལ་ཞིག་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཅེས་གསུངས་སོང། དེ་བཞིན་ཁ་སང་གྲྭ་ཨ་གྲགས་ལགས་ཀྱི་ལྷན་དུ་བོད་མི་གཞན་ཞིག་གི་ཀྱང་ཞི་རྒོལ་སྐད་འབོད་གནང་ཡོད་པའི་གནས་ཚུལ་ཞིག་འདུག་ཀྱང། ད་བར་གནས་ཚུལ་འདི་ཁུངས་ལྡན་ཡིན་མིན་དང་མི་གཞན་དེ་སུ་ཡིན་མིན་སོགས་གང་ཡང་ཤེས་རྟགས་ཐུབ་མེད། ད་ལན་གྲྭ་ཨ་གྲགས་ལགས་ཀྱི་གནས་ཚུལ་དེ་རྩིས་པའི་འདས་པའི་གཟའ་འཁོར་གསུམ་ནང་མདོ་སྨད་རྔ་བ་ནང་དུ་བོད་མི་གཅིག་པུས་རྒྱ་གཞུང་ལ་ཞི་རྒོལ་སྐད་འབོད་གནང་མཁན་མི་བཞི་བྱུང་ཡོད་པ་རེད།

༸གོང་ས་མཆོག་བོད་ལ་གདན་ཞུ་དང་བོད་ལ་རང་དབང་བྱུང་ན་བོད་ནང་ཕུལ་བྱུང་གི་དུས་རབས་ངོ་མ་དེ་འཆར་ངེས་ཡིན་གསུང་འདུག

བོད་མིའི་སྒྲིག་འཛུགས་བཀའ་ཤག་ངོས་ནས་རྒྱ་གཞུང་གིས་ཉེ་ལམ་བོད་རང་སྐྱོང་ལྗོངས་ཟེར་བའི་ཐོག་ཡིག་ཆ་དཀར་པོ་ཞིག་འདོན་སྤེལ་བྱས་པ་དེ་བཞིན་དངོས་ཡོད་གནས་ཚུལ་དང་རྩ་བ་ནས་མ་འཚམ་པ་ཞིག་ཡིན་པའི་འགྲེལ་བརྗོད་དང་འབྲེལ། ༸གོང་ས་མཆོག་བོད་ལ་གདན་ཞུ་དང་བོད་ལ་རང་དབང་བྱུང་ན་གཞི་ནས་བོད་ནང་ཕུལ་བྱུང་གི་དུས་རབས་ངོ་མ་དེ་འཆར་གྱི་རེད་ཅེས་གསུངས་འདུག དེའང་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ་ ༥༠ འཁོར་བའི་དུས་ཆེན་སྲུང་བརྩི་དང་འབྲེལ། རྒྱ་གཞུང་གིས་ཟླ་བ་འདིའི་ཚེས་ ༦ ཉིན་ཁུལ་དེའི་ཐོག་ཡིག་ཆ་དཀར་པོ་ཞིག་འདོན་སྤེལ་བྱས་ཡོད་པ་དང། དེའི་ནང་བོད་དེ་ད་ཆ་ཕུལ་བྱུང་གི་དུས་རབས་ཤིག་ཏུ་བསྒྱུར་ཡོད་པའི་འགྲེལ་བརྗོད་བྱས་ཡོད་ཀྱང། ཁ་སང་ཕྱི་ཚེས་ ༩ ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ ནང།ཇི་སྲིད་བོད་ནང་རང་དབང་ཅན་གྱི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པ་ཁག་ལ་ཆ་རྐྱེན་གང་ཡང་མེད་པར་འགྲོ་བསྐྱོད་ཀྱི་ཆོག་མཆན་མ་སྤྲད་པ་དེ་སྲིད་དུ་རྒྱ་ནག་གཞུང་གིས་ཡིག་ཆ་འདི་ལྟ་བུ་འདོན་སྤེལ་བྱས་ཏེ་བོད་རྒྱའི་འབྲེལ་ལམ་ལ་འཁྱོག་བཤད་བྱེད་པ་དང། བོད་ལ་དྲག་པོའི་བཙན་བཟུང་བྱས་པ་དེ་དག་འགེབས་སྲུང་བྱེད་བཞིན་པ་དེས་དོན་དག་བསྒྲུབ་རྒྱུ་མེད་པ་ཞིག་རེད་ཅེས་གསུང་འདུག