Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཞི་ཅིང་ཕིང་མ་སླེབས་གོང་བོད་ནང་སྔར་ལྷག་དམ་བསྒྲགས་བྱེད་འགོ་ཚུགས་འདུག

ཨ་རིར་རྟེན་གཞི་བྱས་པའི་ bowenpress.com ཞེས་པའི་གསར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཟླ་བ་འདིའི་ཟླ་མཇུག་ཏུ་བོད་ནང་བསྐྱོད་འཆར་ཡོད་པ་དང། གནད་དོན་དེའི་རྐྱེན་པས་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ནང་དྲག་ཆས་དམག་མི་སོགས་སྔར་ལྷག་འགྲེམས་འཇོག་བྱེད་བཞིན་པ་མ་ཟད། འགག་སྒོ་ཁག་ཏུ་དམ་བསྒྲགས་ཤུགས་ཆེ་བྱེད་འགོ་ཚུགས་ཡོད་པ་བརྗོད་འདུག

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དུག་གིས་བཀྲོངས་འདུག

རྒྱ་ནག་གཞུང་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྤུན་ཉེ་འབྲེལ་དང་སློབ་མ། དེ་བཞིན་མང་ཚོགས་བརྒྱ་སྐོར་ཁ་ཤས་ཀྱིས་མངོན་འདོད་ལྟར་སྐུ་ཕུང་ནང་མིར་རྩིས་མ་སྤྲད་པར་བཙན་དབང་འོག དེ་རིང་བོད་ནང་གི་སྔ་དྲོ་ཚོུད་༧པའི་ཐོག་ཞུགས་འབུལ་གནང་འདུག རིན་པོ་ཆེ་མཆོག་གི་སྤུན་མཆེད་གཅིག་གིས་འགྲེལ་བརྗོད་གནང་པར་རྒྱ་ནག་གཞུང་ནས་རིན་པོ་ཆེ་མཆོག་དུག་གིས་བཀྲོངས་ཡོད་པ་རེད་འདུག

ཅོ་ནེའི་བོད་མི་གཉིས་ལ་དོན་མེད་གཅར་རྡུང་དང་འཛིན་བཟུང་བྱས་པ།

ཕྱི་ཟླ་ ༥ པའི་ཚེས་ ༢༧ ཉིན་རྒྱལ་གཅེས་སངས་རྒྱས་མཚོ་ལགས་ཀྱི་རང་ལུས་མེར་བསྲེགས་བཏང་ཡུལ་བོད་མདོ་སྨད་ཅོ་ནེ་རྫོང་ཆས་བུ་གཞིས་ཁུལ་གྱི་ཉིན་པ་སྡེ་བའི་འབྲོག་སར་བདེ་འཇགས་སླད་ཡིན་ཟེར་བའི་རྒྱ་གཞུང་སྤྱི་བདེ་མི་སྣས། ཉིན་པའི་འབྲོག་མི་ཕར་འགྲོ་ཚུར་འོང་རྣམས་ཀྱི་གཞུང་ལམ་བཀག་འགོག་དང། འབྲོག་པ་ཚོ་དབྱར་དགུན་རུ་པ་སྤོ་སྐབས་དོན་མེད་ཀྱིས་གཅར་རྡུང་དང་སུན་གཙེར་བཟོ་བཞིན་པའི་ཁྲོད་དུ། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཁུལ་དེའི་བོད་མི་རྣམ་རྒྱལ་སྐྱབས་དང་བན་དེ་མཁར་ཞུ་བ་གཉིས་ལ་གཅར་རྡུང་དྲགས་པོ་བཏང་སྟེ་འཛིན་བཟུང་བྱེད་འདུག ཉེན་རྟོག་པས་ས་གནས་བོད་མི་ཚོར་ཞིབ་བཤེར་བྱ་རྒྱུ་ཡིན་པའི་སྔོན་བརྡ་གང་ཡང་མ་བྱེད་པར་ཉིན་པ་སྡེ་པའི་སྐྱེས་པ་ཚོར་གཞུང་ལམ་བཀག་འགོག་གིས་སྔོག་གཤེར་བྱས་སྟབས། སྐྱེས་པ་ཚོས་ཞིབ་གཤེར་བྱེད་དོན་ཅི་ཡིན་སོགས་ཀྱི་གནད་དོན་དྲི་པར། ཉེན་རྟོག་པས་དེ་མ་ཐག་རྣམ་འགྱུར་མི་ལེགས་པར་ཁ་གཡར་ཏེ་ཁོང་གཉིས་ལ་དབྱུག་པ་དང་ཁུ་ཚུར། རྡོག་ཐོ་སོགས་ཀྱིས་གཞུས་ནས་རུབ་རྡུང་ཡུན་རིང་བྱས་མཐར། ཉེན་རྟོག་པས་རླངས་འཁོར་ནང་བཞག་སྟེ་ལྐོག་སུད་ཀྱིས་ཀན་ལྷོ་མི་མང་སྨན་ཁང་དུ་འཕྲལ་མར་བཙན་ཁྲིད་བྱས་ཡོད་པ་མ་ཟད། ཆུ་ཚོད་ཉེར་བཞི་རྗེས་སུའང་ ཁོང་གི་སྤུན་གཉེན་རྣམས་ལ་བརྡ་ལན་སྤྲད་མི་འདུག

