Tibetan Royal Year of 2151 | Year of the Wood Dragon

7th Session of 16th TPiE

སྨན་བཅོས་ལྟ་སྐྱོང་ལས་གཞི་ནང་ཚོགས་ཞུགས་གནང་མཁན་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད།

སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོགས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བདུན་པའི་ཐོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དམིགས་བསལ་དང་ཟུར་བཀོད་མ་དངུལ་གཏན་འབེབས་དང་ལས་དོན་སྤྱི་ཡོངས་ཐོག་མུ་མཐུད་བགྲོ་གླེང་གནང་ཡོད། བོད་མི་མང་སྤྱི་འཐུས་ཁག་གཅིག་ནས་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་ཐོག་མར་འགོ་འཛུགས་གནང་སྐབས་ཀྱི་དམིགས་ཡུལ་དང་རེ་བ་ཇི་ལྟར་གནང་ཡོད་མེད་དང་། ད་ལྟའི་ཆར་ལས་གཞི་འདིའི་ཆེད་ཨ་རིའི་རོགས་དངུལ་ཕོན་ཆེ་ཞིག་གཏོང་བཞིན་པའི་གནས་སྟངས་གང་ཡིན། དེ་བཞིན་ལས་གཞི་ཐོག་མཉམ་ཞུགས་གནང་མཁན་གྱི་གནས་སྟངས་ཇི་ཆགས་སོགས་ཀྱི་བཀའ་འདྲི་མི་ཉུང་བ་ཞིག་གནང་ཡོད།  འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་ཁྲོད་དེ་སྔ་ལོ་གཉིས་ཙམ་གོང་ལ་ཚོགས་ཞུགས་པ་རྣམས་ལ་བརྒྱ་ཆ་ ༧༠ ཆག་ཡང་གནང་བཞིན་ཡོད་ཀྱང་། དེ་ལྟའི་ཆར་སྤྱི་ཡོངས་ཀྱི་ཆག་ཡང་བརྒྱ་ཆ་ ༦༠ ཆགས་ཀྱི་ཡོད་པ་དང་། ལས་གཞིའི་ནང་ལ་མང་ཚོགས་ཀྱི་ཚོགས་ཞུགས་མང་དུ་གཏོང་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གཞན་ཁག་གི་ལས་འཆར་དང་མཉམ་རུབ་གནང་རྒྱུ་སོགས་ཀྱི་དགོངས་པ་བཞེས་མུས་ཡིན་སྟབས། སླད་མར་ཚོགས་ཞུགས་བའི་གྲངས་འབོར་དེ་སྟོང་ཕྲག་བཞི་བཅུ་ཙམ་ཟིན་ཚེ་སྒྲིག་འཛུགས་ནས་མ་དངུལ་ཕོན་ཆེ་ཞིག་གཏང་མི་དགོས་པར་རང་ཁ་རང་གསོའི་ཐོག་བསྐྱོད་ཐུབ་པར་རེ་བ་གནང་བཞིན་ཡོད་པ་གསུངས་ཡོད།ལས་གཞི་འདིའི་ཁྲོད་སྨན་བཅོས་ཀྱི་ཆག་ཡང་ཐོབ་པའི་མ་དངུལ་དེ་དག་ཉིན་གྲངས་བཅོ་ལྔའི་ནང་ཚུད་ལ་དོ་བདག་སོ་སོར་ཕྱིར་ལོག་ཐུབ་པ་གནང་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ནས་འདི་ལོ་བར་ཚོགས་ཞུགས་གྲངས་འབོར་ལ་གཞིགས་ཚེ་ལོ་རེ་བཞིན་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་ནང་ཞུགས་མཁན་མང་དུ་འགྲོ་བཞིན་ཡོད་པ་གསུངས་ཡོད། སྒྲིག་འཛུགས་ཀྱི་ལས་གཞི་དེ་དག་ཚགས་ཚུད་དང་རང་ཁ་རང་གསོ་ཡོང་ཐབས་སུ་མང་ཚོགས་ནས་ཆ་ཤས་བཞེས་ཐུབ་དགོས་གལ་ཡིན་པའི་འབོད་སྐུལ་ཞུ་མཁན་སྤྱི་འཐུས་ཁག་གཅིག་བྱུང་ཡོད། ཚོགས་དུས་ཐོག་འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་ཁག་ཏུ་སྨན་པ་ཡོད་མེད་དང་། རྒྱུན་དུ་སློབ་གྲྭ་ཁག་ཏུ་བེུད་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་སློབ་གསོ། དེ་བཞིན་མ་དང་བྱིས་པའི་འཕྲོད་བསྟེན་དང་ལང་འཚོ་དར་བའི་འཕྲོད་བསྟེན། སེམས་ཁམས་འཕྲོད་བསྟེན་སོགས་ཀྱི་ཐོག་བཀའ་འདྲི་དང་འབོད་སྐུལ་ཞུ་མཁན་བྱུང་ཡོད་པ་ལྟར། བཀའ་བློན་མཆོག་གིས་དེ་སྔ་བོད་པའི་སྤྱི་ཚོགས་ནང་སྨན་པ་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་། ད་ལྟའི་ཆར་ལ་དྭགས་བྱང་ཐང་ཕུད་པའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་སྨན་ཁང་ཚང་མར་སྨན་པ་ཡོད་པ་མ་ཟད། སྨན་པ་རྣམས་ལ་དགོས་ངེས་ཀྱི་ཟབ་སྦྱོང་དང་མཐུན་རྐྱེན་སོགས་གང་ཐུབ་སྐྲུན་བཞིན་ཡོད་པ་གསུངས་སོང་། འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་རྩིས་ལས་དོན་སོགས་དང་འབྲེལ་བཀའ་བློན་མཆོག་ནས་འཕྲོད་བསྟེན་ལས་ཁུངས་དང་བདེ་ལེགས་སྨན་ཁང་། དེ་བཞིན་ཨ་རི་ John Hopkins Medicine སོགས་མཉམ་འབྲེལ་གྱིས་བོད་པའི་སྤྱི་ཚོགས་ཁྲོད་གློ་ནད་གཙང་སེལ་གྱི་ལས་གཞི་སྤེལ་མུས་དང་། མཆིན་པའི་གཉན་ཚད་དང་ནད་རྟགས་དཔྱད་ཐབས། སྨན་གཅོས་སོགས་ཀྱི་ཐོག་ཤུགས་སྣོན་གང་ནུས་རྒྱག་བཞིན་པ་སོགས་གསུངས་ཡོད། སྤྱི་འཐུས་རྣམ་པས་བགྲོ་གླེང་གི་ཆ་ཤས་དང་བློན་མཆོག་གི་ལན་འདེབས་གསལ་བཤད་ཁག་གྲུབ་མཚམས་སུ་འཕྲོད་བསྟེན་ལས་ཁུངས་ཀྱི་དམིགས་བསལ་འགྲོ་གྲོན་སྒོར་འབུམ་ ༧༦,༨༠༨,༠༡༠ དང་ཟུར་བཀོལ་མ་དངུལ་ ༡༢༩,༥༣༡,༧༣༨ དེ་བཞིན་འཕྲོད་བསྟེན་ཁྱབ་ཁོངས་སྔོན་དགའ་སློབ་གྲྭ་དང་སྨན་ཁང་ཁག་གསུམ་གྱི་ཟུར་བཀོལ་མ་དངུལ་སྒོར་འབུམ་ ༥,༩༡༧,༠༤༢ བཅས་གཏན་འབེབས་གནང་ཡོད།