མ་ཟད་རྒྱ་གཞུང་གི་ད་ཐེངས་ཡིག་ཆ་དཀར་པོ་འདིའི་ནང་། བོད་ནང་འཛུགས་སྐྲུན་དང་། སྤྱི་ཚོགས་དང་རིག་གཞུང་གོང་སྤེལ་གྱི་ལས་གཞི་མང་པོ་ཞིག་སྤེལ་ཡོད་པ་འགྲེལ་བརྗོད་བྱས་ཡོད་ཀྱང་། དོན་དངོས་སུ་བོད་མི་ཚོར་ཆོས་དད་མཚོན་པའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་ལོངས་སུ་སྤྱོད་ཆོག་པའི་རང་དབང་རྩ་བ་ནས་སྤྲད་མེད་ཅེས་གསུངས་པ་མ་ཟད། རྒྱ་ནག་གཞུང་གིས་གཞིས་བྱེས་གཉིས་ཀྱི་བོད་མིའི་མངོན་འདོད་༸གོང་ས་མཆོག་བོད་ལ་གདན་ཞུ་དང་བོད་ལ་རང་དབང་དགོས་པའི་དགོས་འདུན་མ་གྲུབ་པ་དེ་སྲིད་བར་དུ་བོད་དོན་ལ་སེམས་ཁུར་ཡོད་ཁུལ་བྱས་པ་དེ་དོགས་གཞི་ཅན་ཞིག་ཆགས་ཡོད་པའི་ལན་འདེབས་དང་སྦྲགས་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་རྒྱའི་དཀའ་རྙོག་སེལ་པར་ཐབས་ལམ་བཟང་ཤོས་ཡིན་པར་བསྐྱར་ནན་གནང་འདུག གཞི་རྩའི་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཐོག་ཡིག་ཆ་དཀར་པོ་དེ་འདོན་སྤེལ་བྱས་མ་ཐག འདི་ག་རླུང་འཕྲིན་ཁང་གི་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བཀྲིས་ཕུན་ཚོགས་ལགས་སུ་བཅར་དྲི་ཞུས་པར་ཁོང་གིས་ཀྱང་སྐབས་དེར་རྒྱ་གཞུང་ནས་རྒྱབ་དཀར་པོ་བསྟུད་མར་བཏོན་ནས་བསྐྱར་བཤད་ཡང་བཤད་ཀྱི་འགྲེལ་བརྗོད་བྱས་ཡོད་པ་འདི་ནི་གཞན་གྱི་དགའ་མོས་ཐོབ་ཐབས་ཙམ་ཤིག་ལས། རང་སྐྱོང་དང་ཡར་རྒྱས་བཤད་བཞིན་པ་དེ་དག་དོན་དངོས་བོད་མི་རྣམས་ལ་ཕན་ཐོགས་མེད་པ་གསལ་པོ་ཡིན་པ་གསུངས་ཡོད་པ་རེད།

ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ཐེངས་བདུན་པ་དབུ་འཛུགས་གནང་པ།

ཇོ་ནང་པའི་ཚོགས་ཆེན་ཐེངས་བདུན་པའི་ཐོག་ཇོ་ནང་པའི་ངོས་ནས་ཆོས་བརྒྱུད་ཀྱི་ཐོབ་ཐང་རྩོད་ལེན་འདི་དུས་རབས་ནས་དུས་རབས་བར་མཚམས་འཇོག་བྱེད་ཀྱི་མ་རེད་ཅེས་གསུངས་སོང། དེ་རིང་ཟླ་ ༩ ཕྱི་ཚེས་ ༡༡ ཉིན་མེ་གྷན་སཱུར་ཡཱ་གསོལ་མགྲོན་ཁང་དུ་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དབུ་བཞུགས་ཐོག་ ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་དབུས་པའི་རྒྱ་བལ་འབྲུག་གསུམ་དང་། ཨ་རི། ཡོ་རོབ། ར་ཤི་ཡ། སོག་པོ། མ་ལེ་ཤི་ཡ་དང་ བོད་བཅས་ཀྱི་ནང་ཇོ་ནང་ཆོས་བརྒྱུད་འཛིན་མཁན་གྱི་དགོན་པ་དང་ཆོས་ཚོགས་ཁག་གི་འཐུས་མི་ ༡༤༠ ལྷག་ཆེད་བཅར་ཐོག་ཚོགས་འདུ་དབུ་འཛུགས་གནང་སོང། སྐབས་དེར་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་ཐོག་མར་ཕྱི་ལོ་ ༡༩༩༧ ལོ་ནས་ད་བར་འདས་པའི་ལོ་ ༡༨ རིང་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅས་སུ་ཇོ་ནང་པ་ལ་ཆོས་བརྒྱུད་གཞན་དང་གཅིག་མཚུངས་ཀྱི་ཐོབ་ཐང་སྤྲོད་རོགས་ཅེས་ཞུ་སྙན་ཕུལ་བའི་བརྒྱུད་རིམ་དང་འབྲེལ། ད་ལན་གྱི་ཚོགས་ཆེན་དེ་བསྐོང་དོན་སོགས་ངོ་སྤྲོད་གནང་གྲུབ་རྗེས། ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་སློབ་སྟོན་པ་མཁན་པོ་ངག་དབང་རྡོ་རྗེ་ལགས་ཀྱིས་ཚོགས་ཆེན་ཐོག་བཙན་བྱོལ་བོད་མིའི་ཁྲིམས་ཡིག་ལུང་འདྲེན་དང་འབྲེལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དགོངས་པ་ཆེ་བཞེས་ཀྱིས་སྔར་གྱི་རྒྱུ་འབྲས་ལ་གཟིགས་ནས་ཐག་གཅོད་གནང་མ་མྱོང་བ་ཞིག་གནང་རྒྱུའི་དུས་ལ་བབ་ཡོད་པ་གསུངས་པ་མ་ཟད། ཇོ་ནང་པའི་ངོས་ནས་ཆོས་བརྒྱུད་ཀྱི་ཐོབ་ཐང་རྩོད་ལེན་འདི་དུས་རབས་ནས་དུས་རབས་བར་མཚམས་འཇོག་བྱེད་ཀྱི་མ་རེད་ཅེས་གསུངས་སོང། དེ་བཞིན་ཇོ་ནང་རྒྱལ་ཚབ་རིན་པོ་མཆོག་གིས་འདས་པའི་ལོ་ ༡༨ རིང་བོད་གཞིས་བྱེས་གཉིས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙོས་པའི་བསྟན་བདག་བླ་ཆེན་རྣམ་པ་དང། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སོགས་སོ་སོར་ཕུལ་སྙན་དང་བཀའ་ལན་བཅས་ཀྱི་ཡིག་ཆ་ཁག་ཚོགས་ཆེན་ཐོག་དཔང་པོའི་ཚུལ་དུ་བསྣམས་པ་དང་། ལྷག་དོན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཐེངས་འདིའི་ཇོ་ནང་ཚོགས་ཆེན་ཐོག་ཕེབས་པའི་བཀའ་ཡིག་སྒྲོག་སྦྱང་གནང་ཡོད་པ་རེད།སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་མཆོག་གིས་དེ་སྔ་ ༢༠༡༡ ལོའི་ཆོས་བརྒྱུད་ཆེན་མོའི་ཚོགས་ཆེན་ཐོག ཇོ་ནང་པའི་ཆོས་བརྒྱུད་དེ་བཞིན་ལྟ་གྲུབ་དང་ཆོས་བརྒྱུད་ཐོག་རང་ཁ་གསོན་པའི་ཆོས་བརྒྱུད་ལ་ངོས་ལེན་ཐོབ་པ་གཞི་བཟུང། ཆོས་རིགས་ལས་ཁུངས་ནས་ངོས་ལེན་ཞུ་མུས་ཐོག་ཇོ་ནང་པའི་དགེ་འདུན་ཚོར་འཚོ་སྣོན་དང། སློབ་ཡོན། ཆོས་ལུགས་ཚོགས་ཆེན་ཐོག་ཇོ་ནང་པའི་སྐུ་ཚབ་ལ་ཞབས་སྟེགས་ཕུལ་པ་མཚོན་འདས་པའི་ལོ་ངོ་ ༥༠ ལྷག་རིང་ནང་པ་སངས་རྒྱས་པའི་ཆོས་འདི་ལ་བརྟེན་ནས་བོད་མི་རིགས་འདི་འཛམ་གླིང་སྤྱི་ལ་ངོམ་ཆོག་པ་ཞིག་ཆགས་ཡོད་སྟབས། ཇོ་ནང་པའི་ཆོས་བརྒྱུད་འཛིན་མཁན་ཚོས་ཀྱང་རང་ཉིད་ཀྱི་ལྟ་གྲུབ་ལ་ཚད་མཐོ་པོའི་སློབ་གཉེར་གནང་དགོས་པ་སོགས་གསུངས་སོང་། རྩ་བའི་ད་ལན་གྱི་དམིགས་བསལ་ཚོགས་ཆེན་དེ་དེ་རིང་དང་སང་བཅས་ཉིན་གཉིས་རིང་ད་བར་ཇོ་ནང་པའི་ངོས་ནས་རང་གཞུང་ལ་ཞུ་གཏུགས་བྱས་པའི་བརྒྱུད་རིམ་ལ་བསྐྱར་ཞིབ་དང། ཡོང་ལ་ཉེ་བའི་གྲོས་ཚོགས་ལ་ཞུ་གཏུག་ཇི་ལྟར་བྱ་དགོས་མིན་སོགས་ཀྱི་ཐད་བགྲོ་གླེང་གནང་རྒྱུ་ཡིན་འདུག གཞན་ཡང་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་དབུས་རྒྱུན་གསར་འདེམས་བཅས་གནང་རྒྱ་རེད་འདུག

གཞོན་ནུ་རྒྱུན་ལས་གསུམ་ནས་དུས་ཚོད་ངེས་མེད་ཀྱི་མེད་ཟས་བཅད་ངོ་རྒོལ་དབུ་འཛུགས་གནང་པ།

གཞིས་ལུས་བོད་མིར་གདུས་སེམས་མཉམ་སྐྱེལ་བཅས་ཀྱི་སླད་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ལས་འགུལ་ཞིག་སྤེལ་འདུག དེ་རིང་ཟླ་ ༩ ཕྱི་ཚེས་ ༡༠ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་རྒྱུན་ལས་གསུམ་ནས་བོད་ཀྱི་མིག་སྔའི་ཛ་དྲག་གནས་སྟངས་དྲིལ་བསྒྲཊ་དང། རང་ལུས་མེར་སྲེག་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་ལ་རྒྱབ་སྐྱོར། གཞིས་ལུས་བོད་མིར་གདུས་སེམས་མཉམ་སྐྱེལ་བཅས་ཀྱི་སླད་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ལས་འགུལ་དབུ་འཛུགས་གནང་འདུག མཉམ་འབྲེལ་རྒྱལ་ཚོགས་དེ་ཡང་བོད་ཀྱི་གནད་དོན་དང་ཐད་ཀར་འབྲེལ་ཡོད་ལ་ངོས་འཛིན་ཞུས་ནས་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཚོགས་ལ་ཉེ་བ་དང་བསྟུན་ཏེ་ཁོང་རྣམས་ནས་རྒྱལ་ཚོགས་ལ་བོད་དོན་གྱི་དགོས་འདོན་དོན་ཚན་ལྔ་ཅན་གྱི་ཞུ་བསྐུལ་སྤེལ་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་ནས་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་དོན་གླེང་སློང་དགོས་པ་དང་། རྒྱ་ནག་སྲིད་གཞུང་ལ་