སྐུ་ལུས་ཞུགས་འབུལ་གནང་མཁན་གྲྭ་བསོད་ནམས་སྟོབས་རྒྱལ་ལགས་ཀྱི་ཞལ་ཆེམས།

ཟླ་འདིའི་ཚེས་ ༩ ཉིན་བོད་ནང་ཕྱི་དྲོ་ཆུ་ཚོད་ ༦ ཙམ་ལ་ཁམས་ཡུལ་ཤུལ་སྐྱེ་རྒུ་མདོའི་གེ་སར་ཐང་ཆེན་དུ་བོད་བསྟན་སྲིད་མི་རིགས་དང་བཅས་པའི་སླད་རང་ལུས་ཞུགས་འ བུལ་གནང་མཁན་སྡེ་དགེ་རྫོང་གསར་དགོན་པའི་གྲྭ་བསོད་ནམས་སྟོབས་རྒྱལ་ཀྱི་ཞལ་ཆེམས་ནང་དུ། ང་ཚོ་མང་ཚོགས་ཚང་མའི་རེ་བ་གཙོ་བོ་ནི་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཕོ་བྲང་པོ་ཏ་ལའི་ནང་དུ་ཞབས་སོར་འགོད་དགོས་པ་དེ་ཡིན། ང་ཚོ་ལ་བདེན་དོན་དང་གནས་ལུགས་སོགས་གང་ཡང་བཤད་དབང་མེད་པའི་ཕྱིར་ངའི་ཚེ་སྲོག་གིས་སྤྱིར་འཛམ་བུ་གླིང་དང་ཡང་དགོས་སུ་རྒྱ་ནག་སྲིད་གཞུང་དང་མི་དམངས་ལ་བདེན་དཔང་བྱེད་དགོས་བྱུང། ཤ་རུས་གཅིག་ལས་ཆེད་པའི་སྤུན་ཟླ་རྣམས་ཀྱིས་གོ་མེད་ཚོར་མེད་མ་གནང་ནས་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ། མ་འོངས་པར་མི་རིགས་འདི་བདེན་མཐའ་གསལ་བའི་ཆེད་དུ་ཚང་མས་འབད་བརྩོན་ཅི་ནུས་གནང་རོགས་ཞུ་ཞེས་གསུངས་འདུག

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སླད་ཞུ་འབོད་གནང་མཁན་བོད་མི་ ༡༥ ལ་རྨས་སྐྱོན་དྲག་པོ་ཕོག་པ།

ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་གཞུང་གི་བཙོན་ཁང་ནང་འདས་གྲོངས་གྱུར་ནས་ཉིན་གསུམ་ཙམ་སོང་ཟིན་པའི་དུས་མཚམས་འདིར། རིན་པོ་ཆེའི་སྤུན་མཆེད་རྣམས་ད་དུང་ཡང་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ཏཱ་ཀྲུ་རྫོང་གི་ཁྲོན་ཏུང་བཙོན་ཁང་དུ་མུ་མཐུད་བཞུགས་ནས་སྐུ་ཕུང་རག་ཐབས་གནང་བཞིན་ཡོད་པ་དང་། ཉེ་ཆར་ཚེས་༡༣ཉིན་ལི་ཐང་ཨོ་ཐོག་འབྲོག་ཁུལ་གྱི་ས་གནས་བོད་མི་རྣམས་ནས་རིན་པོ་ཆེའི་སྐུ་ཕུང་བོད་མིར་རྩིས་སྤྲོད་དགོས་པའི་ཞུ་གཏུགས་བྱེད་སྐབས། རྒྱ་གཞུང་གི་ཉེན་རྟོགས་པས་ཁོ་ཚོར་མེ་མདའ་རྒྱབ་པ་དང་ཉེས་བརྡུང་བཏང་སྟབས། དེའི་ཁྲོད་བོད་མི་ ༡༥ ལ་རྨས་སྐྱོན་དྲག་པོ་ཕོག་སྟེ་ད་ཆ་ཁྲེན་ཏུ་སྨན་ཁང་དུ་སྐྱེལ་དགོས་པ་བྱུང་འདུག སྐབས་དེའི་དོན་རྐྱེན་དང་འབྲེལ་བའི་འདྲ་དཔར་ཁག་ཅིག་བཙན་བྱོལ་དུ་ཕྱིར་འབྱར་བྱུང་བའི་ནང་དགེ་འདུན་པ་ཞིག་གི་མཇིང་པར་མེ་མདའ་ཕོག་པ་དང་། དེ་བཞིན་བོད་མི་མང་པོ་ཞིག་གི་མགོ་དང་ལུས་པོར་མེ་མདའ་ཕོག་སྟེ་རྨས་སྐྱོན་ཚབས་ཆེ་བྱུང་བ་མངོན་རྒྱུ་འདུག ཁ་སང་རྒྱ་གཞུང་གི་འབྲེལ་ཡོད་ཚོས་ཉག་ཆུ་རྫོང་ཁོངས་ཀྱི་མི་བཅོ་བརྒྱད་ཀྱིས་ཞུ་གཏུགས་ཆེད་བཙོན་ཁང་ཡོད་སར་འགྲོ་ཆོག་པའི་ཆོག་ཆན་སྤྲད་སྟབས། ད་ཆ་བོད་མི་བཅོ་བརྒྱད་དེ་དག་དང་གཞན་ཡང་ལི་ཐང་དང་ཉག་ཆུ་རྫོང་གི་ས་གནས་བོད་མི་བརྒྱ་སྐོར་ཙམ་ཞིག་བཙོན་ཁང་དེར་འབྱོར་ནས། རྒྱ་གཞུང་ལ་རིན་པོ་ཆེའི་སྐུ་ཕུང་བོད་མིར་རྩིས་སྤྲོད་དགོས་པའི་འབོད་སྐུལ་མུ་མཐུད་ཞུ་མུས་དང།། རིན་པོ་ཆེའི་སྤུན་ཆེད་གཅིག་དྲན་མེད་དུ་བརྒྱལ་བའི་གནས་ཚུལ་བྱུང་འདུག རྩ་བས་ཁ་སང་ཞུགས་སྒར་དུ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་གོ་སྒྲིག་འོག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་མཛད་རྗེས་ལ་བཀྲིན་རྗེས་དྲན་མཚོན་ཆེད་ཀྱི་བགྲོ་གླེང་ལས་རིམ་ཞིག་ཚོགས་པའི་ཐོག དགེ་བཤེས་ཉི་མ་ལགས་གཙོས་པའི་བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བལྟི་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་བཅས་གསུམ་ནས། དམ་པ་ཁོང་གིས་བོད་ཀྱི་བསྟན་སྲིད་སླད་མཛད་རྗེས་བསྐྱངས་པ་རྣམས་ལ་ཆེ་བསྟོད་ཀྱི་ཡི་རང་ཞུས་པ་དང། རིན་པོ་ཆེ་མཆོག་ལ་ཁྲིམས་ཐོག་ནས་དྲང་བདེན་གྱི་ཐག་གཅོད་བྱེད་མེད་པའི་བརྒྱུད་རིམ་སྐོར་དང་། དེ་བཞིན་རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་རིན་པོ་ཆེ་མཆོག་གི་གནས་སྟངས་དེ་ཁྲིམས་འགལ་ཆགས་ཀྱི་ཡོད་པ་བཅས་ཀྱི་ཐོག་བགྲོ་གླེང་གཟབ་རྒྱས་ཞིག་གནང་འདུག སྐབས་དེར་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་རྒྱ་གཞུང་གིས་ཁྲིམས་ཀྱི་ཐོག་ནས་རིན་པོ་ཆེར་ཁྲིམས་འགལ་གྱི་ཉེས་ཆད་བསྐྱལ་ཡོད་པར་སྐྱོན་བརྗོད་གནང་བ་དང། གཞན་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཕེལ་རྒྱས་བལྟི་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་རིན་པོ་ཆའི་་གནས་སྟངས་དེ་ཁྲིམས་འགལ་ཆགས་ཀྱི་ཡོད་པ་མང་ཚོགས་ལ་ངོ་སྤྲོད་གནང་སོང།