རྒྱ་གཞུང་ལ་༸སྐུའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་ཐོབ་ཐང་མེད།  

བཞུགས་སྒར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་སྐབས་བཅུ་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ལས་ཉིན་དྲུག་པའི་སྔ་དྲོའི་ཚོགས་དུས་ཐོག་འཛིན་སྐྱོང་དང་འབྲེལ་བའི་ལས་ཁུངས་ཁག་དང་། བདེ་སྲུང་ལས་ཁུངས་ཀྱི་ཁྱབ་ཁོངས་སྣེ་ལེན་འབྲེལ་མཐུད་ལས་ཁང་བཅས་ཀྱི་སྔོན་རྩིས་འགྲོ་གྲོན་གྱི་དགོས་དངུལ་མ་དངུལ་གཏན་འབེབས་ཟིན་མཚམས་སུ་ཆོས་རིག་ལས་ཁུངས་ཀྱི་དམིགས་བསལ་དང་ཟུར་བཀོད་མ་དངུལ་གཏན་འབེབས་དང་ལས་དོན་བཅས་ཀྱི་ཐོག་བགྲོ་གླེང་དབུ་འཛུགས་གནང་ཡོད་པ་རེད།སྐབས་དེར་བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་ཉེ་ཆར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ Geng Shuang ནས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ རྒྱ་ནག་གཞུང་གིས་གཏན་འདེབས་བྱས་པའི་བོད་ཀྱི་བླ་སྤྲུལ་ངོས་འཛིན་གནང་ཕྱོགས་ཀྱི་ཁྲིམས་སྒྲིག་དང་མཐུན་དགོས་སྐོར་བརྗོད་པ་དེར་ངོས་ལེན་ཞུ་ཐབས་མེད་པ་དང་། ལྷག་པར་དུ་རྒྱ་གཞུང་འདི་ཆོས་ལུགས་ཀྱི་ལམ་སྲོལ་དང་ལོ་རྒྱུས་བརྩི་མེད་རྡོག་རོལ་བཏང་མཁན་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་མི་བྱེད་མཁན། དེ་བཞིན་༸གོང་ས་མཆོག་ལ་གུས་བརྩི་མེད་མཁན་བཅས་ཆགས་ཀྱི་ཡོད་སྟབས། རྒྱ་གཞུང་ལ་༸སྐུའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་ཐོབ་ཐང་མེད་ཅེས་གསུངས་ཡོད།སྐབས་དེར་ཆོས་རིག་བཀའ་བློན་མཆོག་གིས་དབུས་པའི་སྤྱི་འཐུས་ཁག་གཅིག་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་བཞིན་པར་ངོས་ལེན་མེད་པའི་རྣམ་འགྱུར་ནན་པོ་ཆེད་བཏོན་གནང་སོང་།སྤྱི་འཐུས་ཁག་གཅིག་ནས་ཆོས་རིག་ལས་ཁུངས་ནས་ལོ་ལྟར་དགེ་བཤེས་མའི་མཚན་ཐོག་ལ་སྔོན་རྩིས་མ་དངུལ་འཕོན་ཆེན་པོ་ཞིག་ཞུ་བཞིན་པ་དེ་རིས་མེད་ཆོས་བརྒྱུད་ཁག་གི་བཙུན་མའི་བསླབ་པ་སློབ་གཉེར་ཐོག་གནང་གི་ཡོད་མེད་དང་། དགེ་བཤེས་མའི་ཕྱག་འཁྱེར་གནང་ཕྱོགས་སོགས་ཀྱི་ཐད་བཀའ་འདྲི་ཞུས་ཡོད་པ་དང་། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་བཀའ་ཤག་རིམ་པས་མིང་ཙམ་མ་ཡིན་པར་བཙུན་མའི་ཐོས་བསམ་སློབ་གཉེར་ཐོག་འབད་བརྩོན་གནང་ཡོད་པ་དང་། ད་ལྟའི་ཆར་སྤྱིར་གྲྭ་རྒྱུན་གྱི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་ཀྱང་བཙུན་མའི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། ཉེ་ཆར་དགེ་བཤེས་མ་ ༢༠ ལྷག་སྔགས་ཀྱི་གསན་བསམ་སློབ་གཉེར་ཐོན་ཡོད་པ་སོགས་ངོ་སྤྲོད་དང་སྦྲགས། ཆོས་རིག་ལས་ཁུངས་ནས་རིས་སུ་མ་ཆད་པའི་ཆོས་བརྒྱུད་སོ་སོའི་སློབ་གཉེར་དང་འཚམ་པའི་བཙུན་མའི་ལས་གཞི་ཚང་མ་ལ་གཅིག་མཚུངས་ཐོག་རོགས་སྐྱོར་ཞུ་མུས་ཡིན་པ་གསུངས་ཡོད།དེ་བཞིན་སྤྱི་འཐུས་ཁག་གཅིག་གིས་དགེ་བཤེས་མ་དང་འབྲེལ་བའི་ལས་དོན་སྤྱི་ཡོངས་ལ་བསྔགས་བརྗོད་དང་སྦྲགས། མ་འོངས་པར་དགེ་བཤེས་མ་དེ་དག་བཙུན་མའི་སྡེ་ཁག་དང་སྤྱི་ཚོགས་ཁྲོད་ནང་ཆོས་ངོ་སྤྲོད། དེ་བཞིན་ཆོས་བརྒྱུད་སྤྱི་འཐུས་ཀྱི་ཞབས་སྟེགས་སོགས་ཀྱི་ཐོག་ཕེབས་ཐུབ་པའི་རེ་སྨོན་ཞུ་མཁན་ཡང་བྱུང་ཡོད། ཆོས་རིག་ལས་ཁུངས་ཀྱི་སྔོན་རྩིས་ལས་དོན་སོགས་དང་འབྲེལ་ཏེ་ཆོས་རིག་ལས་ཁུངས་ནས་དེང་སྐབས་གྲྭ་ཁོངས་སུ་མེད་པའི་གྲྭ་བཙུན་རྣམ་པར་འཕྲོད་བསྟེན་དང་འཚོ་སྣོན་སོགས་ཀྱི་མཐུན་རྐྱེན་སྦྱོར་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་དགོངས་འཆར་དང་། བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ཏེ་ལོ་ངོ་ ༦༠ འཁོར་བའི་མཛད་རིམ་སྐོར། དེ་བཞིན་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་གཞི་ལག་བསྟར་གནང་ཕྱོགས་སོགས་ཀྱི་ཐད་བཀའ་འདྲི་ཞུ་མཁན་ཡང་བྱུང་ཡོད།  གཞན་ཡང་བགྲོ་གླེང་ཁྲོད་དོལ་རྒྱལ་གྱི་གནད་དོན་དང་དེ་བཞིན་ཆོས་རིག་ལས་ཁུངས་ཀྱི་གཞིས་ཆགས་དང་སློབ་གྲྭ་ཁག་ཏུ་ནང་ཆོས་ངོ་སྤྲོད་གནང་སྟངས་སོགས་ཀྱི་སྐོར་ལ་བཀའ་འདྲི་ཞུས་ཡོད་པ་རེད། དེ་རིང་སྔ་དྲོའི་ཚོགས་དུས་དང་པོ་ནས་ཉིན་རྒྱབ་ཚོགས་དུས་བཞི་པ་བར་དུ་བོད་མི་མང་སྤྱི་འཐུས་རྣམ་པ་པས་ཆོས་རིག་ལས་ཁུངས་ཀྱི་སྔོན་རྩིས་དང་ལས་དོན་གནང་ཕྱོགས་ཐོག་དྲི་བ་དྲིས་ལན་སོགས་གནང་གྲུབ་མཚམས་སུ་ཆོས་རིག་ལས་ཁུངས་ཀྱི་དམིགས་བསལ་འགྲོ་གྲོན་སྒོར་འབུམ་ ༦༦,༩༨༤,༤༥༠ གཏན་འབེབས་དང་། ཟུར་བཀོད་མ་དངུལ་མུ་མཐུད་སྒོ་ཕྱེ་བའི་ཐོག་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་དམིགས་བསལ་འགྲོ་གྲོན་དང་ཟུར་བཀོད་མ་དངུལ་གཏན་འབེབས་དབུ་འཛུགས་གནང་ཡོད།  

གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལོ་གཉིས་ཀྱི་རྗེས་སུ་དངུལ་ཁང་ཚད་ལྡན་ཞིག་ཏུ་འགྱུར་ཐུབ་པའི་དམིགས་ཚད་ཡོད།

དེ་རིང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་  ༥ པའི་ཚོགས་དུས་ ༢ པའི་ཐོག་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་ཁག་གི་སྔོན་རྩིས་ཐོག་བགྲོ་གླེང་གནང་སྐབས་སྤྱི་འཐུས་ཁག་གཅིག་ནས་སྔ་ལོར་དབུ་འབྱེད་གནང་བའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ད་ལྟའི་བཀའ་ཤག་སྐབས་དངུལ་ཁང་གི་ངོ་བོར་འགྱུར་ཐུབ་རྒྱུ་ཡིན་མིན་དང། མ་འོངས་པར་དངུལ་འཇོག་གི་ལམ་ཞིག་ཡོད་དམ། དེ་ལྟར་ཡོད་ཚེ་དེར་ཡིད་ཆེས་ཞུ་རུང་བ་ཞིག་ཡིན་མིན་སོགས་ཀྱི་དྲི་བ་ཁག་གཅིག་གནང་ཡོད།  སྐབས་དེར་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་འདི་བོད་མིའི་སྒྲིག་འཛུགས་ཀྱི་ཁེ་ཡོད་ཚོགས་པའི་ངོ་བོར་དེབ་སྐྱེལ་ཞུས་ཐུབ་པ་ཆེས་ཐོག་མ་ཆགས་ཡོད་པ་དང་། སྔ་ལོའི་ལོ་མཇུག་ཏུ་རྒྱ་གར་དངུལ་ཁང་ཆེན་མོ་ནས་ལོ་གཉིས་ཀྱི་རིང་བུན་གཏོང་གྱི་བཀའ་འཁྲོལ་ཐོབ་དོན་ལྟར་ལོ་གཉིས་ཀྱི་རྗེས་སུ་དངུལ་འཇོག་ཆོག་པའི་བཀའ་འཁྲོལ་ཞུ་རྒྱུའི་ལམ་ཡོད་པ་དང་། བཀའ་ཤག་གི་ངོས་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་འདི་ལོ་གཉིས་ཀྱི་རྗེས་སུ་དངུལ་ཁང་ཚད་ལྡན་ཞིག་ཏུ་འགྱུར་ཐུབ་པའི་དམིགས་ཚད་ཡོད་པ་དང་། དེའི་ཐོག་ལ་མང་ཚོགས་ནས་རྒྱབ་སྐྱོར་གནང་དགོས་པའི་རེ་སྐུལ་གནང་སོང་།དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་ཁག་གི་སྔོན་རྩིས་ཐོག་བགྲོ་གླེང་གནང་སྐབས་སྤྱི་འཐུས་ཤིག་ནས་བཙན་བྱོལ་སྒྲིག་འཛུགས་འདི་སྲ་བརྟན་གནས་པར་མིའི་ནུས་ཤུགས་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་སྟབས། སྒྲིག་འཛུགས་ནས་ལས་བྱེད་དགོངས་ཞུས་གནང་བའི་བརྒྱ་ཆ་གང་འདྲ་ཆགས་ཀྱི་ཡོད་མེད་དང་། ལོ་རེ་ནས་སྲི་ཞུ་བ་རྣམས་ཀྱི་གསོལ་ཕོག་སྤར་ཆ་གནང་སྟངས་དེ་གང་འདྲ་ཆགས་ཀྱི་ཡོད་མེད། གཞུང་འབྲེལ་མིན་པའི་ཚོགས་ཁག་གི་ནང་དུ་ཕྱག་ལས་གནང་བཞིན་པའི་བོད་རིགས་ན་གཞོན་དེ་དག་གི་མི་ཚེ་ལ་སྒྲིག་འཛུགས་ནས་གཟིགས་རྟོག་གནང་ཐུབ་ཀྱི་ཡོད་མེད་སོགས་ཀྱི་ཐོག་ལ་བཀའ་འདྲི་ཞུས་པར་དཔལ་འབྱོར་བཀའ་བློན་མཆོག་གིས་སྲི་ཞུ་བ་མང་དག་ཅིག་སྒེར་དོན་རྐྱེན་པས་དགོངས་པ་ཞུ་བཞིན་པར་བཀའ་ཤག་ནས་ཐུགས་འཚབ་ཆེན་པོ་གནང་བཞིན་སྐོར་གསུངས་པ་དང་། མུ་མཐུད་ཕྱག་ལས་གནང་བཞིན་པ་ལྟར་བཀའ་དྲིན་ཆེན་པོ་ཡིན་པ་དུས་རྟག་ཏུ་ཚོར་བཞིན་ཡོད་ཅེས་གསུངས་པ་དང་ཆབས་ཅིག སྲི་ཞུ་བ་རྣམས་སྒྲིག་འཛུགས་ནང་རྒྱུན་རིང་པོར་གནས་དགོས་གལ་ཡིན་པ་གསུངས་སོང་།ཁོང་གིས་ལས་བྱེད་ཚོའི་གསོལ་ཕོག་དེ་སྒྲིག་འཛུགས་གཞན་དང་བཙན་བྱོལ་བའི་གནས་བབས་ལ་གཞིགས་ཏེ་ཡག་ཐག་ཆོད་ཡོད་ཅེས་གསུངས་ཡོད་པ་དང་། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ལ་ལས་འཆར་རོགས་དངུལ་རྩ་བ་ནས་ཕུལ་ཐུབ་ཀྱི་མེད་ནའང་རིག་གཞུང་དང་ཤེས་ཡོན་སོགས་སྡེ་ཁག་ཁ་ཤས་ཤིག་ལ་དེ་སྔ་ནས་འབུལ་བཞིན་ཡོད་པ་ལྟར་མ་འོངས་པར་དབུལ་རྒྱུ་ཡིན་ཞེས་གསུངས་ཡོད།སྤྱི་འཐུས་ཁག་གཅིག་ནས་བཀའ་ཤག་གི་དམིགས་བསལ་ལས་བྱེད་ ༡༨ བསྐོ་གཞག་གནང་ཆོག་པའི་ཁོངས་སུ་གནས་སྤར་གྱི་གནད་དོན་དང་འབྲེལ་ནས་དེ་ཁྲིམས་མཐུན་ཆགས་ཀྱི་ཡོད་མེད་ཐོག་ལ་དོགས་འདྲི་དང་དམིགས་བསལ་ ༡༨ བསྐོ་གཞག་གི་ཁོངས་སུ་ས་གནས་འགོ་འཛིན་ཁག་གཅིག་ཡོད་པ་དབང་ལྡན་འགན་འཛིན་ཆགས་ཀྱི་ཡོད་མེད། དེ་བཞིན་བཀའ་ཤག་གིས་སོ་སོའི་ཁྱབ་ཁོངས་ཀྱི་བུད་མེད་རྣམས་ཆེད་བསྐོང་གིས་བུད་མེད་ཀྱི་ཉིན་མོ་ཞེས་སྲུང་བརྩི་ཞུ་བཞིན་པ་དེ་གནས་སྟངས་གང་འདྲ་ཞིག་ཆགས་ཀྱི་ཡོད་མེད་སོགས་ཀྱི་དྲི་བ་ཁག་གནང་ཡོད་པ་རེད།

ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བདམས་ཐོན་བཀའ་བློན་ལ་འོས་གྲངས་བརྒྱ་ཆ་ལོན་ཡོད་མེད་ཀྱི་འདྲི་རྩད་གནང་བ།

བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་སང་བདམས་ཐོན་བྱུང་བའི་བཀའ་བློན་སྟོབས་རྒྱལ་ཚེ་རིང་ལགས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་གནང་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༨༦ པའི་ནང་གསལ་ལྟར་ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ ༥༠ ལོན་ཡོད་མེད་ཀྱི་འདྲི་རྩད་གནང་འདུགཁ་སང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་བདུན་པའི་ལས་ཉིན་བཞི་པའི་ཐོག་བཀའ་བློན་འོས་འདེམས་གནང་སྐབས་བཀའ་བློན་འོས་མི་སྟོབས་རྒྱལ་ཚེ་རིང་ལགས་སུ་འོས་གྲངས་ ༢༡ ཐོབ་པའི་ཐོག་ནས་མང་མོས་ཀྱིས་བཀའ་བློན་དུ་བདམས་ཐོན་གནང་ཡོད་ཀྱང་། བཅའ་ཁྲིམས་དགོངས་དོན་ལྟར་ཁོང་ལ་ངོ་ཡོད་སྤྱི་འཐུས་ ༤༣ ལས་བརྒྱ་ཆ་ ༥༠ འི་རྒྱབ་སྐྱོར་ཐོབ་ཡོད་མེད་ཐོག་ལ་གླེང་གཞི་ཞིག་བྱུང་བ་མ་ཟད། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་སང་ཕྱི་དྲོ་བོད་མི་མང་སྤྱི་འཐུས་ལྷན་མཚོགས་ཀྱི་ཚོགས་གཙོ་སྦྲེལ་པོའི་མཚན་ཐོག་ཏུ་དེ་འབྲེལ་བཀའ་རྩད་ཅིག་ཀྱང་ཕེབས་འདུགཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་རྩད་དེ་དང་འབྲེལ་དེ་རིང་གྲོས་ཚོགས་ལས་ཉིན་ལྔ་པའི་སྔ་དྲོའི་གསོལ་ཇའི་བར་གསེང་དང་བསྟུན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ལ་བཅར་འདྲི་ཞུས་པར་ཚོགས་གཙོ་མཆོག་ནས་སྤྱི་འཐུས་ལྷན་ཚོགས་དང༌། དེའི་རྒྱུན་ལས་གཉིས་ཀར་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་འཛོམས་ན་ཚོགས་གཙོ་ཚོགས་གཞོན་འོས་བསྡུ་བྱ་རྒྱུའི་མཚོན་རང་རང་གི་ལས་དོན་བྱེད་པའི་དབང་ཆ་ཡོད། འོན་ཀྱང་སྤྱི་འཐུས་རྩ་འབོར་དང་ངོ་ཡོད་ཆ་བགོས་རྩིས་སྐོར་སྐབས་འཕྲོས་ལྷག་སྐར་ཆ་བརྩི་མ་དགོས་ཞེས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ ༤༩ པ་ལུང་འདྲེན་དང་སྦྲགས། ཁ་སང་བདམས་ཐོན་བྱུང་བའི་བཀའ་བློན་དེར་ངོ་ཡོད་སྤྱི་འཐུས་ ༤༣ ཡོད་པ་ནས་བརྒྱ་ཆ་ལྔ་བཅུ་དེ་ ༢༡ དང་སྐར་ཆ་ ༥༠ ཆགས་ཀྱི་ཡོད་ཀྱང་། སྐར་ཆ་བརྩི་དགོས་ཀྱི་མེད་སྟབས་བཀའ་བློན་ལ་འོས་བདམས་ཐོན་བྱུང་བར་ངོས་འཛིན་བྱས་པ་ཡིན་ཞེས་ལན་གནང་ཡོད་པ་གསུངས་སོང་། དེ་བཞིན་སྐབས་དེར་བཅར་བའི་གསར་འགོད་པ་ཁག་གཅིག་ནས་གསལ་བཤད་དེར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ངོས་བཞེས་མ་གནང་ཚེ་གང་གནང་གི་རེད་དམ་སོགས་བཀའ་འདྲི་ཁག་ཞུས་པར་ཚོགས་གཙོ་མཆོག་གིས་གྲོས་ཚོགས་ནས་འོས་འཕང་སྟངས་འགྲིག་དང་མ་འགྲིག བཀའ་མོལ་གནང་སྟངས་འགྲིག་དང་མ་འགྲིག ཁྲིམས་ཞིབ་ཁང་གང་གི་ཁྱབ་ཁོངས་ལ་མེད་པ་སོགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལུང་འདྲེན་གནང་བ་དང་འབྲེལ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ངོས་བཞེས་མ་གནང་ཚེ་བཅའ་ཁྲིམས་ཀྱི་ཁྱབ་ཚད་ཡོད་པ་དེར་དགོངས་པ་བཞེས་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། གྲོས་ཚོགས་ཀྱི་ངོས་ནས་བདམས་ཐོན་བྱུང་བར་ངོས་འཛིན་བྱས་ཡོད་ཅེས་གསུངས་སོང་། གཞི་རྩའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཞེ་དྲུག་པ། སྤྱི་འཐུས་ཀྱི་དམིགས་བསལ་ཐོབ་ཐང་གི་ནང་གསེས་དང་པོར་སྤྱི་འཐུས་སུ་རུང་ནས་སྤྱི་འཐུས་ལྷན་ཚོགས་སམ། དེའི་ཚོགས་ཆུང་གང་རུང་ནང་གྲོས་མོལ་གླེང་ཕྱོགས་དང༌། འོས་བསྡུ་བྱེད་སྟངས་འགྲིག་མིན་གྱི་སྐོར་ལ་སུས་ཀྱང་ཁྲིམས་ཞིབ་ཁང་དུ་ཞུ་གཏུགས་མི་ཆོག་ཞེས་དང་། དོན་ཚན་ང་བརྒྱད་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པ་ཞེས་པ་ཞེས་པའི་ནང་ལ། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག དེ་བཞིན་ལྷན་ཚོགས་ཀྱི་འགྲོ་ལུགས་དང༌། སྒྲིག་གཞི་བཟོ་འགོད་བཅས་ཀྱི་ཆེད་བཅའ་ཁྲིམས་འདི་ཐོག་ནས་སྤྲད་པའི་དབང་ཚད་ལག་བསྟར་བྱེད་ཕྱོགས་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་སུ་ཡང་ཁྲིམས་ཞིབ་ཁང་གང་གིའང་ཁྱབ་ཁོངས་སུ་མེད་ཅེས་འཁོད་ཡོད། དེ་རིང་ཚོགས་གཙོ་མཆོག་ལ་བཅར་འདྲི་ཞུས་ཟིན་མ་ཐག་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གནད་དོན་འདི་དང་འབྲེལ་བཅར་འདྲི་ཞུ་ཕྱིར་བཅར་ཡོད་ཀྱང་དེའི་ཐོག་ལ་གང་ཡང་གསུང་རྒྱུ་མེད་ཅེས་གསུངས་སོང་། ད་ལྟའི་ཆར་བདམས་ཐོན་བཀའ་བློན་སྟོབས་རྒྱས་ཚེ་རིང་ལགས་ནས་ཆེས་མཐོའི་ཁྲིམས་ཞིབ་པའི་དྲུང་ནས་ལས་ཁུར་དང་གསང་རྒྱའི་དམ་འབུལ་ཞུ་རྒྱུ་ལྷག་ཡོད་པ་རེད།