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་མཁན་བོད་མིའི་དགོས་འདུན་ཁག་ལ་འགན་འཁུར་ཡ་ལན་དགོས་པ་ནན་བསྐུལ་མཐའ་འཁྱོལ་བྱ་དགོས་པ། རྒྱ་ནག་སྲིད་གཞུང་ལ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅིུག་པ་མཆོག་སྐུ་འཚོ་བཞུགས་ཡོད་མེད་ཀྱི་བདེན་དབང་གསལ་སྟོན་དགོས་པ་ནན་བསྐུལ་བྱ་དགོས་པ། བོད་ཀྱི་དངོས་ཡོད་གནས་ཚུལ་རྟོགས་ཞིབ་ཆེད་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་ངེས་པར་དུ་གཏོང་དགོས་པ་དང་དེ་བཞིན་རྒྱ་ནག་སྲིད་གཞུང་ལ་བོད་ཀྱི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་དགོས་པ་ནན་བསྐུལ་བྱ་དགོས་པ་བཅས་དགོས་འདུན་ལྔ་བཏོན་གནང་འདུག

༸གོང་ས་མཆོག་ནས་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་ཚོར་ཉིན་བཞིའི་ཆོས་འབྲེལ་མཇུག་སྒྲིལ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ནང་གི་ཆོས་ཞུ་བ་ཚོར་སེམས་པ་བཟང་པོ་བྱས་ནས་གཞན་ཕན་བསྒྲུབ་དགོས་པའི་བཀའ་སྩལ་པ་དང་སྦྲགས་ཏེ་ཉིན་གྲངས་བཞིའི་ཆོས་འབྲེལ་མཇུག་སྒྲིལ་གནང་སོང་། མགོན་པོ་༸གང་ཉིད་མཆོག་ལ་ལྷོ་ཤར་ཨེ་ཤེ་ཡའི་ནང་པའི་དད་ལྡན་པ་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ༸གོང་ས་མཆོག་ནས་ཟླ་འདིའི་ཕྱི་ཚེས་ ༧ ནས་དབུ་འཛུགས་ཀྱིས་དེ་རིང་བར་ཉིན་གྲངས་བཞི་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་པ་ ༨༠༠ གཙོས་པའི། ཕྱི་ནང་གི་ཆོས་ཞུ་བ་༦༠༠༠ བརྒལ་བར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ལེའུ་བཅུ་པ་ནས་འཕྲོ་སྐྱོང་གི་ཆོས་འབྲེལ་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ། དབུ་མའི་ཤིང་རྟ་གསོལ་བྱེད་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་བཅས་ཀྱི་ཆོས་འབྲེལ་བསྩལ་བ་མཇུག་སྒྲིལ་གནང་བ་དང་། དེ་རིང་ཆོས་འབྲེལ་གྱི་ཉིན་མཐའ་མའི་ཐོག་ཆོས་ཞུ་བ་ཚོར་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང་སྤྱོད་འཇུག་གི་བསྔོ་བའི་ལེའུ་ནས་ཆོས་འབྲེལ་གྲུབ་རྗེས་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་འབོགས་ཆོག་སྩལ་སོང་། ལྷག་དོན་དེ་རིང་སྔ་ཐོག་མགོན་པོ་མཆོག་གིས་ཨ་རིའི་ནང་དེ་སྔོན་བྱུང་བའི་དགུ་བཅིུག་གི་དོན་རྐྱེན་དཔེ་རུ་བླངས་ཏེ་ད་ཆ་འཛམ་གླིང་ཁྱོན་ཡོངས་ལ་མི་གསོད་ཁྲག་སྦྱོར་དང་དམག་འཁྲུག་བཅས་ཀྱི་འཚེ་བའི་གནས་དོན་མང་དག་བྱུང་བཞིན་པའི་ཁར། མང་ཚོགས་ནས་རྣམ་ཀུན་སེམས་པ་བཟང་པོ་དང་གཞན་ཕན་བསྒྲུབ་ རྒྱུ་དེ་ནི་ང་ཚོའི་རྩ་དོན་ཞིག་ཡིན་སྟབས། ཚང་མས་གཉིས་ཕན་གྱི་བསམ་བློའི་ཐོག་ནས་མིའི་སྤྱི་ཚོགས་དེའི་ངལ་བ་སེལ་ཕྱིར་འབད་དགོས་པའི་གཞེན་སྐུལ་གནང་སོང། ད་དུང་མགོན་པོ་མཆོག་གིས་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གཞུང་ལས། དགེ་བའི་བཤེས་གཉེན་བསྟེན་ཚུལ་དང་འབྲེལ། མང་ཚོགས་ཀྱི་ངོས་ནས་རང་གི་བླ་མར་དད་པ་གཅིག་པོ་ཙམ་མ་ཡིན་པར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་རང་གི་སྐྱབས་ཡུལ་བླ་མ་དེ་བླ་མའི་མཚན་ཉིད་ལྡན་མིན་ཞིབ་དཔྱད་མཐིལ་ཕྱིན་པ་བྱ་གལ་ཆེ་བའི་བཀའ་སྩལ་སོང། ལར་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལན་གྱི་ཆོས་འབྲེལ་དེའི་ཐོག་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུ་འདྲ་མིན་ནས་ཆེད་བཅར་ཞུས་པའི་དད་ལྡན་པ་ཚོ་དུས་གཅིག་ལ་མཉམ་འཛོམས་ཐོག་གསུང་ཆོས་ཞུཔ་པར་བསྔགས་བརྗོད་དང་འབྲེལ། ད་ཆ་མགོན་པོ་མཆོག་དགུང་ལོ་བགྲེས་པོར་ཕེབས་མཚམས་འདིར། གཞོན་སྐྱེས་ཚོའི་ངོས་ནས་རྟག་ཏུ་སོ་སོར་འཁྲིད་པའི་སྐབས་བབ་ཀྱི་ལས་འགན་རྣམས་ལྷག་བསམ་རྣམ་དག་དང་དྲང་བདེན་གྱི་ཐོག་ནས་གནང་དགོས་སྐོར་བཀའ་བསྩལ་བ་མ་ཟད། རང་གི་ཉིན་རེའི་འཚོ་བའི་ནང་བྱང་ཆུབ་སེམས་སྒོམ་པའི་ཐོག་ནས་གཞན་ལ་ཕན་བཏགས་པ་ལས་གནོད་པ་མི་བྱེད་པའི་ལམ་སྟོན་སྩལ་སོང་། གཞན་ཡང་དེ་རིང་ཆོས་འབྲེལ་མཇུག་སྒྲིལ་དང་བསྟུན། ཝི་ཏི་ནམ་ནང་པའི་དད་ལྡན་པ་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༠ ཕེབས་པའི་རྟེན་འབྲེལ་མཚོན་ཆེད་འཁྲུངས་སྐར་གྱི་མངར་ཟས་འདེགས་འབུལ་ཞུས་པར་མགོན་པོ་༸གང་ཉིད་མཆོག་ཐུགས་དགྱེས་ཚོར་ཆེན་པོས་མངར་ཟས་ཀྱི་དུམ་བུ་ཅུང་ཙམ་ཞིག་མཆོད་སྟེ་ཐེངས་འདིའི་ཆོས་འབྲེལ་ལེགས་པར་མཇུག་སྒྲིལ་གནང་སོང་།

Latest news