ཨ་རིའི་གྲོས་ཚོགས་སུ་བོད་དོན་ཉན་ཞིབ་གནང་བ།

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཨ་རིའི་གྲོས་ཚོགས་ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་སླད་མྱ་ངན་གྱི་ངག་བཅད་གནང་བ་དང་འབྲེལ། རྒྱ་ནག་གཞུང་ནས་རིན་པོ་ཆེ་མཆོག་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་དགོས་པའི་དགོས་འདུན་བཏོན་པ་མ་ཟད། ཨ་རིའི་གཞུང་ངོས་ནས་རྒྱ་ནག་ཐོག་སྲིད་བྱུས་མཁྲེགས་ཙམ་འཛིན་དགོས་པའི་སྐུལ་མ་ཞུས་འདུག ཁ་སང་ཨ་རིའི་གྲོས་ཚོགས་ཀྱི་ Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནས་བོད་རྒྱའི་གནད་དོན་སྐོར་ལ་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་ཡོད་པ་དང། ལས་རིམ་དེའི་ཐོག་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Sarah Sewall དང། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ངེས་སྟོན་པ་ sophie Richardson དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་གློག་བརྙན་ཁྲབ་སྟོན་པ་སྐུ་ཞབས་ Richard Gere དང། ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་ཨུ་ཀ་ཚང་སྐལ་རྡོར་ལགས་བཅས་མཉམ་ཞུགས་གནང་འདུག སྐབས་དེར་ Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་ Jim McGovern དང། Joe Pitts ལགས་དང་ལྕམ་སྐུ་ Nancy Pelosi ལགས་གཙོས་པའི་གྲོས་ཚོགས་འཐུས་མི་མི་ཉུང་བ་ཞིག་ནས་ཀྱང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་གནད་དོན་ཐོག་ཐུགས་འཚབ་ཡོད་པའི་གསུང་བཤད་གནང་འདུགསྐུ་ཞབས་ Jim McGovern ལགས་ནས་ཉན་ཞིབ་ཀྱི་ལས་རིམ་འདི་བཞིན། སྤྲུལ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་གནད་དོན་ངོ་སྤྲོད་དང་སྦྲགས་ནས་དབུ་འཛུགས་གནང་བ་དང། དེ་བས་ཀྱང་ཁོང་གིས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་བྱེད་སྟངས་དེ་ནི་ཚད་ལས་བརྒལ་བ་དང་རྒྱུ་མཚན་དང་མི་ལྡན་པ་ཞིག་ཡིན་པས་བོད་ཀྱི་གནད་དོན་ཐད་ང་ཚོས་ད་ཆ་བསམ་བློ་གསར་པ་ཞིག་དང་དོན་དངོས་ཐོག་ནུས་པ་ལྡན་པའི་ཕྱག་ལས་གསར་པ་ཞིག་གནང་དགོས་ཀྱི་འདུག