བོད་རྒྱ་འབྲེལ་མོལ་ཐོག་འཐུས་ཤོར་སོང་བར་ངོས་འཛིན་བྱེད་ཀྱི་མེད།

དེ་རིང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་  ༤ པའི་ཚོགས་དུས་དང་པོའི་ཐོག་སྲོད་སྐྱོང་མཆོག་ལ་བོད་རྒྱ་འབྲེལ་མོལ་དང་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་སྐར་རྟགས་ཅན་གྱི་དྲི་བ་གཉིས་ཕུལ་ཡོད་པ་རེད།བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་སྐར་རྟགས་ཅན་གྱི་དྲི་བ་གཉིས་གནང་བ་ལས་གཅིག་སྲིད་སྐྱོང་མཆོག་གིས་བོད་རྒྱ་འབྲེལ་མོལ་དེ་ཕྱི་ལོ་ ༢༠༡༠ ལོ་ནས་ཆད་པ་རེད་ཅེས་གསུངས་ཡོད་པ་དང་། དེ་བཞིན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་དེ་མིན་འབྲེལ་ཡོད་ཁག་གིས་ཕྱི་ལོ་ ༢༠༡༡ ལོ་ནས་འབྲེལ་མོལ་ཆད་ཡོད་སྐོར་གསུང་བཞིན་ཡོད་པ་ལྟར་དེ་གཉིས་ལས་གང་བདེན་མིན་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་ཕྱི་ལོ ༢༠༡༠ ལོའི་ཕྱི་ཟླ་དང་པོ་ནང་བོད་རྒྱ་འབྲེལ་མོལ་གྱི་ཚོགས་འདུ་མཐའ་མ་དེ་གནང་བ་ནས་བཟུང་བོད་རྒྱའི་སྐུ་ཚབ་དབར་བསྐྱར་དུ་འབྲེལ་མོ་བྱུང་མེད་སྟབས། དུས་དེར་འབྲེལ་མོལ་གྱི་མཚམས་ཆད་པར་ངོས་འཛིན་གནང་གི་ཡོད་སྐོར་གསུངས་ཡོད།སྲིད་སྐྱོང་མཆོག་གིས་དེ་ལས་འཕྲོས་ཏེ་བོད་མི་མང་སྤྱི་འཐུས་ཁག་གཅིག་ནས་བོད་རྒྱ་འབྲེལ་མོལ་མ་བྱུང་བའི་འགན་དེ་བཀའ་ཤག་གི་སྐབས་གང་ལ་ཡོད་མེད་སྐོར་བཀའ་འདྲི་ཞུས་སྐབས་དེ་སྔའི་བཀའ་ཤག་གིས་འབད་བརྩོན་གནང་དོན་ལྟར་ད་ལྟའི་བཀའ་ཤག་ནས་དེ་ལྟར་གནང་བཞིན་ཡོད་པ་ལས་འཐུས་ཤོར་སོང་བར་ངོས་འཛིན་རྩ་བ་ནས་གནང་གི་མེད་པར་བཀའ་ལན་གནང་བ་མ་ཟད། ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་བཀའ་ཤག་ལ་གནང་བའི་རྗེས་སུ་ཆབ་སྲིད་ཀྱི་འགན་དེའང་བཀའ་ཤག་ལ་ཡོད་པ་ལྟར་༸གོང་ས་མཆོག་གི་ཐུགས་སྣང་འོག་བཀའ་ཤག་གིས་ཕྱག་ལས་གནང་མུས་ཡིན་ཞེས་གསུངས་ཡོད།སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བདག་དབང་ཡོངས་རྫོགས་འཛིན་སྐྱོང་བཀའ་ཤག་གཅིག་པོར་ཡོད་པ་ལས་གཞན་སུ་ལའང་མེད་དམ་ཞེས་དང་དེ་བཞིན་མང་ཚོགས་ནས་མ་སྐུལ་དང་བླངས་ཀྱིས་ཚོགས་སྒེར་སུ་རུང་ནས་གཞུང་ལ་དབུ་འོག་དཔུང་འདེགས་གནང་ནས་འགན་ཁུར་གནང་ཚེ་འགྲིག་མིན་སྐོར་སྐར་རྟགས་ཅན་གྱི་དྲི་བ་ཕུལ་བར་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་དེ་བོད་རྒྱ་ཞི་མོལ་ཡོང་ཐབས་སླད་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན་པ་དང་ལག་བསྟར་གནང་རྒྱུའི་འགན་ཁུར་བཀའ་ཤག་ལ་ཡོད་སྟབས་དེའི་བདག་དབང་བཀའ་ཤག་ལས་གཞན་སུ་གང་ལ་མེད་པ་དང་མང་ཚོགས་ནས་དབུ་འོག་དཔུང་འདེགས་གནང་ཚེ་མ་འགྲིག་པ་མེད་ཅེས་གསུངས་སོང་། སྲིད་སྐྱོང་མཆོག་གིས་ད་དུང་བཀའ་ཤག་ནས་འགྲེལ་བཤད་གནང་བའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་གཞུང་འབྲེལ་ཆགས་ཀྱི་ཡོད་པ་དང་། ཚོགས་པ་གཞན་ཞིག་གིས་བཀའ་ཤག་གི་འགྲེལ་བཤད་ལས་བརྒལ་བའི་འགྲེལ་བཤད་གནང་ཚེ་དེ་བཀའ་ཤག་གི་འགྲེལ་བཤད་དེ་འགྲིག་པར་ངོས་འཛིན་དགོས་གནད་ཡིན་པ་གསུངས་ཡོད།རྩ་བའི་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་ ༤ པའི་ཚོགས་དུས་དང་པོའི་ཐོག་སྐར་རྟགས་ཅན་གྱི་དྲི་བར་ལན་འདེབས་གྲུབ་མཚམས་སུ་བཀའ་ཤག་སྐབས་ ༡༥ ནང་བཀའ་བློན་འཕར་མ་ཞིག་བསྐོ་གཞག་དང་། དེ་རྗེས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་དོན་གཅོད་ཁག་གི་སྔོན་རྩིས་ཐོག་བགྲོ་གླེང་མུ་མཐུད་གནང་ཡོད་པ་རེད།
00:08:59

བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་མང་མོས་ཀྱིས་བཀའ་བློན་དུ་བདམས་ཐོན་གནང་བ།

སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བཞི་པའི་ཐོག་སྲིད་སྐྱོང་བློ་བཟང་སེང་མཆོག་གིས་ད་ལྟའི་བཀའ་དྲུང་ལས་ཐོག་སྟོབས་རྒྱལ་ཚེ་རིང་ལགས་བཀའ་ཤག་སྐབས་ ༡༥ པའི་བཀའ་བློན་དུ་མཚན་འདོན་གནང་དོན་བཞིན་ཁོང་ལ་མང་མོས་ཀྱིས་བཀའ་བློན་དུ་བདམས་ཐོན་གནང་སོང་།དེ་རིང་ཟླ་ ༣ ཚེས་ ༢༢ ཉིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བཞི་པ་དབུ་འཛུགས་གནང་བ་དང་འབྲེལ། བོད་རྒྱ་འབྲེལ་མོལ་དང་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་སྐར་རྟགས་ཅན་གྱི་དྲི་བ་དང་ལན་འདེབས་ཀྱི་ལས་རིམ་གྲུབ་རྗེས། སྲིད་སྐྱོང་མཆོག་གིས་གྲོས་ཚོགས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༢༡ པའི་དགོངས་དོན་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་བཀའ་བློན་གྱི་འོས་མིར་མཚན་འདོན་གནང་ཡོད་པ་རེད། སྲིད་སྐྱོང་མཆོག་གིས་བཀའ་བློན་གྱི་འོས་མི་ངོ་སྤྲོད་གནང་གྲུབ་རྗེས་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་རང་ཉིད་ཀྱི་ལངས་ཕྱོགས་དང་ལྟ་གྲུབ་གཞིར་བཞག་ཐོག་ནས་དགག་བྱ་གནང་ཡོད་སྟབས། མཛོང་ཁ་སྟོབས་རྒྱལ་ཚེ་རིང་ལགས་སུ་སྤྱི་འཐུས་རྣམ་པས་གསང་བའི་འོས་ཤོག་འཕངས་རྗེས་སྤྱི་འཐུས་རྩ་འབོར་ ༤༣ ནས་འོས་པ་ ༢༡ དང་མི་འོས་པ་ ༡༨ སྟོང་པ་ ༢ དང་རྩིས་མེད་ ༡ བཅས་མང་མོས་ཐོག་ནས་སྐབས་ ༡༥ པའི་བཀའ་ཤག་ལྷན་ཚོགས་ཀྱི་བཀའ་བློན་དུ་བདམས་ཐོན་བྱུང་ཡོད་པ་རེད།སྤྱི་འཐུས་རྣམས་ནས་འོས་ཤོག་མ་འཕང་གོང་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ད་ལྟའི་བཀའ་བློན་འོས་མི་འདི་ལ་དགག་པ་གནང་མཁན་སྤྱི་འཐུས་གཅིག་བྱུང་ཡོད་ཀྱང་། ད་ལྟའི་བཀའ་དྲུང་ལས་ཐོག་སྟོབས་རྒྱལ་ཚེ་རིང་ལགས་ཐེགས་པ་རིམ་འཛེམས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ནང་ལ་ཕྱག་ལས་ཡུན་རིང་གནང་མཁན་ལྷག་བསམ་ཅན་ཞིག་ཡིན་པ་དང་ཁོང་ལ་བཀའ་བློན་གྱི་འོས་ཆོས་ཚང་ཡོད་སྐོར་ནན་གསུངས་གནང་ཡོད།གསར་འགོད་པས་བཀའ་དྲུང་ལས་ཐོག་སྟོབས་རྒྱལ་ཚེ་རིང་ལགས་སུ་བཀའ་བློན་དུ་བདམས་ཐོན་བྱུང་བ་དང་འབྲེལ་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་རིང་མིན་ཕྱི་ཟླ་དྲུག་པའི་ཟླ་མཇུག་ཙམ་ལ་ཁོང་གི་རྒས་ཡོལ་འཕར་འགྱངས་ཀྱི་དུས་ཚོད་རྫོགས་ཀྱི་ཡོད་སྟབས། སྲིད་སྐྱོང་མཆོག་ནས་ཁོང་བཀའ་ཤག་སྐབས་ ༡༥ པ་དབུ་འཛུགས་པ་ནས་ད་བར་བཀའ་དྲུང་གི་ཕྱག་ལས་གནང་མུས་ཡིན་པར་དགོངས་བཞེས་ཀྱིས་བཀའ་ཤག་སྐབས་ ༡༥ པའི་ཕྱག་ལས་གནང་རྒྱུ་ལྷག་བསྡད་ཁག་རྒྱུན་འཁྱོངས་གནང་དགོས་པར་བཀའ་ཕེབས་ལྟར་ངོས་བཞེས་གནང་ཡོད་སྐོར་གསུངས་སོང་།གཞི་རྩའི་མཛོངས་ཁ་སྟོབས་རྒྱལ་ཚེ་རིང་ལགས་ཕྱི་ལོ་ ༡༩༥༥ ཕྱི་ཟླ་ ༧ ཚེས་ ༡ ཉིན་འཁྲུངས་ཡོད་པ་དང་། ཕྱི་ལོ་ ༡༩༧༣ ལོར་རྒྱ་གར་རྒྱལ་ཡོངས་འབྲིང་རིམ་སློབ་གཉེར་ལེགས་པར་ཐོན་མ་ཐག་རང་གཞུང་གི་བཀའ་འབྲེལ་ལྟར་ཐོག་མར་བལ་ཡུལ་ཤར་ཁུམ་བུ་སློབ་གྲྭར་ལོ་བཞིའི་རིང་དགེ་ཆེ་གནང་བ་དང་། དེ་རྗེས་མུ་མཐུད་གཞུང་ཞབས་ལས་གནས་སུ་ཞུགས་པ་ལྟར་ད་བར་སྲི་ཞུའི་ལས་འགན་ཐོག་ལ་ཐེགས་པ་རིམ་འཛེགས་ཀྱིས་རྩིས་པ་དང་། དྲུང་ཡིག བཟོ་མགོ མཉམ་དྲུང་། ལ་སྤྱི། ས་གནས་འགོ་འཛིན། ནང་སྲིད་དང་འཕྲོད་བསྟེན་གཉིས་སུ་གཟུང་དྲུང་དང་དྲུང་འཕར། ཤེས་རིང་དྲུང་ཆེ་བཅས་ཀྱི་ལས་འགན་ཞུས་ཡོད་པ་དང་། ད་ལྟ་བཀའ་དྲུང་ལས་ཐོག་ཡིན་པ་བཅས་ཁྱོན་མི་ལོ་ ༤༠ ལྷག་གི་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ཕྱག་ལས་གནང་བཞིན་ཡོད་པ་རེད།

བོད་སྤྱིའི་རྩ་དོན་ཆེད་དུ་རྒྱ་རིགས་གྲོགས་པོ་ག་ཚོད་མང་ན་ཡག་གི་རེད།

དེ་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་གསུམ་པའི་ཚོགས་དུས་ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་སྔོན་རྩིས་ཕྱོགས་བསྡོམས་གཏན་འབེབས་དང་དྲི་བ་དྲིས་ལན་སོགས་མུ་མཐུད་གནང་ཡོད། ཁ་སང་དང་དེ་རིང་བཅས་བགྲོ་གླེང་གནང་བའི་ཁྲོད་བོད་མི་མང་སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་ཀྱིས་ཉེ་ཆར་གཞུང་འབྲེལ་གསུམ་གཅུའི་དུས་དྲན་ཐོག་ཕེབས་པའི་རྒྱ་རིགས་སྐུ་མགྲོན་ཞིག་ནས་སོ་སོའི་ཁེ་ཕན་ལ་དམིགས་ཏེ་གནས་ཚུལ་རྫུན་བཟོས་ཀྱིས་ཁྱབ་སྤེལ་བྱས་ཡོད་པ་སོགས་འགྲེལ་བརྗོད་གནང་བ་དང་སྦྲགས། མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་མི་དང་འབྲེལ་བ་གནང་སྐབས་རྒྱ་མི་དེ་དག་གི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་སོགས་ཀྱི་ཐོག་དོ་སྣང་གཟབ་ནན་གནང་དགོས་སྐོར་གསུངས་ཡོད་པ་རེད། གནད་དོན་དེ་ལས་འཕྲོས་ཏེ་སྤྱི་འཐུས་གཞན་ཁག་གཅིག་གིས་རྒྱ་རིགས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་གྲངས་འབོར་ལས་སྤུས་ཚད་གནད་ཆེ་ཡིན་པ་སོགས་ཀྱི་དགོངས་ཚུལ་གནང་ཡོད།སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་མཆོག་གིས་འདི་ལོའི་གསུམ་བཅུའི་དུས་དྲན་ཐོག་ཕེབས་པའི་རྒྱ་རིགས་རྣམས་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་རང་ངོས་ནས་ཆེད་མངགས་འགྲོ་གྲོན་གནང་ནས་ཕེབས་པར་སྒྲིག་འཛུགས་ཀྱི་ངོས་ནས་ཕེབས་བསུ་ཞུས་ཡོད་པ་དང་། སྤྱིར་བོད་མིའི་སྒྲིག་འཛུགས་ནས་རྒྱ་རིགས་གྲོགས་ཕོ་མོ་སུ་འདྲ་ཞིག་དགོས་མིན་གྱི་ཆ་རྐྱེན་སོགས་བསྐྲུན་ཐབས་མེད་པ་དང་། བོད་སྤྱིའི་རྩ་དོན་ཆེད་དུ་རྒྱ་རིགས་གྲོགས་ཕོ་མོ་དགོས་པ་མ་ཟད་དེའང་ག་ཚོད་མང་ན་ཡག་གི་རེད་ཅེས་གསུངས་ཡོད། དེ་བཞིན་ཕྱི་དྲིལ་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་སྤྱི་འཐུས་ཁག་གཅིག་གིས་བོད་མིའི་སྒྲིག་འཛུགས་ནས་དབུ་མའི་ལམ་གྱི་ཟབ་སྦྱོང་དང་འབྲེལ་ལོ་ལྟར་གཏོང་བཞིན་པའི་མ་དངུལ་དང་དེའི་གྲུབ་འབྲས་ཇི་ཙམ་ཐོན་ཡོད་མེད་ཐོག་བཀའ་འདྲི་ཞུས་པ་མ་ཟད། ལ་ལས་དབུ་མའི་ལམ་དང་རང་བཙན་གང་ཡིན་ཀྱང་རྩོད་ས་དེ་རྒྱ་ནག་ཡིན་པ་མ་ནོར་བ་གནང་དགོས་གལ་ཡིན་པ་སོགས་གཞེན་སྐུལ་གནང་ཡོད།སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