རྒྱ་ནག་གཞུང་ནས་༸གོང་ས་མཆོག་དགོངས་པ་རྫོགས་ན་བོད་ཀྱི་གནད་དོན་རང་བཞིན་གྱིས་ཡལ་འགྲོ་རྒྱའི་རེ་བ་བཅང་བཞིན་ཡོད་པ་དེ་ནི་འདི་ནི་རྩིས་ནོར་བ་ཞིག་རེད། ང་ཚོས་བོད་ཀྱི་གནད་དོན་ནམ་ཡང་བརྗེད་ཀྱི་མ་རེད་ཅེས་གསུངས་འདུགཉན་ཞིབ་ཀྱིས་ལས་རིམ་དེའི་སྐབས་ད་དུང། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་Sarh Sewall ལགས་ཀྱིས་རྒྱ་ནག་གཞུང་ལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་དགོས་པའི་ནན་བཤད་དང་འབྲེལ། ཨ་རིའི་གཞུང་ངོས་ནས་རྒྱ་ནག་གི་བདག་དབང་ལ་གུས་བརྩི་ཞུ་བ་དང་ཆབ་གཅིག རྒྱ་ནག་སྤྱིའི་བདེ་འཇགས་དང་རྒྱལ་ཁབ་དེའི་ཕུགས་རྒྱང་རིང་བའི་ཁེ་ཕན་ཆེད། ང་ཚོས་སླར་ཡང་རྒྱ་ནག་གཞུང་ལ་༸གོང་ས་མཆོག་དང་ཡང་ན་༸གང་ཉིད་ཀྱི་སྐུ་ཚབ་ལྷན་དུ་ཆ་རྐྱེན་གང་ཡང་མེད་པར་གྲོས་མོལ་བསྐྱར་གསོ་བྱེད་དགོས་པའི་འབོད་སྐུལ་མུ་མཐུད་ཞུ་ཡི་ཡོད་ཅེས་གསུངས་འདུག དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Richard Gere ལགས་ཀྱིས་ཀྱང། ད་རེས་རིན་པོ་ཆེ་མཆོག་རྒྱ་ནག་གི་བཙོན་ཁང་ནང་གློ་བུར་དུ་དགོངས་པ་རྫོགས་པ་དེས་བོད་ཀྱི་གནས་སྟངས་ཛ་དྲག་ཇི་ལྟར་ཆགས་ཡོད་གསལ་པོ་བཏོན་གྱི་ཡོད་སྐོར་གསུངས་པ་མ་ཟད། རྒྱ་ནག་གཞུང་གིས་༸གོང་ས་མཆོག་དང་ལྷན་ཞི་མོལ་བརྒྱུད་བོད་དོན་བདེན་མཐའ་སེལ་དགོས་པ་དང། ༸གོང་ས་མཆོག་ནི་དཀའ་ངལ་གྱི་གཞི་རྩ་མ་ཡིན་པར་བོད་ཀྱི་གནད་དོན་སེལ་ཐུབ་མཁན་གྱི་ཐབས་ལམ་ལེགས་ཤོས་དེ་ཡིན་པར་འགྲེལ་བརྗོད་གནང་འདུག དེ་བཞིན་ཡང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་ནས་རྒྱ་གཞུང་གིས་བོད་མིའི་ཐོག་བྱེད་འབྱེད་ཀྱི་སྲིད་བྱུས་འཛིན་བཞིན་པར་སྐྱོན་བརྗོད་གནང་བ་དང་སྦྲགས། བོད་མིའི་སྒྲིགས་འཛུགས་ཀྱི་ངོས་ནས་༸གོང་ས་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་སྲ་བརྟན་གནས་བཞིན་པ་ལྟར། བོད་རྒྱ་འབྲེལ་མོལ་ཐད་གྲ་སྒྲིག་ཨང་སར་ཡོད་པར་འགྲེལ་བརྗོད་ཀྱང་གནང་འདུག  

༸གོང་ས་མཆོག་རྒྱལ་ཁབ་གསུམ་གྱི་ནང་མཛད་འཕྲིན་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་ཞབས་སོར་འཁོད་པ།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་སྔོན་དབྱིན་ཡུལ་དང། ཨ་རི། དེ་བཞིན་འཇར་མ་ནི་ནང་མཛད་འཕྲིན་ཁག་ལེགས་པར་གྲུབ་བསྟུན། དེ་རིང་ཟླ་ ༧ ཚེས་ ༡༥ སྔ་དྲོ་ཚོུད་ ༡༠།༣༠ ཡོལཙམ་ལ་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་གནང་སོང་། མགོན་པོ་༸གང་ཉིད་རྒྱ་གར་དུ་ཆིབས་ཞལ་མ་བསྒྱུར་གོང་འཇར་མ་ནི་ནང་གྱི་ཉིན་མཐའ་མའི་མཛད་འཆར་ཁྲོད་གཙོ་བོ་མངའ་སྡེ་གྲོས་ཚོགས་སུ་ཆིབས་སྒྱུར་གནང་ཏེ་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གཙོས་བཀའ་ཤག་ལྷན་རྒྱས་དང་། གྲོང་སྡེ་སྤྱི་ཁྱབ་ཆེན་མོ་མཆོག ཆབ་སྲིད་ཚོགས་ཁག་གི་དབུ་ཁྲིད་རྣམས་དང་ལྷན་དུ་བཀའ་བསྡུར་གནང་འདུགགཞན་ཡང་ཁུལ་དེའི་ནང་རྟེན་གཞིས་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་གཙོས་རྒྱུན་ལས་རྣམས་དང་ལྷན་མཇལ་གནང་བ་དང། ལྷག་དོན་མགོན་པོ་མཆོག་དགུང་གྲངས་ ༨༠ ཕེབས་བསྟུན། འཇར་མ་ནི་རྒྱལ་ཡོངས་ནང་༸སྐུའི་གྱ་སྟོན་གྱི་འཁྲུངས་སྐར་སྲུང་བརྩི་ཞུ་སླད་༸གང་ཉིད་ཀྱི་༸སྐུ་པར་འཁོད་པའི་སྦྲག་རྟགས་ཤིག་གསར་བཟོ་ཐུབ་པ་དེའི་རྒྱབ་ལྗོངས་དང་སྦྲགས་ནས་༸གང་ཉིད་ལ་སྤྱན་འབུལ་ཞུས་འདུགསྐབས་དེར་མགོན་པོ་མཆོག་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ད་བར་དུ་བོད་དོན་ཐད་རྒྱབ་སྐྱོར་གནང་མུས་ཡིན་པར་ཐུགས་རྗེ་ཆེ་ཞུས་དང་སྦྲགས། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་ཚོས་ཀྱང་མུ་མཐུད་ཤུགས་སྣོན་བསྐྱོན་དགོས་པའི་བླང་དོར་གྱི་བཀའ་སློབ་སྩལ་རྗེས་གོ་སྒྲིག་ཚོགས་ཆུང་གི་དང་བླངས་ཚོགས་མི་ཚོར་མཇལ་འཕྲད་ཀྱིས་མཇལ་དར་དང་ཕྱག་རྟགས་གནང་ནས་འཚམས་འདྲི་གནང་འདུག རྩ་བས་ད་ལན་༸གོང་ས་མཆོག་འཇར་མ་ནི་ནང་རྟེན་གཞིས་བྱས་པའི་བོད་རིགས་ཚོགས་པ་དང་འཇར་མན་ཚོགས་པ་ Friends of Friend ཞེས་པའི་ཚོགས་པ་གཉིས་ཀྱིས་གདན་ཞུས་གནང་བ་ཞིག་རེད་འདུག

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་གནད་དོན་ཐོག་རྒྱ་གཞུང་ལ་ངོ་རྒོལ།

རྒྱ་ནག་གཞུང་གིས་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གློ་བུར་དུ་བཙོན་ཁང་ནང་དགོངས་པ་རྫོགས་ཡོད་ཚུལ་བརྗོད་མ་ཐག ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་འོག བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་གཞོན་པ་པདྨ་གཡུ་གོ་ལགས་དང་ཚོགས་པ་དེའི་འབྲེལ་མཐུད་འགན་འཛིན་ཚེ་དཔག་སྦ་ཡུལ་ལགས། དེ་བཞིན་ནིའུ་ཡོག་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་བྱེད་བཅས་གསུམ་ཁུལ་དེར་རྟེན་གཞིས་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་ནང་དུ་ཕྱིན་ནས། གཞུང་ཚབ་ཀྱི་ལས་མི་རྣམས་ལ་རྒྱ་གཞུང་གིས་རིན་པོ་ཆེ་མཆོག་བཙོན་ཁང་ནང་སྐུ་བཀྲོངས་ཡོད་པའི་ངོ་རྒོལ་བྱས་པ་མ་ཟད། རིན་པོ་ཆེ་མཆོག་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་དགོས་པའི་དགོས་འདུན་བཏོན་འདུག དེ་བཞིན་རྒྱ་གར་རྒྱལ་ས་ལྡི་ལི་དང་བཞུགས་སྒར་དྷ་ས་བཅས་པར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་གོ་སྒྲིག་འོག མར་མེ་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་བ་མ་ཟད། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་James McGovernལགས་ཀྱིས་རྒྱ་གཞུང་ནས་ངེས་པར་དུ་རིན་པོ་ཆེ་མཆོག་གི་སྐུ་ཕུང་ཁོང་གི་ནང་མིར་རྩིས་སྤྲོད་བྱེད་ནས། བོད་མིའི་་སྲོལ་རྒྱུན་དང་མཐུན་པའི་སྒོ་ནས་ཞུགས་འབུལ་བྱ་བཅུག་དགོས་པའི་འབོད་སྐུལ་ཞུས་པ་དང། ད་རེས་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་བཙོན་འཇུག་འོག་སྐུ་འདས་གྲོངས་སུ་གྱུར་པའི་གནད་དོན་དེས། དོན་དངོས་བོད་ནང་གི་ད་ལྟའི་གནས་སྟངས་དེ་ཇི་ཙམ་གྱི་ཛ་དྲག་ཏུ་གྱུར་བཞིན་ཡོད་པ་གསལ་བཏོན་བྱས་ཀྱི་ཡོད་སྐོར་ནན་བརྗོད་གནང་འདུགདེ་བཞིན་དབྱིན་ཡུལ་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་དབྱིན་ཡུལ་གཞུང་གི་ངོས་ནས་དབྱིན་ཡུལ་དང་རྒྱ་ནག་གཉིས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཙམ་མ་ཟད། དུས་ནམ་ཡིན་ལ་རྒྱ་ནག་གི་སྐུ་ཚབ་དང་ལྷན་དུ་རྒྱ་གཞུང་གིས་མ་ཉེས་ཁ་གཡོག་འོག་བཙོན་འཇུག་བྱས་པའི་སྤྲུན་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་གནད་དོན་སྐོར་གླེང་གློང་གང་ཐུབ་བྱེད་ཡོད་པ་དེ་ལྟར་ཡང་། ད་རེས་རིན་པོ་ཆེ་ཁོང་བཙོན་ཁང་ནང་གློ་བུར་དུ་སྐུ་འདས་གྲོངས་སུ་གྱུར་ཡོད་པ་དེ་ནི་དབྱིན་ཡུལ་གཞུང་ལའང་བློ་ཕམ་ཆེན་པོ་བྱུང་ཡོད་སྐོར་བརྗོད་འདུག