་འདི་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན་པ་དང་། དེ་ལག་བསྟར་གནང་རྒྱུ་འཛིན་སྐྱོང་བཀའ་ཤག་ལ་འགན་ཡོད་པ་བཞིན་ཕྱག་ལས་གནང་མུས་ཡིན་པ་སོགས་གསལ་བཤད་དང་འབྲེལ། སྒྲིག་འཛིགས་ཀྱིས་ད་བར་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་ཕྱིར་དཔེ་དེབ་དང་བརྙན་ཐུང་སོགས་འགྲེམ་སྤེལ་བརྒྱུད་མང་ཚོགས་ཁྲོད་གོ་རྟོགས་རྒྱ་ཆེ་སྤེལ་ཡོད་པ་མ་ཟད། དབུ་མའི་ལམ་གྱི་ཟབ་ཁྲིད་གནང་མཁན་ཚོ་ཡང་དབུ་མའི་ལམ་ལ་ངེས་པ་རྙེད་པ་ཤ་སྟག་ཆགས་ཡོད་པར་གསུངས་ཡོད།གཞན་ཡང་བགྲོ་གླེང་ཁྲོད་ད་བར་བོད་མིའི་སྒྲིག་འཛུགས་ནས་བསྐོང་ཚོགས་གནང་བའི་ལྔ་དང་ལྔ་བཅུའི་ཚོགས་འདུ་ཁག་གི་གྲུབ་དོན་གང་ཡིན་དང་། མ་འོངས་པར་མུ་མཐུད་ལྔ་དང་ལྔ་བཅུའི་ཚོགས་འདུ་ཚོགས་འཆར་ཡོད་མེད་སོགས་སྤྱི་ཡོངས་ཐོག་བཀའ་འདྲི་ཞུས་པ་དང་། སྲིད་སྐྱོང་མཆོག་ནས་ད་རེས་གྲོས་ཚོགས་མཇུག་སྒྲིལ་མ་ཟིན་པའི་སྔོན་ལ་ལྔ་དང་ལྔ་བཅུའི་ཚོགས་འདུ་དང་འབྲེལ་བའི་སྙན་ཐོག་གྲོས་ཚོགས་སུ་འབུལ་ཐུབ་པ་ཞུ་རྒྱུ་དང་། ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་མུ་མཐུད་འཚོགས་རྒྱུ་ཡིན་པ་སོགས་གསལ་བཤད་དང་། ལྷག་པར་དུ་བདུན་ཕྲག་རྗེས་མའི་རེས་གཟའ་ལྷག་པའི་ཉིན་གྲོས་ཚོགས་སུ་ལྔ་དང་ལྔ་བཅུའི་ཚོགས་འདུ་དང་འབྲེལ་བའི་གསལ་བཤད་རྒྱས་པ་ཞིག་གནང་རྒྱུ་ཡིན་པ་གསུངས་སོང་།རྩ་བའི་ཁ་སང་ཉིན་རྒྱབ་ཚོགས་དུས་བཞི་པ་ནས་དབུ་འཛུགས་ཀྱིས་དེ་རིང་ཉིན་གང་རིང་སྤྱི་འཐུས་རྣམ་པས་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་སྔོན་རྩིས་ཕྱོགས་བསྡོམས་གཏན་འབེབས་དང་ལས་དོན་བཅས་ཀྱི་ཐོག་བགྲོ་གླེང་གནང་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ནས་རྒྱལ་ཚོགས་ཐོག་ལས་འགུལ་སྔར་ལྷག་སྤེལ་དགོས་པ། རྒྱ་ནག་གི་དྲྭ་ལམ་ཐོག་དྲྭ་འབུ་གཏོང་བཞིན་པར་དོགས་ཟོན་སོགས་གནད་དོན་མང་དག་ཅིག་གི་ཐོག་བགྲོ་གླེང་གནང་མཐར་ཕྱི་དྲིལ་ཁུངས་ཀྱི་དམིགས་བསལ་འགྲོ་གྲོན་སྒོར་འབུམ་ ༢༠༠༢༤༢༦༥ དང་། ཕྱི་དྲིལ་ལས་ཁུངས་ཀྱི་ཟུར་བཀོད་མ་དངུལ་འབུམ་ ༡༡༠༤༩༣༩༦ བཅས་གཏན་འབེབས་ཟིན་མཚམས་སུ་ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་། སྐུ་ཚབ་དོན་གཅོད་ལས་ཁུངས་ཁག་གི་ཟུར་བཀོད་དང་རྒྱུན་གྲོན། དམིགས་བསལ་བཅས་ཀྱི་མ་དངུལ་གཏན་འབེབས་དབུ་འཛུགས་གནང་ཡོད།

Latest news