༸གོང་ས་མཆོག་ནས་འཇར་མན་ Frankfurt གྲོང་ཁྱེར་སྤྱི་ཁྱབ་མཆོག་དང་མཇལ་འཕྲད་གནང་འདུག

ཟླ་འདིའི་ཚེས་ ༡༣ སྔ་དྲོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཇར་མ་ནིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་དང་གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་མཇལ་འཕྲད་གནང་བ་མ་ཟད། འཇར་མན་ Frankfurt གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ Peter Feldmann མཆོག་དང་ལྷན་དུའང་མཇལ་འཕྲད་གནང་འདུག སྐབས་དེར་གྲོང་ཁྱེར་སྤྱི་ཁྱབ་མཆོག་གིས་གྲོང་ཁྱེར་ཚོགས་ཁང་ཆེན་མོར་༸གང་ཉིད་ལ་སྣེ་ལེན་གཟབ་རྒྱས་ཞུ་ཐོག་རིག་གཞུང་སྣ་འཛོམས་དང་། རྒྱལ་ཁབ་འདྲ་མིན་གྱི་མི་རིགས་འདྲ་མིན་ཡོད་པའི་ frankfurt གྲོང་ཁྱེར་དེའི་ནང་འཚེ་མེད་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་སྤེལ་མཁན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞབས་སོར་འཁོད་རྒྱུ་བྱུང་བ་དེ་ནི་ཧ་ཅང་སྐལ་བ་བཟང་པོ་ཞིག་ཡིན་སྐོར་གསུངས་པ་མ་ཟད།  ༸གང་ཉིད་དགུང་གྲངས་ ༨༠ ཕེབས་པའི་སྐལ་བཟང་གི་དུས་ཚིགས་དེ་དང་སྟབས་འཁེལ་བ་དེ་ནི་ཧ་ཅང་དགའ་དགོས་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུག ༸གོང་ས་མཆོག་གིས་དེ་རྗེས་འཇར་མ་ནིའི་འགྲེམས་སྟོན་ཁང་ཞིག་ཏུ་ཆིབས་བསྒྱུར་གནང་ཐོག་ཡུལ་དེའི་མཐོ་སློབ་ཁག་འདྲ་མིན་ནས་སློབ་གཉེར་བ་ལེགས་གྲས་འདེམས་གྲུབ་ཀྱིས་ཁྱོན་སློབ་ཕྲུག་ ༧༠ ལྷག་ལ་རྒྱུན་དུ་སྤྱི་ཚོགས་ནང་གཞན་ཕན་གྱི་ཕྱག་ལས་གནང་ཕྱོགས་དང་།དུས་རབས་ཉི་ཤུ་པ་དེ་ཞི་བདེའི་སྤྱི་ཚོགས་ཤིག་ཏུ་བསྐྲུན་རྒྱུའི་འགན་ཡོད་ལུགས་དང་འབྲེལ་བའི་ཐོག་བཀའ་སློབ་སྩལ་འདུག གཞན་ཡང་འཇར་མ་ནི་ནང་རྟེན་གཞིས་བྱས་པའི་བོད་རིགས་ཚོགས་པས་གོ་སྒྲིག་འོག ༸སྐུའི་གྱ་སྟོན་ཆེན་མོའི་མཛད་སྒོར་དབུ་བཞུགས་མཛད་པ་དང། མཛད་སྒོའི་ཐོག་འཇར་མ་ནི་སྲིད་འཛིན་ཟུར་པ་སྐུ་ཞབས་ Prof. Christian Schwarz-Schilling ལགས་དང།  ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Thoman Mann ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུས་པའི་སྐུ་མགྲོན་ཁག་ཅིག་ཆེད་ཕེབས་ཀྱིས་མཁྱོན་མི་གྲངས་ ༢༢༠༠ ལྷག་ནས༸སྐུའི་གྱ་སྟོན་གྱི་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩི་ཞུས་འདུག སྐབས་དེར་མགོན་པོ་མཆོག་གིས་བོད་རོགས་དང་རྒྱ་རིགས་ཚོར་བཀའ་སྩལ་བའི་ཁྲོད་དུ་ང་ཚོ་བོད་རིགས་རྣམས་ལ་ཐུན་མོང་མ་ཡིན་པའི་བོད་ཀྱི་སྐད་ཡིག་གཉིས་དང་ལེགས་བྱང་ཁྱད་པར་བ་ཡོད་པ་དེ་དག་མི་རབས་གཞོན་པ་ཚོས་དོ་སྣང་གནང་དགོས་གལ་ཆེ་བར་བཀའ་སྩལ་འདུག་པ་མ་ཟད། ལྷག་དོན་དུ་རྒྱ་རོགས་ཚོར་བོད་ཀྱི་བདེན་དོན་གང་ཡིན་ཤེས་རྟོགས་ཡོད་ཐོག་འགྲེལ་བརྗོད་གནང་གལ་ཆེ་བ་དང་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་མུས་ཡིན་པ་དེའང་རྒྱུན་ཁྱོངས་ཡོང་བའི་ཞེན་སྐུལ་གྱི་བཀའ་སྩལ་མཛད་འདུག མཛད་འཆར་ལྟར་ན། དེ་རིང་ཚེས་ ༡༤ སྔ་དྲོ་༸གོང་ས་མཆོག་འཇར་མ་ནི་ Hessen མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་དང་སྲིད་བློན་དེ་བཞིན་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་ཀྱི་མཛད་འཆར་ཁག་ཅིག་གྲུབ་རྗེས།  ༸གང་ཉིད་མཆོག་རྒྱ་གར་ལ་ཆིབས་ཤལ་བསྒྱུར་གནང་རྒྱུ་རེད་འདུག  

Latest news